Skip to content
༄༅། །ཀླུངས་ཤོད་རོང་གི་བང་སོ་ངོ་སྤྲོད་དང་། དེའི་གནས་སྟངས་མཐོང་ཐོས་དྲང་པོར་བརྗོད་པ།
གཟིགས་སྤྲུལ་མིང་པས།
ཀླུངས་ཤོད་རོང་ཞེས་པ་ནི། ཀླུང་རི་ཕྱུག་མོའི་ཤོད་དམ་གཤམ་དུ་གནས་པས་ན་ཀླུང་ཤོད་ཅེས་ཐོགས་ཟེར། གང་ལྟར་དེ་ལ་ཀླུངས་ཤོད་ཕུ་དང་མདའ་གཉིས་སུ་ཡོད་ཅིང་། ཀླུངས་ཤོད་ཕུ་ཕལ་ཆེར་ལྷུན་གྲུབ་རྫོང་ཕུ་མདོ་ཡུལ་ཤོག་དང་ངར་སྣང་ཡུལ་ཤོག་གཉིས་ཀྱི་ཁོངས་སུ་ཡོད་ལ། ཀླུངས་མདའ་མལ་དྲོ་གུང་དཀར་རྫོང་རྩ་ཞོལ་ཡུལ་ཤོག་ཁོངས་སུ་ཡོད། གནའ་དུས་ཤིག་ལ་ཀླུངས་ཤོད་ཆུ་རྒྱུད་འདིར་མི་འབོར་ཧ་ཅང་མང་ཞིང་ཆོས་སྲིད་ཀྱི་འདུ་གནས་གལ་ཆེན་ཞིག་ཆགས་ཡོད་བཟོ་འདུག་སྟེ། རི་ཀླུང་གང་སར་ཞིང་ཤུལ་དང་། རི་རྡོག་ཀུན་ཏུ་རྫོང་ཤུལ། བང་སོ། དགོན་ཤུལ་སོགས་བློ་ཡུལ་ལས་འདས་པ་འདུག
བང་སོ་ཞེས་པ་ནི། གནའ་རབས་བོད་དུ་མི་ཤི་བའི་རྗེས་སུ་རོ་སྦ་སའི་དུར་ཁང་བརྩིགས་པའམ། དུར་ཁུང་བྲུས་ནས་དེའི་ནང་རོ་སྦས་ནས་འཇོག་པ་ལ་ཟེར། ཀླུངས་ཤོད་དུ་མཆིས་པའི་བང་སོ་ཕལ་ཆེ་བར་རྡོ་རྩེག་གྲུ་བཞི་ནར་གཟུགས་ཅུང་ཟད་ཡོད་པ་རྒྱབ་པའི་ཕྱིར་སས་བཀབ་ནས་རི་ཆུང་དེའུ་འབུར་ཞིག་དང་འདྲ་བ་ལ། སྟེང་དུ་ངོས་སྙོམ་ནས་སྡིངས་ཆུང་འདྲ་བ་ཞིག་བཟོས་འདུག །འོན་ཀྱང་ཕལ་ཆེ་བ་ཐོག་རྡིབ་ནས་ཀོང་ཀོང་ཆགས་འདུག
འདི་ཀླུངས་ཤོད་ཕུའི་ལྷ་ཁང་གྲོང་ཚོའི་གླེ་སྐས་ཞེས་པའི་བང་སོ་ཡིན་ཅིང་། འདིར་ཕལ་ཆེར་བང་སོ་ཆེ་ཆུང་སུམ་ཅུ་ལྷག་འདུག་ཀྱང་ཕལ་ཆེ་བ་ཡུལ་བས་བསྔོགས་ཏེ་རྡོ་རྣམས་ཁང་པ་རྒྱག་ཡས་བྱས་འདུག །བང་སོ་ཆེ་བ་སྔོག་དུས་དུར་རྒྱགས་མཆོང་གཟི་དང་། མི་རུས། རྫ་ཆས་དོན་འདུག་ཟེར། ཆུང་བར་རུས་པ་ཙམ་མ་གཏོགས་དེ་ཙམ་དོན་རྒྱུ་མི་འདུག་ཟེར། ཆུང་བ་ཞིག་ལ་སྟེང་གི་ས་རྡོའི་འོག་ཏུ་མི་གཅིག་ཙམ་ཤོང་བའི་ས་བྲུས་ཏེ་རྡོ་གཡམ་གྱིས་བཀབ་འདུག་ཀྱང་དེའི་ནང་དུ་དངོས་པོ་ཅི་ཡང་མི་འདུག་ཟེར། ཕལ་ཆེ་བ་དེ་འདྲ་ཡིན་བཟོ་འདུག་ཟེར། དེ་ལ་གཞིགས་ན་བང་སོ་འགའ་ཞིག་གི་དུར་རྒྱགས་སྔོན་ནས་བཏོན་ཟིན་པ་འདྲ་འདུག །བང་སོ་ཆེ་བ་ཞིག་བསྔོགས་ཏེ་རྩྭ་ར་བསྐོར་འདུག་པས་རིང་ཚད་སྤྱི་ལེ་གཅིག་ཙམ་གྱི་རྡོ་རྩིག་འདང་འདུག །བང་སོ་སྔོག་ཤུལ་དུ་མི་རུས་མང་པོ་ད་ལྟའང་མཐོང་རྒྱུ་འདུག །ད་དུང་བང་སོ་ལྷག་མ་དག་སྔོག་པར་གདོན་མི་ཟ།
