དེ་སྒྲར་སྦྱར་བའི་སྣང་བ།
དགོང་དྲོའི་མཚམས་སྤྲིན་འཐིབས་པའི་གནམ་མཐའ་དེ། །
རྟག་ཏུ་སེམས་ལ་བརྡབས་པའི་ཨ་ཡིག་དེ། །
ཡིད་ཀྱི་མཚོ་ལ་འཁྲུངས་པའི་གཡུ་རིས་དེ། །
སྐྱེ་བ་ད་ཐེངས་རྙེད་པའི་བྱམས་པ་ཡིན། །
གངས་ཀྱི་རྒྱབ་ནས་འཕྲད་པའི་ལས་དབང་དེ། །
གནའ་མིའི་ཚིག་ལ་བརྒྱུས་པའི་རྐང་གླིང་དེ། །
ཚོར་བས་ཚོར་བ་བཏུས་པའི་སྐྱེ་མཆེད་དེ། །
སེམས་པ་དབྱངས་ལ་ལེན་མཁན་ང་གཉིས་ཡིན། །
ཉིན་དཀར་མཚོ་ལ་བྱིངས་པའི་ངང་ཆུང་དེ། །
ཚོར་བ་རྒྱང་ལ་སྐྱེལ་བའི་འཕྲིན་བྱ་དེ། །
སྤྲིན་གྱི་བུ་མོར་བཏགས་པའི་རྣ་ཏོག་དེ།།
ཞོགས་ཀའི་དྭངས་གཙང་གྱེར་བའི་ངག་རྟ་ཡིན། །
འོ་མ་ཤག་ཤག་འཇོ་བའི་ནོར་ལྷས་དེ། །
རྟ་ཕོ་ཐག་ཐག་རྒྱུག་པའི་གཙང་གཞུང་དེ། །
གཡུ་མདོག་ཐང་ལ་ལྷུང་པའི་རྩྭ་ཐང་དེ། །
འུ་གཉིས་ཚེ་སྲོག་ངུས་བའི་དག་ཞིང་ཡིན། །
རྒྱང་རིང་རི་ཚོགས་བརྒལ་བའི་མི་ཕོ་དེ། །
རྣམ་ཤེས་ལྷས་ནས་འཕུར་བའི་གཞོན་མ་དེ། །
ཉི་མའི་གྲིབ་སོ་གྱོན་པའི་གྲོང་གསེབ་དེ། །
ལས་དང་ལམ་པ་གཅིག་པའི་བག་ཆགས་ཡིན། །
ལང་ཚོ་རྫ་ཆབ་བཞིན་དུ་ལྷུང་བ་དེ། །
སྐད་ངག་ཁུ་བྱུག་ཇི་བཞིན་ཡག་པ་དེ། །
ཚིག་གི་སྒྱུ་རྩལ་ཆང་བཞིན་མངར་བ་དེ། །
བདག་ཉིད་ཁྱེད་ལ་ཆགས་པའི་བརྡ་རྟགས་ཡིན། །
ལུག་ཁྱུ་རི་ལ་སྐོར་བའི་རྫི་མོ་དེ། །
མཚམས་སྤྲིན་གོས་སུ་གྱོན་པའི་འབྲོག་མོ་དེ། །
སྐད་ངག་གནམ་སའི་མཚམས་སུ་གཞུར་བ་དེ། །
དུས་ཀྱི་མི་མོ་སྟོང་གི་དོ་ཟླ་མིན། །
འདི་གར་ཕྱི་དྲོའི་གྲིབ་གཟུགས་ཡལ་བ་དེ། །
ཉི་མར་མིག་ཆུ་བཞུར་བའི་བཟོ་ལྟ་དེ། །
སེམས་པ་རྒྱང་དུ་ཆས་པའི་གཤོག་འགྱུར་དེ། །
བསིལ་མོ་རླུང་ལ་བཅིབས་པའི་འབོད་པ་ཡིན།།
ཚང་ཚིང་ནགས་མའི་གསེབ་ཀྱི་སྒེའུ་ཁུང་དེ། །
སྐྱི་སེར་རླུང་གི་སོར་མོས་སྒུལ་བ་དེ། །
དགོད་སླ་ངུ་སྐྱེན་ཚོར་བ་ཧྲེང་ཧྲེང་དེ། །
ངག་འཇེབས་དབྱངས་ཅན་མ་ཁྱེད་དམུལ་བ་ཡིན། །
