གེ་སར་རྒྱལ་པོ་འཁྲུངས་པའི་གནས་ལ་དཔྱད་པ།

ཚེ་རིང་ནོར་བུས། 

བསིལ་རིའི་ལྷུན་པོ་འདབ་སྟོང་བཞད་པའི་དབུས།།
ཞབས་ཟུང་འཁོར་ལོས་དབང་དུ་བསྒྱུར་བའི་མགོན།།
ལུགས་གཉིས་ཡོངས་གཟིགས་གཡུལ་ལས་ཡོངས་རྒྱལ་བའི།།
གངས་ལྗོངས་སྐྱོང་བའི་མི་དབང་ཕྱག་གི་ཡུལ།།
དངོས་བྱོན་དུས་རབས་གཅིག་གི་མི་སྣ་དང་།།
ཐ་སྙད་སྒྲུང་གཏམ་ཙམ་ཞེས་རྩོད་མོད་ཀྱང་།།
ལེགས་ཉེས་དཔྱད་པའི་ཤེས་རབ་མིག་ཡོད་ན།།
དངོས་དོན་ལྟ་བུའི་གནས་ལུགས་མཐོང་བར་ངེས།།


          དེའང་རླབས་ཆེ་བའི་སྙན་རྩོམ་རིང་མོ《  འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་།》   ཞེས་པ་ དེ་ནི་བོད་ཀྱི་ལོ་རྒྱུས་རིག་པའི་གར་སྟེགས་སྟེང་དུ་གཟི་བརྗིད་དང་དགེ་མཚན་བླ་ན་མེད་པ་མ་ཟད།   འཛམ་གླིང་གི་རིག་པའི་བང་མཛོད་ཁྲོད་དུའང་འོད་སྟོང་དཔལ་དུ་འབར་ཞིང་འཛུམ་ཟེར་ཕྱོགས་བརྒྱར་བཞད་པའི་སྒྲུང་གཏམ་ཕུན་སུམ་ཚོགས་པ་ཞིག་ཏུ་རྩི་གི་ཡོད་པ་སྟེ། དཔེར་ན་སྒྲུང་དཔེ་རྣམས་སུ་བཤད་པའི་གླིང་གེ་སར་རྒྱལ་པོ་དང་དཔའ་ཐུལ་ཕུ་ནུ་སུམ་ཅུའང་བརྒྱད་ཅུར་གྲགས་པ་དེ་རྣམས་ཀྱིས་ཕྱིའི་དགྲ་བཞི་འདུལ་ཚུལ་དང་། ནང་གི་འབངས་སྡེ་སྐྱོང་ཚུལ།དཀར་ཕྱོགས་བསྟན་པ་སྤེལ་ཚུལ་དང་ནག་ཕྱོགས་བདུད་སྡེ་བཅོམ་ཚུལ་སོགས་སྙན་ཞིང་ཡིད་དབང་འགུགས་པའི་རྣམ་ཐར་དེ་རྣམས་ལ་བརྟེན་ནས།  བོད་མི་རྒན་གཞོན་ཀུན་གྱི་འདུ་ཤེས་ཀྱི་ཁྱབ་ཁོངས་སུའང་ཤུགས་རྐྱེན་དྲག་པོ་ཐེབས་ཏེ། སྒྲུང་རྩོམ་དེ་རྣམས་ལ་ཡིད་ཆེས་དང་བརྩེ་དུང་ཟབ་མོ་བཅིང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་མཁས་པ་གང་མང་ཞིག་གིས་སྒྲུང་དཔེ་རྣམས་སུ་བཤད་པའི་གླིང་གེ་སར་རྒྱལ་པོ་ཞེས་པ་དེ་ནི་གནམ་རི་སྲོང་བཙན་ཡབ་སྲས་སམ། ཡང་ན་ཁྲི་སྲོང་སྡེ་བཙན་དང་།  སོག་རྒྱལ་ཇིང་གེར་ཧན།   རྒྱའི་དཔའ་བོ་ཆེན་པོ་ཀོན་ཡུན་ཁྲང་སོགས་གང་རུང་ཞིག་གི་རྣམ་ཐར་ལས་འཕྲོས་པའི་སྒྲུང་གཏམ་ཙམ་ལས།  དངོས་སུ་བྱོན་མྱོང་བའི་ལོ་རྒྱུས་མི་སྣ་ཞིག་མིན་ཚུལ་བཞད་པ་སྟེ།  མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་།  གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་།།  གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད་ཞེས་གནའ་སྒྲུང་ངམ་ལྷ་སྒྲུང་ལྟ་བུ་ཞིག་ངོས་འཛིན་གནང་བ་ལས་དངོས་སུ་བྱོན་མྱོང་བའི་ སྐོར་ལ་དགག་པ་མང་དུ་བྱས་མོད།   འོན་ཀྱང་ང་ཚོས་ཅུང་ཙམ་བསམ་གཞིགས་བྱེད་དགོས་པ་ཞིག་ནི།    གནའ་ནས་དར་བའི་ལོ་རྒྱུས༼རླངས་ཀྱི་པོ་ཏི་བསེ་རུ༽ ༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།༽ ༼མགོ་ལོག་རུས་མཛོད།༽ ༼སྡེ་དགེ་རྒྱལ་རབས།༽ ༼མདོ་སྨད་ཆོས་ འབྱུང་།༽ ༼སྡེ་དགེ་ཆོས་འབྱུང་།༽ ༼དྲིས་ལན་བརྒྱ་རྩ།༽ ༼བདུད་འཛོམས་ཆོས་འབྱུང་།༽ སོགས་ལས་གེ་སར་ལོ་རྒྱུས་ཅུང་ཙམ་གསལ་རྒྱས་བསྟན་པའི་དབང་གིས་ཕྱིས་བྱོན་མཁས་པ་དུ་མས་ཀྱང་། ལོ་རྒྱུས་དཔྱད་རྩོམ་དུ་མ་ནས་གླིང་རྗེ་གེ་སར་ནི་བོད་སིལ་བའི་དུས་ཀྱི་རྒྱལ་ཕྲན་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་བྲིས་ཡོད་པ་དང་།  དེར་བརྟེན་རྒྱལ་ཕྱི་ནང་གི་མཁས་པ་དུ་མས་ཀྱང་ལོ་རྒྱུས་ཡིག་ཚོགས་སྤྲོས་ནས་བཤད་ཚུལ་དེ་ཞིབ་རྒྱས་བསྟན་ཡོད་པ་མ་ཟད།  སྤྱི་ལོ 1998ལོར་པར་དུ་བསྐྲུན་པའི་ ༼བོད་ལྗོངས་ཞིབ་འཇུག༽ གི་དུས་དེབ་གཉིས་པའི་ནང་༼གླིང་གེ་སར་ནི་བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་མི་སྣ་ ཞིག་ཡིན༽ཞེས་པའི་དཔྱད་རྩོམ་དུའང་རྒྱལ་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་།ཇིང་ གིར་ཧན་སོགས་རེ་རེ་ནས་མིན་ཚུལ་གྱི་དགག་བཞག་ཚད་ལྡན་བྱས་པ་མ་ཚད།བཤད་ཚུལ་དེའང་ ལུང་དང་རིགས་པ་གཉིས་ཆར་གྱིས་བྲིས་པ་ལས་གང་ཤར་དུ་བྲིས་པ་ཞིག་གཏན་ནས་མིན། དཔེར་ན༼དྲིས་ལན་བརྒྱ་རྩ༽ ལས་ཀྱང་དེ་ལྟར་གླིང་གེ་སར་དངོས་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་ཡུལ་མདོ་ཁམས་ཀྱི་རྫ་ཆུ་ཁར་སྐུ་འཁྲུངས་ཤིང་། ཕྱིས་རྨ་ཡུལ་ཏེ་ད་ལྟའི་མགོ་ལོག་ས་ཆར་གཞིས་ཆགས་ཏེ་ཡུལ་གྲུ་དེ་ཀུན་ལ་དབང་མཛད་པས་སྙན་གྲགས་ཅུང་ཟད་རྒྱས་པ་ཞིག་བྱུང་ཞེས་གསལ་རྒྱས་སུ་སྤྲོས་ཡོད་པ་དང་།དེ་བཞིན་མཁས་དབང་ ནམ་མཁའི་ནོར་བུའི༼གསུང་འབུམ་ཕྱོགས་བསྒྲིགས༽དང་རྒྱལ་མོ་འབྲུག་གི་༼བོད་ཀྱི་ ལོ་རྒྱུས་གླེང་བའི་གཏམ་༽དང་༼བོད་ལྗོངས་ཞིབ་འཇུག༽༼བོད་ཀྱི་ཤེས་རིག་ཞིབ་འཇུག་ ཆེད་རྩོམ་བདམ་བསྒྲིགས༽སོགས་དང་གོང་ཞུས་ཀྱིས་ཆོས་འབྱུང་དེབ་ཐེར་རྣམས་སུ་ཁོང་གི་འཁྲུངས་དུས་དང་འཁྲུངས་ཡུལ་སོགས་རང་ལུགས་གསལ་རྒྱས་བསྟན་ཡོད་པས།  ལྟ་བ་འདི་གཉིས་ལ་གྲུབ་མཐའི་བགོ་བྱ་དང་ཆགས་སྡང་གི་རྩོད་གཞིར་མ་སོང་བར་རིགས་པ་དྲང་གཏམ་ གྱི་ཆ་ནས་ལྟ་ཚུལ་འགའ་ཞིག་བཀོད་པ་ལ།


