སྟག་སྨུག

མྱི་འདི་ཚོའི་ཁོག་པ་དང་ཀླད་པ།
འཇིགས་རུང་དང་དུར་ཁྲོད་ལ་གཟན་པའི་ཐན་སྐད་ཅིག་རེད།   དོགས་པ་ལ་ཨང་།  གཡོ་འཁྲབ་ཤེས་པ་ལ་ཨང་།
ཡི་གེ་ཆེན་པོ་བ་དང་མྱི་སྐད་ཆེན་པོ་བ་དག
ངས་གཞི་ནས་མ་གཞི་ནས་ཚོར་ཡོད།
སྨྲ་བ་མེད་པར་ངག་བསྡམས་རྒྱུ་ཁོ་ན་ཡིན།

མྱི་འདི་ཚོའི་བསམ་བློ་དང་འདུ་ཤེས།
ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་དོན་ཡང་དེ་ག་ན་ཡོད།
ཀུ་རེ་འདྲ་བའི་རྩེད་མོ་དག ཁྱི་སྨྱོན་འདྲ་བའི་བསམ་བློ་དག
ཨ་གསར་དང་དངོས་པོ་ཁོ་ནའི་འཕྲུལ་སྒམ་ཞིག་ཡིན།
སེམས་ཐག་ཆོད་པའི་རང་ཉིད་དང་རང་ཉིད་ལས་ཅི་ཡང་མེད།    དེ་ནི་ཤིན་ཏུ་གཡའ་དག་པའི་དག་གཙང་གིས་རྣམ་ཤེས་ཤིག་ཡིན།
ང་རང་སེམས་ཐག་ཆོད་པའི་ཁེར་རྐྱང་བ་ཞིག་ཡིན་ན་རེད།

མྱི་འདི་ཚོ་རུས་པ་དང་ཟུངས་ཁྲག
རྐང་མར་དང་ཟུངས་བཅུད་ཟད་པའི་བྱེ་ཐང་བ་ཞིག་རེད།
ཚེ་སྲོག་གི་མལ་ས་བཙལ་བ་ལས།  རང་དབང་གི་སྒལ་ཚིགས་ཤིག་ཡེ་ནས་མེད།
དོན་དམ་པར་ང་ཚོའི་ལྟོ་རྒྱབ་གང་རུང་གནས་པ་མཐའ་དག་གསང་བ་མིན།  ཁྱེད་ཚོའི་དོན་བྱ་མཐའ་དག་ལ་བརྙན་འཕྲིན་བཞིན་བལྟས་ཡོད། གློག་ཀླད་བཞིན་བཏེགས་ཡོད།   དཔེ་དེབ་བཞིན་བཀླགས་ཡོད།
རྩ་དོན་ཚང་མ་གོར་ཐིག་ལས་ཅི་ཡང་ལྷག་མེད།

མྱི་འདི་ཚོའི་ཤེས་པ་དང་ཉམས་ལེན།
ཡུལ་ཁམས་དམྱལ་བ་དང་སེམས་ཁམས་དམྱལ་བ་དཀྲུག་རྒྱུ་ལས་ཅི་ཡང་ཡོད་ས་མ་རེད།
མདོར་ན་རང་ཉིད་སྒེར་དཔོན་དང་བཀོད་འདོམ་པ་ཁོ་ན་བྱེད་རྒྱུའི་ཤེས་པ་དང་ཉམས་ལེན་མངའ་རྒྱུ་དེ་རེད།
ཟློས་གར་དེ་དག་དང་འཁྲབ་སྟོན་དེ་དག་ལ།
ང་རང་གཞི་ནས་སྔ་སྐྲག་ཕྱི་སྐྲག་ལངས་ནས་ཁོང་དགོད་ཤོར་ནས་ཡོད།  ངོ་མ་དགོད་ཤོར་ནས་ཡོད།

2016   10   28ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d