མིག་གསུམ་པ།

        ཀྲུང་གོའི་བྱིས་སྒྲུང་གིས་བོད་ས་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་སྟེ་མི་དམངས་ལ་ཞབས་འདེགས་བསྒྲུབས་དང་བསྒྲུབ་བཞིན་པའི་རྒྱལ་ཁབ་ཀྱི་བྱ་བ་གཉེར་བའི་བོད་ཀྱི་ལས་བྱེད་པའི་ཕྲུ་གུ་མི་ཉུང་བ་ཞིག་ལ་བག་ཆགས་ཅི་འདྲ་བཞག་ཡོད་མེད་ལ་བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་བསམ་བློ་བཏང་མྱོང་ངམ། དེ་ནི་ངེས་པར་དུ་གླེང་དགོས་པའི་གནད་དོན་གཙོ་བོ་ཞིག་ཡིན།


སྤྱོད་བཟང་།

༡ རང་ས་རང་བདག
༢ མཐུན་སྒྲིལ།
༣ དེང་རབས་ཅན་གྱི་མི།

      གོང་གི་དོན་ཚན་འདི་དག་ནི་བཟང་སྤྱོད་ཀྱི་བྱ་བ་གལ་འགངས་ཆེན་པོ་ཞིག་ཡིན་མོད། ཀྲུང་གོའི་བྱིས་སྒྲུང་ནང་དུ་ཡང་དེ་ལྟར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བཤད་ཡོད། དཔེ་དང་དོན་གྱིས་མཚོན་ཚུལ་གྱི་ལམ་ནས་སློབ་གསོའི་རྨང་གཞི་ཡང་དག་ཅིག་ལོ་ཆུང་བྱིས་པའི་རྒྱུད་ལ་ས་བོན་ལྟར་འཇོག་གི་ཡོད། དཔེ་དང་དོན་གྱིས་མཚོན་ཚུལ་ནི་ཆེས་སྔ་མོ་ནས་བོད་ལ་ཡོད་པའི་རིག་གནས་ཤིག་ཡིན་ལ། འདི་ལྟ་བུའི་ལམ་ནས་ཁ་གསལ་གོ་བདེ་མོ། སྤྲོ་སྣང་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་བྱིས་སྒྲུང་འབྲི་ཐུབ་ན་ཤིན་ཏུ་བཟང་ངོ་སྙམ།


སྤྱོད་ངན།

༡ སྐད་ཡིག་དང་གྱེས་པ།
༢ མི་གཤིས་གཞན་དང་འདྲིས་པ།
༣ རང་བྱུང་ཁམས་ཆེན་པོར་བརྩེ་བ་མེད་པ།

      དངོས་པོ་གང་དང་གང་ཡིན་ཡང་དེ་ལ་ལེགས་པའི་ཆ་མི་ལེགས་པའི་ཆ་སྟེ་གཉིས་ཀ་འཛོམས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་འདོད་པ་མི་ཐམས་ཅད་ལ་མངོན་སུམ་དུ་གྲུབ་འདུག ད་ལྟའི་སྒྲུང་འབྲི་མཁན་དང་སྙན་ངག་པ། འཁྲབ་གཞུང་འབྲི་མཁན་ཕལ་ཆེ་བས་གཞན་སེམས་འགུགས་ཅི་ཐུབ་ཀྱིས་འཁྲབ་གཞུང་དང་བྱིས་སྒྲུང་སོགས་བྲིས་པ་རེད་འདོད། དེ་ནི་སྒྱུ་རྩལ་གྱིས་བསླུ་བྲིད་གཏོང་སྟངས་ཆེས་བླ་མེད་ཅིག་ཡིན་ནའང་ཐང་། དེ་དག་གིས་མི་རིགས་ཀྱི་དར་རྒུད་དང་མི་རིགས་ཀྱི་རིག་གནས་ཀྱི་གནས་བབ་ལ་འདང་མི་རྒྱག་སྟེ། མ་འོངས་འཕེལ་ཕྱོགས་ཀྱི་འཕོ་འགྱུར་ལ་དེ་བས་ཀྱང་འདང་ག་ལ་རྒྱག་པ་ཡིན། ཞེ་ནག་ཀླད་དམར་(光头强)ལྟ་བུའི་བྱིས་སྒྲུང་འབྲི་བ་ནི་ངལ་བའི་ཡོང་འབབ་ཅིག་ལ་དམིགས་ནས་བྲིས་པ་རེད་འདོད་བྱུང་།  དེང་གི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་ཚོས་བྱིས་སྒྲུང་འདིས་མཚོན་པའི་སྒྲུང་མང་བོ་ལ་བལྟས་ཡོད་པས།  སྐད་ཡིག་དང་མི་གཤིས། ཁོ་ར་ཁོར་ཡུག རྫ་རི་དང་ཆུ་ཕྲན། རང་བྱུང་ཁམས་ཆེན་པོ་ན་འཚོ་བསྡོད་བྱས་པའི་བྱ་དང་རི་དྭགས་ཐམས་ཅད་ལ་བརྩེ་དུང་ཡོད་མེད། སྔོན་དང་བསྡུར་ན་འགྱུར་བ་ཅི་འདྲ་ཐེབས་ཀྱི་ཡོད་པ་ལ་ཁྱིམ་བདག་ཚོས་བརྟགས་སམ་མ་བརྟག་པ་ཡིན།