ཐོག་མར་འཁྲུངས་པའི་གནས་ལ་དཔྱད་པ།

        དེ་ལྟར་དངོས་སུ་བྱོན་པའི་ལོ་རྒྱུས་མི་སྣ་ལྟར་ན།   གང་འཁྲུངས་པའི་གནས་ངེས་ཅན་ཞིག་ཡོད་དགོས་པས་ཕྲན་རང་གི་ཀྱང་སྔོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་དཔྱད་གཞིར་བཟུང་ཞིང་།  དེང་དུས་དངོས་ཡོད་ཀྱི་མཁར་ཤུལ་སོགས་ཀྱིས་བདེན་དཔང་བྱས་ཏེ་ངོ་སྤྲོད་མདོར་ཙམ་ཞུས་ན།༼མདོ་སྨད་ཆོས་འབྱུང་༽ལས་དེའང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་གླིང་གེ་སར་རྒྱལ་པོས་དབང་བསྒྱུར་ཞེས་དང་།༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་༽ལས་ཀྱང་འཁྲུངས་ས་ཚབ་ཚ་དགོན་གྱི་ཉེ་འདབ་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་།   རྒྱུད་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར།   གང་ལྟར་འདིའི་ལོ་རྒྱུས་ལ་འདྲ་མིན་སྣ་ཚོགས་སུ་སྣང་ངོ་།།  ད་ལྟ་ཡིན་ན་ས་འདི་ཕལ་ ཆེར་མགོ་ལོག་གིས་བཟུང་ཞེས་པ་དེ་དང་མཐུན་པ་༼དྲིས་ལན་བརྒྱ་རྩ༽སོགས་ལས་གསུངས་པ་གོང་དུ་དྲངས་པས་ཤེས་ཐུབ།  དེ་ན་གེ་སེར་ཁོང་ནི་མདོ་སྨད་རྫ་ཆུའང་ཡང་ན་རྨ་ཆུའི་ཡུལ་དུ་སྐུ་འཁྲུངས་པའི་བོད་ཀྱི་རྒྱལ་ཕྲན་ཞིག་ཡིན་ཀྱང་།  བོད་སྤྱིའི་སྲིད་སྟེགས་གང་ལའང་དབང་བསྒྱུར་མ་མྱོང་བ་མ་ཟད།ཐ་ན་མདོ་སྨད་ཡོངས་ལ་དབང་མཛད་པ་ཞིག་ཀྱང་མིན་ཚུལ།༼དྲིས་ལན་བརྒྱ་རྩ༽ལས་མདོ་སྨད་ཡོངས་ལ་དབང་ཁྱབ་པ་ཞིག་ཀྱང་མ་ཡིན་པར་མངོན་ཞེས་ལོ་རྒྱུས་གསར་རྩོམ་དུ་མ་ལས་བཤད་པ་དེ་ལྟར་ན། གེ་སར་གྱི་ལོ་རྒྱུས་འདི་རྣམས་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ཡོངས་གྲགས་མིན་པའི་རྒྱུ་མཚན་དེ་འདྲར་ངེས་སོ།།   དེར་མ་ཟད་དང་ཐོག་རྨ་ཡུལ་དུ་འཁྲུངས་ཀྱང་རྨ་སྟོད་སྨད་ཀུན་ལ་དབང་མཛད་ཡོད་མེད་སྐོར་ཀྱང་དཔྱད་གཞི་ཙམ་དུ་ཟད་དེ།   དཔེར་ན་སྒྲུང་ཡིག་རྣམས་སུ་རྨ་སྟོད་སྨད་དུ་སྐུ་འཁྲུངས་ནས་ཕྱིས་སུ་རྨ་སྨད་དུ་ ཕུད་ཚུལ་གསུངས་པས་ཀྱང་ར་སྤྲོད་ཐུབ།   སྤྱིར་དེང་དུས་ཀྱི་མཁས་དབང་ཞིང་འཇུག་བ་གང་མང་ཞིག་གིས་གླིང་གེ་སར་རྒྱལ་པོའི་ འཁྲུངས་ཡུལ་དངོས་སྡེ་དགེ་ཡིན་པར་བཞེད་པ་རྣམས་ཀྱང་རྒྱུ་མཚན་མེད་པར་མི་སེམས་ ཏེ།  དཔེར་ན།   བོད་ཀྱི་གླེང་བའི་གཏམ་དུ་སྡེ་དགེ་རྒྱལ་རབས་བརྗོད་སྐབས།   གང་ལྟར་སྐབས་འདི་དག་ནས་སྡེ་དགེ་རྒྱལ་པོས་གླིང་དཔོན་པོའི་ནང་བློན་གྱི་གོ་ སྐབས་དང་བསྟུན་ནས་གླིང་ཚང་གི་ཡུལ་སྡེ་རྣམས་ཟོས་པས་མདོ་ཁམས་ཡུལ་གྱི་ས་གནས་ རྒྱལ་པོ་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་སྟབས་ཞེས་ཐོག་མར་སྡེ་དགེ་རྒྱལ་པོ་ནི་ གླིང་ཚང་རྒྱལ་པོའི་ནང་བློན་ཞིག་ཡིན་པ་ཉིད་རིམ་རྒྱས་སུ་གྱུར་ནས་མདོ་ཁམས་ ཕྱོགས་སུའང་མངའ་རིས་དང་ཐོབ་ཐང་ཆེ་བའི་རྒྱལ་པོ་བཞིའི་ནང་ཚན་དུ་གྱུར་པར་ངེས་ ཏེ།   ཡང༼སྡེ་དགེ་རྒྱལ་རབས།༽བརྗོད་སྐབས།སྲས་མོ་མཛེས་སྡུག་ལྡན་མའི་རིན་ཚབ་ཏུ་གླིང་ རྒྱལ་པོའི་མངའ་ཁོངས་ལས་ཡུལ་གྲུ་རྒྱ་ཆེ་བ་ཐབས་ཀྱི་ཐོབ་པས་དངུལ་མདའ་བྱ་བ་དེང་ གི་སྡེ་དགེ་རྫོང་ཡོད་སར་གནས་གཞིས་བཟུང་ཞིང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གདན་ དྲངས་ཏེ་དགོན་ཆེན་ལྷུན་གྲུབ་སྟེང་བཞེས་པ་སོགས་ཞེས་སྡེ་དགེ་དངུལ་མདའ་སོགས་ ཡུལ་གྲུ་འགའ་རེ་རྒྱལ་པོ་བློ་གྲོས་སྟོབས་ལྡན་བོ་ཐར་བྱ་བའི་སྲས་མོ་མཛེས་ལྡན་ མའི་རིན་དུ་བླངས་པའང་ཁ་གསལ་ཐོན་ཡོད་པ་དང་།  དེ་བཞིན་དུ་གླིང་ཚང་རྒྱལ་པོ་ཕུན་ཚོགས་དགེ་ལེགས་རབ་བརྟན་མཆོག་གིས་ཀྱང་།   གེ་སར་གྱི་ཕོ་བྲང་ཇ་མཁར་རིང་མོའང་གླིང་ཚང་རྒྱལ་པོའི་ཕོ་བྲང་བཟང་གྲགས་བྱ་བ་ ཡིན།

གེ་སར་གྱི་སྐུ་མཆེད་རྒྱ་ཚ་ཞལ་དཀར་གྱི་ཕོ་བྲང་དངུལ་ཆུ་ཁྲོ་རྫོང་ནི་དེང་དུས་དུས་ཀྱི་སྡེ་དགེ་རྒྱལ་པོའི་ཕོ་བྲང་དངུལ་ཟླ་དགོན་མཆོག་ཐུབ་སྟེང་བྱ་བ་དེ་ཡིན་པར་བཞེད་ཅེས་དང་།༼བོད་ལྗོངས་ཞིབ་འཇུག༽1989ལོའི་དུས་དེབ་གཉིས་པ་ལས་གསལ་བོར་གསུངས་པ་དེ་ལྟར་ན་གོང་དུ་༼སྡེ་དགེ་རྒྱལ་རབས༽ལས་གླིང་དང་སྡེ་དགེ་གཉིས་རྒྱལ་བློན་གྱི་འབྲེལ་བ་དང་།ཕུན་ཚོགས་དགེ་ལེགས་ཀྱིས་སྐུ་མཆེད་དམ་བུ་སྤུན་གྱི་འབྲེལ་བ་ཡོད་པར་བཤད་པ་དེ་ལྟར་ན་གེ་སར་སྡེ་དགེར་འཁྲུངས་ཅེས་སུས་ཀྱང་ཁ་ཚོན་ཆོད་དཀའ་མོད་ཀྱང་གེ་སར་སྡེ་དགེར་ཡུན་དུ་བཞུགས་ནས་རྒྱལ་སྲིད་སྐྱོང་མ་མྱོང་ ཞེས་སུས་ཀྱང་བཤད་ཐུབ་ཀྱི་མ་རེད།   དེ་དཔེར་ན།  ༼སྡེ་དགེ་ཆོས་འབྱུང་།༽ལས་བོད་ཆེན་པོའི་ལྗོངས།  མདོ་ཁམས་གླིང་ཁྲི་བར་མ།སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་།རོང་ཆེན་སྡེ་བཞི་ལས་བྱང་ཨ་རྟ་རོང་ཞེས་གྲགས་པའི་མདོ་སྨད་གསེར་ལྡན་ཡོངས་པའི་ཁྱོན་ལ་ས་སྐྱོང་མིའི་རྒྱལ་པོ་སྡེ་དགེ་ཆོས་སྐྱོང་རིན་པོ་ཆེ་ཞེས་དང་།  སྒྲུང་ཡིག་༼འཁྲུངས་གླིང་མེ་ཏོག་ར་བ༽ལས།   མདོ་སྨད་གླིང་ཁྲི་བར་མ།རྨ་ཡུལ་གཡང་གི་ར་བ།ཞེས་གེ་སར་གྱི་འཁྲུངས་ཡུལ་བསྟན་པ་དེ་ལྟར་ན་མདོ་སྨད་གླིང་ཁྲི་བར་མ་ཞེས་པ་དེའི་ཁོངས་སུ་སྡེ་དགེ་དང་རྨ་ཡུལ་ གཉིས་ཀ་འདུས་ཡོད་པའང་ཤེས་ཐུབ།གཞན་ཡང་སྒྲུང་དཔེ་རྣམས་སུ་བོད་ཀྱི་མདོ་ཁམས་ལ་སྒང་དྲུག་ཡོད་པ་ལས་རྨ་དང་འབྲི་ཆུའི་ཁྱབ་ཁོངས་སུ་ཡོད་པར་བཤད་པ་ལྟར་ན་གཉིས་ཀ་ གེ་སར་གྱི་མངའ་དབང་དུ་བསྒྱུར་ཡོད་པར་ངེས་སོ།།   དཔེར་ན༼བོད་ཀྱི་རུས་རྒྱུད་སྐོར་རགས་ཙམ་བརྗོད་པ༽ཞེས་པ་ལས་རྒྱལ་ཕྲན་སྐོར་བཤད་ པའི་སྐབས་སུ།   འཁྲུངས་གླིང་མེ་ཏོག་ར་བ་ལས།  ས་ལ་ཆགས་པའི་གདུང་གསུམ་ཏེ། ཉི་མ་ལེབ་ཆེན་གནམ་གྱི་བུ།།  སྐར་མ་འཁྲུངས་རིང་གནམ་གྱི་བུ།  བར་ལ་ཆགས་པའི་གདུང་གསུམ་ཏེ།།   གདོང་ཐོག་ཁ་བ་བུ་ལུགས་གསུམ།།  ས་ལ་ཆགས་པའི་གདུང་གསུམ།།  ཡེ་སྨོན་རྒྱལ་པོ།  ཡེ་སེང་རྒྱལ་པོ།  ཁྲ་རྒན་པོ་བྱུང་།  གླིང་ཐ་མ་ཆོས་འཕེལ་ནག་པོ་འཁྲུངས།  ཆོས་འཕེལ་ལ་བཙུན་མོ་གསུམ་སྟེ།  གསེར་བཟའ་མ་དང་ལམ་བཟའ་མ།  སྤྱང་བཟའ་མ་རྣམས་ཡིན་ལ།གསེར་བཟའ་མ་མ་ལ་བུ་ལྷ་ཡག་དར་དཀར་འཁྲུངས་ཤིང་དེའི་ རྒྱུད་པ་འཕེལ་བ་ལས་སྟོད་གླིང་གསེར་བ་ཆེ་རྒྱུད་བྱུང་བ་དང་།  སྟག་རུང་ཤོག་ཆེན་བཅོ་བརྒྱད་མཆེད།   ལམ་བཟའ་མ་ལ་བུ་ཁྲི་སྤྱང་དཔལ་རྒྱས་འཁྲུངས་ཤིང་།   དེ་ཡི་རྒྱུད་པ་འཕེལ་བ་ལས།  གླིང་འབྲིང་རྒྱུད་འོམ་བུ་ཚོ་དྲུག་བྱུང་།   སྤྱང་བཟའ་མ་ལ་བུ་དགྲ་རྒྱལ་འབུམ་མེ་འཁྲུངས་ཤིང་།  དེ་ཡི་རྒྱུད་པ་འཕེལ་བ་ལས་གླིང་གི་ཚོ་ཆེན་བཅུ་གཉིས་དང་།   སྨད་གླིང་རྨུ་སྤྱང་སྡེ་བཞི་ཆགས་ཟེར་བ་དང་།   གླིང་ལ་གླིང་སྟོད་པ་དང་།  གླིང་སྨད་པ།  གླིང་བར་མ་སྟེ་གསུམ་དུ་གྱེས་ནས།  གླིང་སྟོད་པས་མངའ་རིས་སྐོར་གསུམ་བཟུང་བ་དང་།   གླིང་སྨད་པའི་རྨ་ཡུལ་སྔོན་པོའི་ཉི་སྲིབ་བརྒྱུད་ནས་དབུ་བའི་ཚྭ་མཚོ་ཚུན་ཆོད་ ཁྲི་ཤོར་ལ་མོ་ཡན་ཆད་བཟུང་།གླིང་བར་མས་འབྲི་ཆུའི་སྟོད་སྨད་བརྒྱུད་ནས་ཁམས་ ཀྱི་ཕྱོགས་སུ་རྫོང་བཅོས་ཏེ་ཚ་རུང་རྒྱལ་ཁག་ཚུན་ཆད།  དུང་རི་དཀར་པོ་ཡན་ཆད་བཟུང་ཞིང་།  ཡུལ་ཁམས་ཀྱི་མཐའ་སྐོར་དུ་གངས་དཀར་ས་འཛིན་གྱི་ཕྲེང་བས་ཡོངས་སུ་བརྒྱན་པར་བྱས་ པས། བོད་གངས་ཅན་ནམ་ཁ་བ་ཅན་ཡང་ཟེར་རོ།།    ཞེས་༼བོད་ཀྱི་ཤེས་རིག་ཞིབ་འཇུག་ཆེད་རྩོམ་བདམ་བསྒྲིགས༽ལས་བོད་ཀྱི་རུས་རྒྱུད་ སྐོར་གྱི་ལ་དཔྱད་པ་ཞེས་པའི་སྐབས་སུ་སྒྲུང་ལུགས་འདི་དངོས་ཡོད་པས་ལོ་རྒྱུས་ ཀྱི་དོན་སྙིང་ལྡན་པར་ངེས་སེམས།   འོན་ཀྱང་གེ་སར་རྒྱལ་པོའི་རིགས་རུས་ནི། ༼བོད་ལྗོངས་ཞིབའཇུག༽ལས།  ཕྱིས་སུ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྟ་ནག་ཐུབ་བསྟན་མཁན་ཟུར་ངག་གི་དབང་པོས་ བོད་སིལ་བུའི་དུས་ཙམ་ལ་མགོ་ལོག་གི་ས་མཚམས་སུ་གེ་སར་ནོར་བུ་དགྲ་འདུལ་ཞེས་ རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་ནུས་པའི་རྣལ་འབྱོར་པ་ཞིག་བྱུང་ངེས་ཞེས་ དང་།   གེ་སར་འཁྲུངས་པའི་ཡུལ་ནི་མདོ་སྟོད་གླིང་ཚང་རྒྱལ་པོའི་ཁོངས་རྫ་ཆུ་དང་ཉེ་བར་ ས་ཆ་གོན་གྱི་ཉེ་འགྲམ་སྐྱིད་གསོས་ཡག་གི་ཁ་མདོ་ཞེས་མདོ་སྟོད་རྫ་ཆུའི་ཕྱོགས་ སུ་ཉེ་བར་འཚོ་གནས་བྱེད་པའི་གླིང་ཚང་རྒྱལ་པོ་ཞེས་བོད་ཀྱི་རིགས་རུས་སུ་གཏོགས་ པའི་རྒྱལ་ཕྲན་ཞིག་ཡོད་པའི་མངའ་ཁོངས་སུ་འཁྲུངས་བར་མ་ཟད།   གླིང་ཚང་རྒྱལ་པོའི་གདུང་རྒྱུད་ཡིན་པའི་སྐོར་ལའང་བསམ་བློ་གཏོང་མཁན་ཡོད།  དེས་ན་ཕྲན་རང་གི་ལྟ་ཚུལ་ལའང་གླིང་ཚང་རྒྱལ་པོའི་རུས་ལས་འཁྲུངས་པའི་དོན་གྱིས་ གླིང་རྗེ་གེ་སར་རྒྱལ་པོ་ཞེས་འབོད་ན་མ་བསྒྲིག་རང་འགྲིག་ཏུ་སོང་བ་དང་།  གླིང་བཞི་གེ་སར་དང་འཛམ་གླིང་གེ་སར་སོགས་ནི་རྗེས་སུ་བཏགས་པའི་མིང་ཞིག་ངེས་ ཏེ།  སྒྲུང་ཡིག་རྣམས་སུ་དེ་ལྟར་བརྗོད་པ་ལས་ལོ་རྒྱུས་སུ་གླིང་རྗེ་གེ་སར་ཙམ་ལས་ ཡོངས་སུ་མ་གྲགས་པས་ཕྱིར།   དཔེར་ན་ཕག་གྲུ་ཞེས་པ་དེའང་ཐོག་མར་ཡུལ་གྲུ་ཉི་ཚེ་བ་ཞིག་གི་མིང་དེ་རིམ་བཞིན་ ཁྱབ་རྒྱས་སུ་སོང་ནས་ཕག་གྲུའི་སྲིད་དབང་དང་ཆོས་ལུགས་སྤྱིའི་མཚན་དུ་འཇགས་པ་ ལྟ་བུ་ཞིག་ཀྱང་ཡིན་སྲིད་པར་སེམས་སོ།།  དེ་བཞིན་དུ་མཁས་པ་མི་ཕམ་པས་ཀྱང་འགུམ་ལོག་གླིང་ཚང་རྒྱལ་པོའི་ཁུལ་དུ་འཁྲུངས་ བར་བཞེད་པ་དང་༼མི་ནུབ་དར་རྫོང་༽ལས།  རྨ་ཡུལ་མཐོང་བ་ཀུན་གྲོལ་ནས་ཞེས་སྒྲུང་རྩོམ་རང་ལུགས་ལའང་དེ་ལྟར་བཞེད།  སྒྲུང་ཡིག་རྣམས་སུ་ལ་དྭགས་འདུལ་བའི་སྒྲུང་གཏམ་དང་།  ཨ་གྲོང་གྲགས་དང་གང་གླིང་འཁྲུག་པའི་གཏམ་རྒྱུད་དུ་བོད་དབུས་གཙང་དུ་གླིང་དམག་ དྲངས་པའི་སྒྲུང་ཡིག་ལྟར་ན་དེ་རྣམས་གླིང་འོག་ཏུ་མེད་པར་ཤིན་ཏུ་གསལ་ལོ།།  འོན་ཀྱང་སྒྲུང་ཡིག་རྣམས་སུ་གླིང་གེ་སར་གྱིས་བྱང་ནས་ཧོར་དང་གྲུ་གུ   ནུབ་ནས་སྟག་གཟིག   ལྷོ་ནས་འཇང་དང་མོན།  ཤར་ནས་རྒྱ་ནག་སོགས་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ནས་འཛམ་གླིང་ཐོག་ཏུའང་མངའ་ དབང་ཆེ་བར་གྱུར་ཏེ་མཚན་ཡང་འཛམ་གླིང་གེ་སར་རྒྱལ་པོ་ཞེས་བརྗོད་པ་སོགས་རྒྱ་ བོད་ཧོར་གསུམ་གང་གི་ལོ་རྒྱུས་སུའང་མ་གྲགས་པས་སྒྲུང་ལུགས་ཙམ་ལ་ངོ་མར་འཁྲུངས་ ནས་ལོ་རྒྱུས་སུ་བཀོད་ཀྱང་དེ་འདྲའི་རིགས་ལ་དོན་སྙིང་ལྡན་པའི་མི་སེམས་ཞིང་ དགག་པའང་མི་བྱེད་དེ་སྒྲུང་རྩོམ་ཡིན་ན་ལོ་རྒྱུས་དང་འབྲེལ་དགོས་པས་ཀྱང་མ་ཁྱབ་ པ་དེ་ལྟ་བུ་ལགས་སོ།།   དཔེར་ན་གླང་དར་མའི་སྐབས་སུ་བོད་ཀྱི་ཆོས་སྲིད་ཀུན་ལ་འཕོ་འགྱུར་ཆེན་པོ་བྱུང་ སྟེ།  དར་མ་རང་ཡང་སྐུ་བཀྲོངས་སྲས་གཉིས་ཀྱང་ནང་འཁྲུག་བྱས་པ་སོགས་འཐབ་རྩོད་ཀྱི་ ཤུགས་རྐྱེན་བོད་ཡུལ་སྟོད་སྨད་ཀུན་ལ་ཐེབས་ཏེ།   རྗེས་སུའང་ལྷ་སའི་རྒྱལ་རྒྱུད་དང་།  མངའ་རིས་རྒྱལ་རྒྱུད།  བཙོང་ཁའི་རྒྱལ་རྒྱུད་སོགས་ཀྱི་རྒྱལ་ཕྲན་སིལ་མ་མང་པོར་འཐོར་ནས་ཀྱང་ལོ་བཞི་ བརྒྱ་ཙམ་སོང་ཡོད་པས།   གླིང་རྗེ་གེ་སར་ནི་དེ་ནང་ནས་རྒྱལ་ཕྲན་ཞིག་ཡིན་ངེས་པར་མ་ཟད།   ཧོར་ཇིང་གིར་ཧན་གྱིས་སོག་དམག་བོད་ལ་དྲངས་ཤིང་ར་བསྒྲེང་དགོན་སོགས་དགོན་པ་མང་ པོ་གཏོར་བཤིག་བྱས།   དགེ་འདུན་དུ་མ་ལ་སྲོག་གི་ཉེས་ཆད་བཅད།   སྐབས་དེར་དབུས་གཙང་དང་ས་སྐྱ་སོགས་དགོན་ཁག་དང་དཔོན་ཁག་གང་ཆེ་རྣམས་རང་རང་གི་ སྡེ་འབངས་སྐྱོབ་པའི་ཆེད་དུ་མགོ་འདོགས་མཛད་པ་སོགས་བརྗོད་མི་ཤེས་པའི་འཐབ་ རྩོད་ཆེན་པོ་བྱུང་མྱངས་པ་དང་།   གླིང་རྗེ་གེ་སར་ནི་སྐབས་དེར་ཡང་རང་སྡེ་བྱམས་ཀྱིས་སྐྱོང་ཞིང་དགྲ་བོར་ཕར་ རྒོལ་མཛད་པ་ཞིག་ཡིན་པར་མ་ཟད་རླངས་བྱང་ཆུབ་འདྲེ་བཀོལ་སོགས་གདན་དྲངས་ནས་དམ་ པའི་ཆོས་ཀྱི་བསྟན་པ་སྤེལ་བ་སོགས་མཛད་རྗེས་ཅུང་ཟད་རྒྱས་པར་བརྟེན་ཆོས་ལུགས་པ་ གཙོས་པའི་མི་སྣ་སོ་སོས་ཁོང་གི་སྒྲུང་རྩོམ་རྣམས་རིམ་གྱིས་སྤེལ་བར་བཤད་དོ།། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ༽ལས།ཡུལ་དེ་གའི་སྐྱེ་བོས་བཀུར་བསྟི་དང་ བསྟོད་བསྔགས་ཐོབ་པར་བརྟེན་ཁོང་གི་མཛད་རྗེས་རྣམས་ཐོག་མར་ངག་ཐོག་ཏུ་ཁྱབ་ཅིང་ ཕྱིས་སྒྲུང་གི་རྣམ་པར་གྱུར་ནས་དར་བས་ཞེས་དང་།  གླིང་གེ་སར་ནི་ཡུལ་ཉི་ཚེ་བ་རྨ་ཡུལ་ཏེ་དེང་གི་མགོ་ལོག་ས་ཆའི་ཚོ་དཔོན་ཞིག་ ཡིན་པ་ཙམ་ལས་བོད་སྤྱིའི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་པོ་ཞིག་མ་ཡིན་ ཞིང་ཐ་ན་མདོ་སྨད་ཡོངས་ལ་དབང་ཁྱབ་པ་ཞིག་ཀྱང་མ་ཡིན་པར་མངོན་ཞེས་དང་།ཡུལ་མདོ་ ཁམས་རྫ་ཆུ་ཁར་སྐུ་འཁྲུངས་ཤིང་ཕྱིས་རྨ་ཡུལ་ཏེ་ད་ལྟའི་མགོ་ལོག་ས་ཆར་གཞིས་ཆགས་ ཏེ་ཡུལ་གྲུ་དེ་ཀུན་ལ་དབང་མཛད་ཞེས་གསལ་བོ་གསུངས་འདུག    དེ་བཞིན་ཨ་བྲག་འགོ་ཕྱོགས་སུའང་གཡུ་རིའི་ཁོག་ལ་གེ་སར་ཁྱིམ་མ་ཞེས་གེ་སར་གྱི་ སྦྲ་ཤུལ་དང་།ར་མ་མགོ་ལ་གསེར་སྒ་རང་བྱུང་དང་ཁང་ཤུལ་སོགས་དང་།གཞན་ཡང་ཡུལ་གྲུ་སོ་སོར་ཕྱག་རྗེས་དང་ཞབས་རྗེས་ལབ་བཙས་སོགས་མང་དུ་ཡོད་པ་དང་།དེ་བཞིན་དུ་གཡུ་ རིའི་དགོན་དུ་གླིང་འགུ་ཟི་རྒྱལ་པོས་གནང་བའི་རྫ་ཆོས་རྗེས་ཞེས་མཚན་དང་བཅས་རང་ དགོན་དུ་ཡོད་ཀྱང་ངོ་རྒོལ་སྐབས་མེད་པར་སོང་བ་སོགས་མདོར་ན་གླིང་རྗེ་གེ་སར་ བྲག་འགོ་ཧོར་དང་འབྲེལ་བ་དམ་དུ་ཟབ་མོད།འོན་ཀྱང་དེ་ཙམ་གྱིས་གེ་སར་བྲག་འགོ་ལ་ འཁྲུངས་ཞེས་བཤད་ན་མི་འགྲིག་པ་དང་།    ཡང་གེ་སར་བྲག་འགོ་ལ་ཕེབས་མ་མྱོང་ཟེར་ན་མི་འགྲིག་པ་མ་ཟད།   ཡུན་རིང་ཙམ་བཞུགས་ཡོད་པའང་གསལ་བ་དང་།  མཁས་པ་ལ་ལས་ཧོར་བྲག་འགོ་ནི་ཧོར་སེར་ཏ་ར་ཁག་ལྔའི་ནང་ཚན་ཡིན་པ་དང་ཧོར་གླིང་ འཁྲུག་པའི་གཡུལ་སྤྲད་ས་ཡིན་པའི་སྐོར་ལའང་བསམ་བློ་གཏོང་མཁན་ཡོད་པ་མ་ཟད།ཀེ་ འཕེན་ལི་ཁོག་མའི་ལོ་རྒྱུས་བཤད་སྐབས།སྟོབས་འབྱོར་མངའ་ཐང་མཐོ་བའི་ཡུལ་སྡེ་ འདིའི་སྤྱི་དཔོན་ནི་གླིང་གེ་སར་རྒྱལ་པོའི་ནུ་བོ་སྟེ་མ་རོང་བཟའི་སྲས་ཀེ་ འཕེན་དམར་ལེབ་ཀྱི་རུས་ལས་ཆད་པའི་གདུང་རྒྱུད་ཡིན་ཞེས་བཤད་སྲོལ་བྱུང་བ་རྣམས་ ཀྱང་དཔྱད་གཞི་ཆེའོ།

ཡོང་ཁུངས་ཁམས་པའི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s