གནམ་གྱི་སྐར་མ་བླངས་པའི་འཁྲུལ་སྣང་དེ། །
ས་ཡི་རྒྱ་མཚོ་བདུད་རྩིར་འཐུང་བ་དེ། །
རི་ཆུ་ཁྲི་སྟོང་བརྒལ་བའི་རོལ་མོ་དེ། །
སེམས་ཀྱི་པི་ཝང་རྡུང་བའི་མཛའ་གཞས་ཡིན། །
སེམས་པ་སེམས་ལ་འདྲེས་པའི་ཁྲེལ་གཞུང་དེ། །
ངག་ནས་ངག་ལ་བཟླས་པའི་མགུར་ཆུང་དེ། །
ཉིན་དང་མཚན་ལ་གཏོང་བའི་རྨི་ལམ་དེ། །
ཐང་གི་ལྷ་མོ་ཁྱེད་རང་བཞེངས་ཚུལ་ཡིན། །
རྩེད་མཚར་དུང་བྲིས་མ།
བརྩེ་བ་གླུ་སྐད་ཀྱིས་མ་ལེན། །
ལུག་ཁྱུའི་སྤྲིན་དཀར་དག་དྲན་ཡོང་། །
ཚིག་གིས་སྙིང་ཁ་ལ་མ་རྡེགས། །
དུངས་བ་ཚེ་སྲོག་གིས་ལྗིབས་ཡོང་། །
ཚུར་ལ་བདེ་མོ་ཞེས་བརྗོད་པའི། །
ངག་གི་དབྱངས་རྟ་དེ་འཇམ་པ། །
རྡོག་སྣེ་ཕར་ཕྱོགས་སུ་བསྒྱུར་ཀྱང་། །
རང་སེམས་ཁྱེད་ཕྱོགས་སུ་རྒྱུག་འགྲོ། །
བཙན་པོའི་དམག་དཔུང་གི་གད་རྒྱངས། །
གང་དུ་གྲགས་རྒྱུ་ཞིག་མེད་ཀྱང་། །
ནང་སེམས་རྟ་མཆོག་གི་དབྱངས་འགྲོས། །
ཡིད་ཀྱི་མཁའ་དབྱིངས་སུ་མཚེར་བྱུང་།།
གངས་རིའི་མི་རིགས་སུ་སྐྱེས་པ། །
ལས་སྨོན་བཟང་བོ་ཞིག་ཡོད་ཀྱང་། །
སྟེས་དང་ལས་དབང་གི་བྱ་རྒོད། །
ལྗོངས་དང་ལ་མོ་རུ་འཕུར་སོང་། །
བསྐལ་བའི་གཙང་བོ་ཡི་ཕར་ཚུར། །
བསམ་ན་མཇལ་སྐལ་ཞིག་དབེན་ཡང་།།
སེམས་པས་སེམས་པ་འདི་དཀྲོལ་ཚུལ།།
གམ་ན་དུང་དུང་གིས་གཅེས་ཡོད། །
བྱེའུ་ཆུང་གཤོག་འགྱུར་དེ་གཡར་ནས། །
ནང་སེམས་རྒྱང་རིང་ལ་བཏེགས་ཀྱང་།།
སྔས་ཐོག་གཅེས་བྱམས་དེ་མེད་ན། །
སེམས་ཀྱི་གཅོང་རོང་ནས་མི་བུད། །
2016/8/10 ཉིན་བྲིས།
བྱེའུ་སྙིང་ལ་རྗེ་བོ།
བྱེའུ་ཆུང་སྙིང་ལ་རྗེ་བོ། །
རྒྱ་མཚོའི་མཁའ་ལ་འཕུར་ཐལ། །
ལམ་ཐག་རིང་ཡང་ཐུང་ཡང་། །
སྔོན་མོ་ལས་ལ་གཏུགས་ཡོད། །
བདག་གི་ནགས་རི་བརྒྱུད་ནས། །
ཁྲུང་ཁྲུང་ལྷོ་རུ་འཕུར་ཐལ། །
རླུང་ཆེན་ལྡང་སྐོར་འཚུབ་ཀྱང་།།
ཕྱིར་ལ་ལྡོག་པར་མི་བྱ། །
སྟོན་རླུང་བསིལ་མོ་ལྡང་བྱུང་།།