འདི་དག་ཀླུངས་ཤོད་གུ་རའི་བང་སོ་རེད། འདིར་ལུང་གཤོང་གཉིས་སུ་བང་སོ་ཆེ་ཆུང་སྣ་ཚོགས་ཉིས་བརྒྱ་ལྷག་འདུག་ལ་ཕལ་ཆེར་གཏོར་སྐྱོན་གཏང་མི་འདུག་ཀྱང་། ཐང་གཞུང་གི་བང་སོ་ཆེས་ཆེ་བར་གཏོར་སྐྱོན་ཅུང་ཟད་བཏང་འདུག །
འདི་ནི། ཀླུངས་ཤོད་ཕྱོ་རའི་ལྷས་གཙང་གི་བང་སོ་གནས་ཡུལ་རེད། འདིར་བང་སོ་དེ་ཙམ་མང་པོ་མི་འདུག་ལ། ཕལ་ཆེ་བ་ཁང་པ་རྒྱག་ཆེད་དུ་བསྔོགས་འདུག ། འོན་ཀྱང་ཆེས་ཆེ་བའི་བང་སོ་རེ་གཉིས་མ་ཉམས་པར་ལྷུན་ཆགས་ཀྱིས་གནས་འདུག་ཀྱང་གཏོར་སྐྱོན་གཏོང་བའི་ཉན་ཁ་ཤིན་ཏུ་ཆེ་འདུག
འདི་ནི་ཀླུངས་མདའ་རེའི་ནང་གི་བང་སོ་རེད། འདིར་སྔོན་ཆད་བང་སོ་ཤིན་ཏུ་མང་པོ་ཡོད་སྐད་འདུག་ཀྱང་མང་པོ་ཞིག་རྩ་གཏོར་བཏང་ནས་ཁང་ཞིང་བཟོས་འདུག །བང་སོ་དག་གཏོར་དུས་དུར་རྒྱགས་རྫ་ཆས་སྣ་ཚོགས་དང་། མི་རུས། ལྷ་སྐུ། རང་འཐག་སོགས་རྡོ་ཆས་སྣ་ཚོགས་བཅས་དོན་འདུག་ཟེར་ལ་རྡོ་ཆས་འགའ་ཤས་ད་ལྟའང་ལྷག་འདུག །རུས་པ་དེ་དག་ད་ལྟའི་མི་རུས་པ་ལས་ལྡབ་མང་པོས་ཆེ་བ་འདུག་ཟེར། ཐོག་མར་དོན་སྐབས་རྔ་མོང་གི་རུས་པ་ཡིན་པའི་ངོས་འཛིན་བྱས་ཀྱང་རྗེས་སུ་མིའི་མགོ་རུས་དངོས་སུ་དོན་དུས་མི་རུས་ཡིན་པར་ཤེས་ཤིང་མགོ་རུས་དེ་ད་ལྟའི་མིའི་མགོ་རུས་གཉིས་ཀྱི་ཚོད་ཙམ་འདུག་ཟེར།
འདི་ནི་དབྱི་བོ་དགོན་གསར་གྱི་ཐོད་དུ་ཡོད་པའི་ཆེས་ཆེ་བའི་གནའ་བོའི་བང་སོ་རེད། འདི་དག་དབྱི་བོ་དགོན་རྙིང་གི་ཤུལ་ཡིན་པར་ཟེར་ཡང་བང་སོ་ཤ་སྟག་ཡིན་པ་ལས་དགོན་ཤུལ་གཏན་ནས་མ་རེད། འདི་དག་རུས་རྒྱུད་ཚོ་བའི་མགོ་དཔོན་ནམ་སྟོབས་ཤིན་ཏུ་ཆེན་པོ་ཞིག་གི་བང་སོ་ཡིན་བཟོ་འདུག་སྟེ། བང་སོ་དེ་དག་ཤིན་ཏུ་ཆེ་ཞིང་རིའི་དེའུ་ཙམ་འདུག་པས་མི་སྟོང་ཕྲག་མང་པོས་བསྐྲུན་པ་ཡིན་བཟོ་འདུག །དེ་དག་ཟུར་དུ་བང་སོ་ཆུང་བའང་མང་པོ་འདུག །བང་སོ་ཆེ་ཆུང་ཕལ་ཆེ་བ་ཐོག་རྡིབ་འདུག་ལ། བང་སོ་མང་པོ་ཞིག་ལ་གཏོར་སྐྱོན་བཏང་འདུག་ཅིང་དེ་དག་ལས་རུས་པ་མང་པོ་དོན་འདུག་ཟེར་རོ།
མཇུག་མཐར་གནའ་ཤུལ་སྲུང་ཞིང་སྐྱོང་བའི་རིམ་ཁག་སྲིད་གཞུང་དང་། ཚོགས་པ། མི་སྒེར་བཅས་དང་། ད་དུང་གནའ་ཤུལ་དོ་སྣང་ཅན་གྱི་ཞིབ་འཇུག་པ་སོགས་ཀྱིས་སྲུང་སྐྱོབས་གང་ལེགས་དགོས་པའི་རེ་སྐུལ་དང་། དྲིལ་བསྒྲགས། ཞིབ་འཇུག །དོ་དམ་གང་ཡག་གནང་བའི་རེ་སྐུལ་དང་བཅས་ཏེ་ཕུལ།
ཡོང་ཁུངས་དྲ་བ་གཞན།
Like this:
Like Loading...