མེལ་ཚེས་སྒྲིག་བསྒྱུར།


རྒྱལ་སྲས་ཆུང་ཆུང་ནང་གི་སློབ་གསོའི་མན་ངག

1942ལོར་ 《  རྒྱལ་སྲས་ཆུང་ཆུང》  གྲགས་པ་དང་བཅས་ཏེ་དཔར་འགྲེམ་བྱུང་ལ། ད་ལྟ་གློག་བརྙན་དུའང་ཕབ་སྐྲུན་བྱས་འདུག 《རྒྱལ་སྲས་ཆུང་ཆུང》ནི་བྱིས་པའི་ཀློག་དེབ་གྲགས་ཅན་ཞིག་ཡིན་ལ། བྱིས་པ་དང་འབྲེལ་བའི་སློབ་གསོའི་མན་ངག་གི་བང་མཛོད་ཅིག་ཀྱང་ཡིན་པར་བཤད་པས། ང་ཚོས་དེའི་ནང་ནས་རུམ་ལ་འཛིན་རྒྱུའི་སློབ་གསོའི་མན་ངག་ཅི་ཞིག་ཡོད་པར་བལྟ།


འགྲོ་རོགས་འདུག་རོགས་བྱས་ན་ཁེར་སྡུག་མེད།

      《རྒྱལ་སྲས་ཆུང་ཆུང》མགོ་བརྩམས་མ་ཐག དར་མའི་འཇིག་རྟེན་ནས་ཁ་ཞེ་མཐུན་པའི་སེམས་གཏམ་གློད་གྲོགས་ཤིག་རྙེད་དཀའ་སྟེ། རྒྱུ་མཚན་ནི་ཁོ་ཚོར་མིག་མདུན་གྱི་ཁེ་ཕན་ལས་གླེང་རྒྱུ་གཞན་མི་འདུག་ཅེས་བྲིས་ཡོད།

      དོན་གྱིས་བྱིས་པ་ཚང་མ་ནི“གོ་ལ་གཞན་པའི་སྟེང་ནས་ཕེབས་པའི་རྒྱལ་སྲས་ཆུང་ཆུང་རེ་ཡིན།” ཁོ་ཚོའི་མཐོང་རྒྱ་དང་དགོས་མཁོ་ནི་མི་དར་མ་དང་གཏན་ནས་མི་འདྲ་ལ། གཤིས་རྒྱུད་ལ་ཡང་ལྷད་མེད་ཟོལ་དང་བྲལ་བ་དང་སྙིང་རྗེ་ལྡན་པ། ཚོར་སྣང་སྐྱེན་པ་སོགས་ཀྱི་ཁྱད་ཆོས་རང་བཞིན་དུ་གྲུབ་ཡོད་པར་མ་ཟད། དར་མའི་ཟོག་ཟོབ་ཀྱི་འཇིག་རྟེན་ལ་རྒྱུས་མངའ་དབེན་པའི་སྐྲག་སྣང་ཞིག་དང་། ཨ་མའི་དྲོད་འཇམ་གྱི་མངལ་ལྷུམས་དང་བྲལ་བའི་སྐྱོ་སྣང་ཞིག་གིས་གཅུན་ཡོད་པས། ཕ་མས་བྱིས་པའི་མཐོང་སྣེ་སྤྱད་དེ་བྱིས་པ་དང་སེམས་གཏམ་བགྲོ་བ་དང་། ལག་ཐོག་གི་ལས་བྱ་གལ་ཆེན་བསྐྱུར་ནས་ཁོ་ཚོ་ལ་བྱམས་བརྩེས་འོ་འཁྱུད་བྱེད་པ་སོགས་ནི་བྱིས་པ་ལ་ཤིན་ཏུ་མཁོ།

      རྒྱུན་པར། ཕ་མ་ལ་བྲེལ་བ་ཅི་འདྲ་ཆེ་རུང་བྱིས་པ་ལ་འདུག་རོགས་དང་རྩེ་རོགས། ཁ་བརྡ་བྱེད་རོགས་སོགས་བྱེད་དགོས་ལ། བྱིས་པ་མ་གཉིད་གོང་ལ་རྒྱུན་པར་གཏམ་རྒྱུད་བཤད་ན་བཟང་། དེ་ལྟར་བྱས་པའི་བཟང་ཆ་ནི་བྱིས་པའི་སེམས་ནང་གི་ཁེར་སྡུག་སེལ་བར་བྱེད་ཐུབ་པ་ཡིན།


