སོག་རུ་མགོན་པོ་རྡོ་རྗེ།
རྩ་བའི་ཁྱད་ཆོས།
འུར་རྡོ་ནི་བོད་མི་རང་གིས་གསར་གཏོད་བྱས་པ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་དང་། རིག་གནས་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་དཔང་པོ། ལྷ་སྲུང་གི་ཕྱག་མཚན། གནོད་འགོག་གི་སྲུང་མདུད། ཕ་མེས་ཀྱི་ཤུལ་བཞག ཁྱིམ་རྒྱུད་ཀྱི་ནོར་བུ། དགྲ་ལྷ་འཁོར་བའི་རྟེན། རང་ལུས་སྲུང་བའི་གོ་ཆ། ཕས་རྒོལ་འཇོམས་པའི་མཚོན་ཆ། མཛེས་མའི་ལུས་རྒྱན། རྩེད་རོགས་ཀྱི་སེམས་རྟེན། བྱིས་པའི་རྩེད་ཆས་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད།
རིན་ཐང་དང་བེད་སྤྱོད།
འུར་རྡོ་ཞེས་པ་ནི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་སྤྱོད་སྒོ་ཆེ་བའི་དངོས་པོ་ཞིག་ཡིན། འགྲོ་གྲོན་ཆུང་ལ་སྤྱོད་སྒོ་ཆེ་བ། བེད་སྤྱོད་བྱེད་རྒྱུ་མང་བ། ལུས་ལ་བཅངས་ན་ཡང་ཞིང་མཛེས་པ། མདོར་ན་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་འགན་ལེན་ཐུབ་པ། ཐོན་སྐྱེད་ཀྱི་ཡོ་ཆས། མཐའ་མཚམས་སྲུང་སྐྱོབ་སོགས་ཀྱི་རིན་ཐང་ལྡན་ཡོད།
བེད་སྤྱོད་ནི་འུར་མཐིལ་དུ་རྡོ་སོགས་བཏུམས་ནས་ཀླད་ལ་བསྐོར་བ་ལན་འགའ་བྱས་ནས་དམིགས་འབེན་ལ་གཏད་ནས་འཕེན་པ་ཡིན། འུར་རྡོ་རྒྱག་མཁས་པ་དག་གིས་ག་ལེར་བསྐོར་ནས་འཕེན་དུས་འབེན་ལ་འཁེལ་བ། རྡོ་ཤུགས་ཆེ་བ། སྐད་སྒྲ་ཚ་བ་སོགས་ཀྱི་ཁྱད་ཆོས་དུ་མ་མངའ་ལ། དེ་བཞིན་ཁལ་དང་ནོར་ཆེ་བ། གཅན་གཟན། ཇག་རྐུན། དགྲ་བོ། འཕར་སྤྱང་སོགས་ལ་རྡོ་བེད་སྤྱོད་པ་དང་། ར་ལུག བེའུ། ལུ་གུ་སོགས་ལ་སྟོང་རྒྱག་བྱེད་པ། འུར་རྡོའི་ཕྱེད་ཀ་ལག་ནང་དུ་བཅངས་ནས་འུར་རྡེབ་ཅེས་ལྗགས་རྩེ་སྟོང་རྡེབ་བྱེད་པ། ཡང་ན་ལྕི་བ། སྤོ་ཐོ་སྐམ་པོ། ས་རྡོག་སོགས་བཏུམས་ནས་སྲོག་ཆགས་འགུགས་འདུལ་བྱེད་ཀྱིན་ཡོད།
འུར་རྡོའི་དབྱེ་བ།
གཙོ་བོའི་དབྱེ་བ་ལ། རྩིད་པའི་འུར་རྡོ་ནག་པོ། བལ་གྱི་འུར་རྡོ་དཀར་པོ། ར་རྩིད་པའི་འུར་རྡོ་སྔོན་པོ། མཛེས་པའི་འུར་རྡོ་ཁྲ་བོ། རྒྱུན་བུའི་འུར་རྡོ་ཁམ་སྐྱ། ཧེལ་ཀེའི་འུར་རྡོ་ཞགས་རིང་། རྒྱུ་ཆའི་ཡོངས་ཁུངས་ནི་ནོར། ལུག ར། གཙོད། འབྲོང་སོགས་ཀྱི་སྤུ་རིགས་རེ། གྲ། ཁུལ། ཁ་འཁྱིལ། བལ། རྩིད་པ། འུམ་བུ་སོགས་དང་། ཀོ་བ་རྙིང་བའི་ཨ་ཀྲད། ཀོ་བའི་རྒྱུན་བུ། པགས་རིགས་སྣ་ཚོགས་ཀྱི་ཧེལ་ཀེ་སོགས་རྒྱུ་ཆ་དུ་མ་ཡོད།
འུར་རྡོ་སྤྱི་ལ་ཚང་དགོས་པ།
དཔའ་ལུང་། ཨོལ་ཀྲོང་། ཁ་ཚར། ཡ་མཆོག མ་མཆོག འུར་མཐིལ། རྡོ་འགྲིམས། ལྗགས་ལུང་། ལྗགས་རྩེ་ཞེས་སྣ་ཁ་དགུ་པོ་ནི་འུར་རྡོ་སྤྱི་ལ་ཚང་དགོས།
བྱེ་བྲག་གི་དབྱེ་བ།
སུམ་ཅུའི་སོགས་བསླས། ཁྲ་བོ་ཚིག་དགུ། གཟི་རིལ་མིག་མང་། མདུད་པ་དགུ་སྒྲིལ། ང་བརྒྱད་དགུ་མདུད། བཞི་ཐིག་རིལ། དྲུག་ལྡན་དཀྱོག ཟིལ་མོ་སྒང་བསླས། ཤ་བོ་ལྟག་བསླས། གའུ་ཁ་སྦྱོར། བརྒྱད་བསླས། བཅུ་དྲུག་དགུ་སྒྲིལ། ཆུ་མིག་དགུ་མདུད། དཀར་ནག་མཉམ་སྒྲིལ། ཁྲ་རིང་། བརྒྱད་ཐིག་རིལ། བཅུ་གཉིས་ཐིག་རིལ། ཁྲ་ཆེན། ཁྲ་ཆུང་། བྱིས་མིག མིག་མ་ཁ་སྦྱོར། རྩ་བཞིའི་སོག་བསླས་སོགས་སྣ་ཁ་མི་འདྲ་བ་དུ་མ་ཡོད་འདུག་ལ། དེ་དག་སོ་སོའི་ཁྱད་ཆོས་ནི། ཕྲ་ལ་རིང་བ་རྒྱང་འགྲོ་བཟང་། །སྦོམ་ལ་ཧྲག་པ་རྡོ་ཤུགས་ཆེ། །ཐུང་ལ་མཉེན་པ་སྤྱོད་སྒོ་ཆེ། །ལྗགས་སྣེ་རིང་བ་སྐད་སྒྲ་ཚ། །དཀར་ནག་འདྲེས་པ་མིག་ལ་མཛེས། །གྲུ་བཞི་ཤོ་འདྲ་སྟག་ཤར་རྒྱན། །མིག་མང་ཁྲ་ཆུང་མཛེས་མའི་རྒྱན། །
ཡོང་ཁུངས་དྲ་བ་གཞན།