བདག་གི་སྙིང་དམར་གཡུགས་བྱུང་། །
ཉི་འོད་དྲོ་ཡང་འཁྱག་ཡང་།།
སེམས་དྲོད་རླུང་ལ་བསྟབས་ཡོད། །
ཆུ་འཛིན་དཀར་པོ་ཞིག་ལ། །
ལས་ཀྱི་བསྐོས་ཐང་སིམ་ཐལ། །
ལ་མོ་མཐོ་ཡང་དམའ་ཡང་། །
རྟེན་འབྲེལ་ཆུ་རུ་འཐུང་ཡོད། །
རི་ཚོགས་མཐོན་པོའི་མགུལ་ལ། །
དཔའ་བོའི་མགུར་ཞིག་བཞེངས་ཡོད། །
དུས་འཁྲུག་ཆེ་ཡང་ཆུང་ཡང་། །
སེམས་ཀྱི་མདངས་ལ་བསྡད་ཡོད། །
ཚེ་འདིའི་སྤང་ལ་སྐྱེས་པའི། །
མེ་ཏོག་དཀར་ཁྲ་སེར་ཁྲ། །
སྙིམ་པའི་སྐྱོགས་ལ་བླངས་ནས།།
ནག་ནོག་མེད་པ་བྱས་ཡོད། །
ཡུལ་གྱར་པའི་རྡོག་སྒྲ
—རྟ་མགྲིན་སྒྱུ་རྩལ་ལ་ཕུལ་བ།
ཉམས་འགྱུར་སྟོང་དུ་གདའ་བའི་སྒྱུ་རྩལ་པ། །
རྒྱལ་ཁམས་གླིང་ལ་སྐོར་བའི་ཁབ་གཙག་པ། །
དགའ་སྐྱོ་ཆགས་སྡང་གྱེར་བའི་དྲག་གཞས་པ། །
ཚོར་བ་དབྱངས་ལ་བསྐྱོམས་པའི་འགྲུལ་བཞུད་པ།།
གངས་རིའི་གྲང་འཁྱག་འགམ་པའི་བྲོས་བྱོལ་པ། །
ལག་སྟོང་མཆན་སྟོང་ཡིན་པའི་རི་འཛེགས་པ། །
རྐང་པ་ལག་པ་ཕྱིད་པའི་སྤྲང་འཁྱམས་པ། །
རྒྱ་གར་རྡ་སར་བསླེབས་པའི་ལྟོགས་སྐོམ་པ། །
ཉིན་མཚན་གོར་ལེབ་བསྲེགས་པའི་དཔའ་རྟུལ་པ། །
རྒྱལ་ཞེན་རི་མོར་ཕབ་པའི་དད་དམ་པ།།
སྙིང་ལ་རུས་པ་སྐྱེས་པའི་བརྟུལ་ཞུགས་པ། །
སྡུག་སྐྲ་རླུང་ལ་བསྐུར་བའི་རྒྱང་སྐྱོད་པ།།
ལས་ཀྱིས་རྒྱང་དུ་སྤྱུགས་པའི་གངས་ཅན་པ། །
མིག་ཆུ་སྟོབས་ལ་བསྒྱུར་བའི་ཕུགས་བསམ་པ། །
སྤོབས་པས་ས་མཐའ་འགྲིམ་པའི་ཡུལ་གྱར་པ། །
བྲང་བར་གནམ་ས་ཤོང་བའི་བིས་མདོ་པ། །
བདེན་དོན་ཤ་ལ་རྐོ་བའི་རྒྱལ་གཅེས་པ།།
ལ་རྒྱའི་གླུ་སྒྲ་སྒྲོག་པའི་རྣ་མཆོག་ཅན། །
སེམས་ལ་རྨ་ཁ་འཕྱོ་བའི་རང་དབང་པ།།
གསར་ཡག་གླག་མོ་ཁྲ་བ་འབར་ཤོག་ཨེ། །
2016/8/13
ཉེས་བ་མེད་པའི་བྱམས་པ།
__གཞས་ཚིག
ཉེས་བ་མེད་པའི་བྱམས་པ། །
གངས་ཀྱི་ཕྱི་ལ་སྤྱུགས་ཡོད། །
ཉི་མའི་སྤོབས་པ་ཁུར་ནས། །
ས་མཐའི་རི་ན་བཞུགས་ཡོད། །
བློ་འགྱུར་མེད་པའི་བྱམས་པ། །
