མགོ་ལོག་འཇིགས་མེད་ཀྱིས་ཞུ་གཏུགས་ལས་འགུལ།

རྨེའུ་དཀོན་རྒྱམ།

     ཨོ་སི་ཁྲོ་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་སིད་སུ་གནས་བཞུགས་ཆབ་སྲིད་བཙོན་ཟུར་གྲགས་ཅན་མགོ་ལོག་འཇིགས་མེད་ལགས་ཆེད་དུ་གདན་ཞུས་བྱས་ཏེ།  ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༩ ཉིན་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་གྲོང་ཁྱེར་གྱི་གནམ་ཐང་ལ་འབྱོར་སྐབས་སུ།  བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས། སྤྱི་ཟུར་སྒྲོལ་དཀར་སྐྱབས་སོགས་ཀྱིས་བོད་མི་མང་པོ་ཞིག་ནས་ཕེབས་བསུ་ཞུས། དེ་རྗེས་ཚེས་ ༡༡ ནས་ ཚེས་ ༡༢ བར་ཉིན་རིང་ཨོ་སི་ཁྲོ་ལེ་ཡའི་རྒྱལ་ས་ཁམ་བྷེ་ར་ནས་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན། དེ་བཞིན་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་རྣམས་ལ་མགོ་ལོག་འཇིགས་མེད་ལགས་ཁོང་རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་མྱོང་ཚོར་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཆོས་ལུགས་དད་མོས་རང་དབང་ཡོད་མེད། ད་ལྟའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་ནས་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་སྤེལ་སོང་།

       ཞུ་གཏུགས་ལས་འགུལ་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་སྐོར་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་འགྲེལ་བརྗོད་གནད་དོན། གཙོ་བོ་བོད་ནང་གི་གནས་སྟངས་ག་རེ་ཡོད་པ། ཇི་མ་ཇི་བཞིན་ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་རེ་ཡིན་པ་དངོས་ཡོད་གནས་ཚུལ་གྱི་ལམ་ནས་འགྲེལ་བཤད་གནང་སའི་སྡིངས་ཆ་ཞིག་བསྐྲུན་པ་ཡིན། གང་ཡིན་ན་ཟེར་ན། ད་སྐབས་ཨོ་སི་ཁྲོ་ལེ་ཡའི་གཞུང་ལ་རྒྱ་ནག་གཞུང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཧ་ལས་པའི་ཆེན་པོ་ཞིག་སླེབས་བསྡད་ཡོད་པ་རེད། དཔེར་ན། ཆབ་སྲིད་ཚོགས་པ་ཁག་ཡིན་ནའང་འདྲ། སློབ་གྲྭ་ཆེན་མོ་ཁག་ཡིན་ནའང་འདྲ། གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་། མདོར་ན་རྒྱ་གཞུང་གིས་ག་དུས་ཡིན་ན། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་བོད་ཀྱི་གནད་དོན་ཐད་ལ་འཁྱོག་བཤད་རྐྱང་རྐྱང་བྱས་དང་བྱེད་བཞིན་པ་ཡིན་དུས། ང་ཚོའི་ངོས་ནས་ཀྱང་དངོས་ཡོད་གནས་ཚུལ་གྱི་བདེན་པ་གང་ཡིན་པ་དེ་རྒྱུ་མཚན་ཡང་དག་གི་སྒོ་ནས་ཁུངས་སྐྱེལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག དེའི་ཕྱིར་ན། ཆབ་སྲིད་བཙོན་ཟུར་གྲགས་ཅན་མགོ་ལོག་འཇིགས་མེད་ལགས་སིད་སུ་ནས་ཆེད་དུ་གདན་འདྲེན་ཞུས་ནས་ཁོང་གི་མི་ཚེའི་མྱོང་ཚོར་དང་འབྲེལ་བའི་རིན་ཐང་ཅན་གྱི་ལོ་རྒྱུས་དེས་བོད་ནང་གི་གནས་སྟངས་ག་རེ་ཡིན་པ་གསལ་པོ་ཆགས་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་སོང་།

        ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཨོ་གླིང་གི་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཁག་སོགས་ལ་ཐེངས་དང་པོར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་སྐབས་ཀྱི་མྱོང་ཚོར་ག་རེ་བྱུང་མིན་བཅར་འདྲི་བྱེད་སྐབས་ཁོང་གིས་གསུང་དོན། ཚེས་ ༡༡ ཉིན་ཨོ་སི་ཁྲོ་ལེ་ཡའི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན་དང་དྲུང་ཆེ་སོགས་ལ་མཇལ་འཕྲད་ཞུས་ཏེ་ང་རང་ལ་རྒྱ་གཞུང་གིས་ལུས་སེམས་གཉིས་ལ་མནར་གཅོད་གཏོང་སྟངས་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། རྒྱ་གཞུང་གི་འོག་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་དང་ཆོས་ལུགས་དད་མོས་རང་དབང་མེད་སྐོར། འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཁྱམ་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུར་གཏོར་བཅོམ་བཏང་དང་གཏོང་བཞིན་པའི་གནས་བབ། དམིགས་བསལ་ཕྱི་ལོ་ ༡༩༨༦ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཨོ་སི་ཁྲོ་སི་ལེ་ཕེབས་ཏེ་བོད་དང་ཨོ་གླིང་གཉིས་ཀྱི་བར་ལ་མཛའ་འབྲེལ་ཧ་ཅང་ཡག་པོ་བྱུང་ཡོད་རེད་དེ། རྒྱ་གཞུང་གིས་བཙོན་དུ་བཅུགས་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལ་ཨོ་སི་ཁྲོ་ལ་ཡའི་གཞུང་གི་ངོས་ནས་ཐུགས་འགན་ག་ཚོད་བཞེས་ཀྱི་ཡོད་མེད་སྐོར་ནས་དྲི་བ་དྲིས་པ་ཡིན་ལ། དེང་སང་དཔལ་འབྱོར་གྱི་ཕྱོགས་ནས་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་རུང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། འདྲ་མཉམ་སོགས་རྩིས་མེད་རྡོག་རོལ་དུ་བཏང་ནས་རྒྱ་གཞུང་གི་དཔལ་འབྱོར་བསླུ་བྲིད་འོག་མི་ཚུད་པའི་འབོད་སྐུལ་ཞུས་ཡོད། ལྷག་པར་དེང་སང་རྒྱ་གཞུང་གིས་གཏོར་བཅོམ་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་ཆེན་གྱི་ཛ་དྲག་གི་གནས་བབ་སོགས་ཀྱི་ཐད་ནས་ཞུ་གཏུགས་གནང་ཡོད་སྐོར་གསུངས་སོང་།

          གཞན་ཡང་མགོ་ལོག་འཇིགས་མེད་ལགས་ཚེས་ ༡༣ ཉིན་ཨོ་སི་ཁྲོ་ལེ་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་ལ་མཇལ་འཕྲད་ཞུས་པ་དང་ཆབས་ཅིག་རྒྱལ་ས་ཁམ་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་བོད་མི་རྣམས་ལ་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་། ཡུལ་སྐོར་གྱི་ལྟེ་གནས་ཆེ་གྲས་རི་སྔོན་པོ་ཟེར་བའི་ས་གནས་དེར་བཞུགས་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ལ་ཚེས་ ༡༤ ཉིན་གསུང་བཤད་གནང་རྒྱུ་རེད་འདུག ཚེས་ ༡༥ ཉིན་གཟའ་སྤེན་པ་ལ་སེད་ནེ་གྲོང་ཁྱེར་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་འདུག

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s