བཟང་བསྟོད་ཡར་སྐུལ་བྱས་ན་སྤོབས་པ་བསྐྱེད།

        ཉིན་ཞིག རྒྱལ་སྲས་ཆུང་ཆུང་རང་ཉིད་ཀྱི་གོ་ལ་དང་ཁ་བྲལ། ཁོ་རང་སྔ་ཕྱིར་རྒྱལ་བོ་དང་རང་རློམ་ཆེ་བའི་མི། རྒྱུ་ནོར་ལ་ཧམ་པ་ཆེ་བའི་ཚོང་པ་སོགས་མི་སྣ་ཚོགས་ལ་འཕྲད། གལ་ཏེ་རྒྱལ་སྲས་ཆུང་ཆུང་ནམ་ཡང་རང་ཉིད་ཀྱི་གོ་ལའི་སྟེང་ནས་བསྡད་ན། ཡིད་དུ་འོང་བའི་རྒྱ་སེ་མེ་ཏོག་དེ་ལས་ཕྱི་རོལ་འཇིག་རྟེན་གྱི་ངོ་མཚར་བའི་ལྟད་མོ་དག་མཐོང་ཐབས་བྲལ།
བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་དུ། ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཏེ། ཁོ་ཚོའི་ཕུན་སུམ་ཚོགས་པའི་མཚར་འཛིན་གྱི་བློ་རིག་དང་འཆར་སྒོ་ཡོངས་སུ་འབྱེད་པ་དང་། དེ་ལ་བརྟེན་ནས་ཁོ་ཚོའི་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས། རྒྱལ་སྲས་ཆུང་ཆུང་གི་འཚར་འཛིན་གྱི་བློ་རིག་དང་འཆར་སྒོ་དང་རྨི་ལམ་དེ་འདྲ་ནི་བྱིས་པ་རེ་རེ་ལ་ཡོད་པའི་ཐུན་མོང་གི་གཤིས་ཀ་ཞིག་ཡིན་ལ། དེ་དག་ནི་ཕ་མའི་ཡར་སྐུལ་གྱི་བཟང་བསྟོད་ལ་བརྟེན་ནས་གསོ་སྐྱོང་བྱེད་དགོས་པ་ཞིག་ཀྱང་ཡིན། ཁྱིམ་ནས་རྩེད་ཆས་བཅག་ན་ཡང་བྱིས་པ་ལ་གཤེ་གཤེ་མ་གཏོང་། ལྡོག་སྟེ་ཁོ་ཚོར་ལག་པ་མང་དུ་འགུལ་བར་ཡར་སྐུལ་བྱེད་དགོས། ཕྱི་རོལ་ནས་གནམ་ལྡིང་ས་ལྡིང་བྱེད་དུས་ཀྱང་གང་ཞིག་ལ་འགྱེལ་བའམ་ཅི་ཞིག་ལ་ཐོགས་པར་འཛེམ་དོགས་ཀྱིས་མི་འདུག་པར། བྱིས་པ་དང་མཉམ་དུ་རང་བྱུང་ཁམས་ཀྱི་འཚོལ་རྟོགས་ལ་འཇུག་དགོས།


བློ་སེམས་རྣམ་པར་དག་ན་བདེན་པ་མཐོང་། 

རྒྱལ་སྲས་ཆུང་ཆུང་གིས“རྣམ་དག་སེམས་ཀྱིས་བལྟས་ན་ད་གཟོད་བྱ་དངོས་ཀྱི་ངོ་བོ་མཐོང་ལ། རིན་ཐང་དང་དོན་སྙིང་ལྡན་པ་གང་དེ་ནི་ཆུ་བུར་མིག་གིས་མཐོང་ཐབས་བྲལ”ཟེར།

    ད་ལྟའི་ཁྱིམ་བདག་རྣམས་ཀྱིས་བྱིས་པའི་སྐར་གྲངས་ལ་གཙིགས་མཐོང་བྱེད་རྒྱུ་མང་དྲགས་པས། ནང་སེམས་ཀྱི་ལྷོད་བག་དང་སྤྲོ་སྣང་དེ་རྙེད་ཀྱིན་མེད། རྒྱལ་སྲས་ཆུང་ཆུང་འཕྲད་པའི“ཡོད་ཚད་སྒེར་འཛིན་ལ་དགའ་བའི་རྒྱལ་པོ་དང་། གཞན་གྱི་ཆེ་བསྟོད་ལ་རེ་བ་བྱེད་པའི་མི་ཚུལ་འཆོས་ཅན། སྒོར་མོ་ཁོ་ན་འཚོལ་བ་ལས་མི་ཤེས་པའི་ཚོང་བ། ཆང་ཁ་ནས་བདེ་བ་འཚོལ་བའི་ཆང་རྐྱལ”སོགས་ཀྱི་མི་སྣའི་སྣང་བརྙན་ལས་ད་ལྟའི་ཁྱིམ་བདག་མང་པོ་ཞིག་གི་གནས་ཚུལ་མཐོང་ཐུབ།