རི་ཆུའི་དབྱངས་ལ་ལྡེམ་བྱུང་། །
རླུང་བུའི་ནང་ལ་བཞད་བྱུང་། །
འཛམ་གླིང་གཡས་སུ་སྐོར་སོང་། །
ཞི་བ་ཆོས་ཀྱི་བྱམས་པ། །
སང་ཞོགས་ཉི་མ་ཤར་དུས། །
གངས་རིའི་པང་ལ་ལོག་ཡོང་། །
ཕོ་བྲང་ནང་ལ་འཛོམས་ཡོང་། །
བརྩེ་འཕྲིན་ཚབ་བྲིས་མ།
དགའ་སྐྱོ་ཟུང་དུ་སྡེབས་པའི་མི་ཚེ་ཡི་འཕྲང་ནས། །
ཁྱེད་ཀྱི་བརྩེ་བའི་མེ་ཏོག་ངའི་ཕྱོགས་ལ་ལྡེམ་ན། །
བདག་གི་དུང་སེམས་རླུང་བུའི་བསིལ་དྲོད་ལ་བརྟེན་ནས །
འཚོ་བའི་མུ་ཁྱུད་རིང་མོའི་དུས་ཚིགས་ལ་བརྒལ་ཆོག །
མི་ཡུལ་ས་མཐའ་སྐོར་བའི་གཏམ་རྒྱུད་ཀྱི་ཁྲོད་ནས། །
བརྩེ་དུང་བརྩེ་དུང་ཟེར་བ་མང་མང་དུ་ཐོས་ཀྱང་། །
རང་བྱུང་དུང་བ་ལྡན་པའི་སེམས་ངོ་དེ་སྟོན་མཁན། །
ཁྱེད་རང་གཅིག་པུ་ཡིན་པའི་ངེས་ཤེས་ཤིག་འདྲོངས་སོང་། །
མི་ཡུལ་འཚོ་བ་རོལ་བའི་དུས་ཚིགས་ཀྱི་ནང་ན། །
ཁྱེད་ཀྱི་བརྩེ་འདང་ཟབ་མོའི་དྲོད་ཁོལ་དེ་ཡོད་ན། །
དགའ་སྐྱོ་འདྲེས་མར་བསྒྱུར་བའི་མི་ཚེ་ཡི་ཟློས་གར། །
ཁྱེད་དང་མཉམ་དུ་འཁྲབ་པའི་སྟ་གོན་ལ་ཞུགས་ཆོག །
རྨི་འགྲུལ།
མཚན་མོའི་སྨག་རུམ་མེ་ཡིས་དཀར་ཀྱང་། །
མུན་པའི་གཡང་རོང་རྡུལ་གྱིས་ཁེངས་འདུག །
སྒྲ་མཚམས་མང་བོར་མེ་སྟག་འཚུབ་ཀྱང་། །
ཁྱེད་ཀྱི་ཞལ་ངོ་ཞི་ཞིང་དུལ་འདུག །
ལམ་ཟུར་མང་བོར་ཆར་རླུང་འཐིབས་ཀྱང་། །
གནམ་གྱི་མེ་ཏོག་བརླན་པར་མ་ནུས། །
ཁྲོམ་ར་ཆེན་པོ་མི་ཡིས་ཁེངས་ཀྱང་། །
འབྲོག་མོ་ཁྱེད་ཀྱི་རྒྱབ་གཟུགས་མ་མཐོང་། །
ཉིན་དང་མཚན་གྱི་རྨི་འགྲུལ་རིང་མོ། །
རྟེན་འབྲེལ་སྟོང་གི་ཆང་ལ་བསྙལ་ཡོད།།
བྲང་ལ་བཏབ་པའི་སྨོན་ལམ་རལ་བོ། །
མེ་དང་འོད་ཀྱི་ལྷན་པ་བྱས་ཡོད། །
མུན་པའི་ཁྲོད་ཀྱི་རི་བོ་ཐེད་པོ། །
ཁྱེད་ལ་བསྐྱོད་པའི་རྐང་ཟམ་བྱས་ཡོད།།
བརྩེ་དུང་འཚོལ་བའི་གྲིབ་མ་ཁེར་རྐྱང་།
རྒྱུ་འབྲས་དམར་པོའི་དཔང་ལ་བཙུགས་ཡོད། །
༡༡/༧/༢༠༡༦
ངེད་དྲ་ཚིགས།