ཡོད་པ་ནས་མེད་པ།

༡ གཉའ་ཁྲི་བཙན་པོ། (བྱིས་སྒྲུང་།)
༢ རྒྱལ་སྲས་གཞོན་ནུ། (བྱིས་སྒྲུང་འགྱུར་མ།)
༣ ཁེད། གནའ་བཤད། བྱིས་གླུ།

       འདི་དག་གིས་ད་ལྟའི་བྱིས་པ་ཚོར་ཕན་ནུས་འདོན་ཐུབ་བམ། བྱིས་པའི་བློ་སྒོ་འབྱེད་པའི་བྱིས་རྩོམ་འདིའི་རིགས་རྣམ་པ་གཞན་ལ་བསྒྱུར་ཏེ།  མིག་གིས་མཐོང་རྒྱུ་ཡོད་པ་རྣ་བས་ཐོས་རྒྱུ་ཡོད་པའི་དེང་གི་སློབ་གསོ་དང་བསྟུན་ཅི་ཐུབ། མི་རིགས་རང་གི་རིག་གནས་ཀྱི་སྙིང་བཅུད་གཞི་བཟུང་ནས་ལག་ཆ་འཚོལ་བསྡུ་དང་ཚན་རྩལ་དར་བའི་མི་རིགས་ཀྱི་རྗེས་སུ་འབྲངས་པ་བརྒྱུད་དེ་ད་གཟོད་བྱིས་སྒྲུང་བྲིས་ན་ལེགས། བྱིས་སྒྲུང་ནི་འཁྲབ་གཞུང་གི་རྣམ་པ་ལྟར་བྲིས་ན་དུས་དང་ཁེལ་བའི་ཆར་ཆུ་ལྟ་བུ་ཡིན། བོད་ནི་དཔེ་ཀློག་ལ་མི་དགའ་བས་དཔེ་ཆའི་ཁྲོད་ནས་བྱིས་པའི་བློ་སྒོ་འབྱེད་པ་ནི་རེ་བ་མེད་པའི་ཚོད་དུ་བསླེབས་ཀྱི་ཡོད་པ་འདྲ། དེང་རབས་ཅན་གྱི་མི་ལ་དེང་རབས་ཅན་གྱི་སློབ་གསོ་མཁོ་བ་ནི་བཤད་མ་དགོས་པ་རེད། བྱིས་པ་གང་ལ་མོས་པ་ཡོད་ན་དེ་ལ་འབད་ཅིང་ཐབས་གཞན་གྱི་སྒོ་ནས་བྱིས་པའི་བློ་འབྱེད་དགོས་པའི་སྐུལ་མ་བཏང་སྟེ་བྱིས་པའི་དགའ་ཕྱོགས་ལྟར་རྒྱབ་སྐྱོར་དང་རེ་བ་བཅངས་ན་འགྲུབ་དགོས་པ་ཞིག་འགྲུབ་འོང་བ་ལ་ཐེ་ཚོམ་མེད་དོ།།

༢༠༡༦ལོའི་ཟླ་༡༠བའི་ཚེས་༤ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d