      ཁྱིམ་བདག་གིས་བྱིས་པ་ལ་རྣམ་པར་དག་པའི་ནང་སེམས་ཀྱིས་འཇིག་རྟེན་འདི་དང་མཐའ་འཁོར་གྱི་བྱ་དངོས་ཡོད་ཚད་ལ་བལྟ་མྱོང་བྱེད་ཚུལ་བསླབ་དགོས་པ་ལས། ཆུ་བུར་མིག་གིས་འཛིན་བྱའི་མིག་མདུན་གྱི་ཁེ་ཕན་ཁོ་ནར་དམིགས་ནས་ནང་སེམས་ཀྱི་ནམ་མཁའ་བསྒྲིབ་ཏུ་འཇུག་པ་ནི་གཏན་ནས་མི་རུང་། སྤྲོ་སྐྱིད་ཀྱི་བྱིས་དུས་དང་བདེ་ཐང་གི་མི་གཞི་ནི་ད་གཟོད་ཕ་མས་བྱིས་པ་ལ་འཇོག་འོས་པའི་རིན་བྲལ་གྱི་ནོམ་པ་ཡིན།
མཉན་བྱའི་རྣ་བ་གཡར་ན་བརྩེ་བ་སྟེར།

      མཁའ་སྐྱོད་པ་གནམ་གྲུ་ཞིག་གསོ་བྱེད་པར་མགོ་འཁོར་ནས། རྒྱལ་སྲས་ཆུང་ཆུང་གིས་རང་ཉིད་དགའ་བའི་རྒྱ་སེ་མེ་ཏོག་ལ་སེམས་ཁུར་བྱེད་ཀྱིན་པ་མ་ཚོར་བས། རྒྱལ་སྲས་ཆུང་ཆུང་སེམས་སྐྱོ་བར་གྱུར་ནས་མཆི་མ་ལྷུང་།

     ཕ་མ་མང་པོ་ཞིག་ནི་དེ་ལྟར་བྱ་བ་ལ་བྲེལ་འཚུབ་ཆེ་བས། བྱིས་པའི་ནང་སེམས་ཀྱི་དགའ་སྐྱོ་དང་དགོས་མཁོ་ལ་དོ་སྣང་མི་བྱེད། འོན་ཀྱང་། ཁྱོད་ཀྱིས་དོ་སྣང་མ་བྱས་པའི་བྱིས་པའི་སེམས་ཀྱི་འགྱུར་བ་དེ་དག་ནི་ཁོའི་མ་འོངས་པའི་མི་ཚེའི་ནང་གི་གནད་དོན་དང་སེམས་ནད་དུ་མི་འགྱུར་བའི་ངེས་པ་མེད་པས། བྱིས་པའི་བློ་གཏད་བྲལ་བའི་དྲི་བ་དེ་དག་ལ་བློ་གཏད་མེད་ཚུལ་དང་གནས་ལུགས་མེད་ཚུལ་གྱིས་དགག་རྐྱང་བྱེད་མི་རུང་། ཡང་ན་ཚིག་ལན་ཐུང་ཐུང་གིས་རང་དགར་བསྐྱུར་བའང་མི་རུང་བར། ནན་ནན་ཏན་ཏན་གྱིས་ཁོ་ཚོའི་སྐད་ཆ་ལ་ཉན་ནས། ཁོ་ཚོའི་ཕུན་སུམ་ཚོགས་པའི་འཆར་སྒོས་བཞེངས་པའི་འཇིག་རྟེན་དེའི་ནང་དུ་འཇུག་དགོས།

   ཁྱོད་ཀྱིས་བྱིས་པའི“རྒྱུ་མཚན་འབུམ་ཕྲག”གི་དྲི་བ་དེ་དག་ལ་ཞིབ་ཏུ་ཉན་པ་དང་ཞིབ་ཏུ་ལན་འདེབས་པའི་སྦྱོར་བ་མ་བརྩམས་པར་དུས་ཡུན་ཅི་ཙམ་འགོར་སོང་བར་སོམས་དང་། གལ་ཏེ་བྱིས་པ་ལ་དགའ་ན། ཁོ་ཚོའི་དྲི་བ་དང་རེ་འདོད་སོགས་ལ་རྣ་བ་མང་ཙམ་གཡོར་དང་། དེ་ནི་བྱིས་པ་ལ་བརྩེ་བ་སྟེར་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ༎

ཡོང་ཁུངས་དྲ་རྒྱ་གཞན།

དཔྱད་མཆན་སྤེལ།

%d