བོད་རྒྱའི་གནད་དོན་རྩོམ་ཡིག་གཤག་བཅོས།

བོད་རྒྱའི་གནད་དོན། རྩོམ་ཡིག་གཤག་བཅོས། མགོ་གཉིས་མ་དང་མང་གཙོའི་ཁྲིམས་སྲིད།

རྩོམ་པ་པོ། ཐང་ཏང་ཧུང་།  ལོ་ཙཱ་བ། སད་མི།


སྒྱུར་བ་པོའི་མཚམས་སྦྱོར་སྐད་ཆ།

       རྩོམ་ཡིག་འདི་ནི་མིག་སྔར་དབྱི་སི་རལ་གནས་སྡོད་རྒྱ་མིའི་གྲགས་ཅན་རྩོམ་པ་པོ་ཐང་ཏང་ཧུང་གིས་བརྩམས་ཤིང་། ཉེ་ཆར་ཟླ་བ 8 པའི་ནང་ཁོང་གིས <<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཞེས་པའི་རྩོམ་རིང་ཞིག་ཨ་རིིར་རྟེན་གཞི་བྱས་པའི<<མང་གཙོའི་རྒྱ་ནག>>www.minzhuzhongguo.orgཅེས་པའི་དྲ་བར་བསྐུར་བ་རེད་མོད། རྩོམ་ཡིག་འདིས1949གོང་དུ་ཅི་ལྟར་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་རབས་རྒྱུ་མ་ཕུ་འདེད་བྱས་ཡོད་དུས། མང་གཙོའི་རྒྱ་ནག་ཚང་གིས་བསམ་བཞིན་དུ་མཚམས་སྦྱོར་ཡ་མ་ཟུང་གླན་པ་དང་། རྩོམ་པ་པོའི་མཇུག་སྡུད་སྐད་ཆའང་ནག་གསུབ་བཏང་ནས་འགོད་སྤེལ་བྱས་རྐྱེན་ཆེད་དུ་ཐེར་འདོན་རྩོམ་ཡིག་འདི་སྤེལ་བ་རེད། མང་གཙོའི་རྒྱ་ནག་ཟེར་བའི་དྲ་བ་འདི་ཕྱི་སྡོད་རྒྱ་མི་དམངས་གཙོ་དོན་གཉེར་ཅན་ཁས་འཆེ་བ་འགས་བདག་གིར་བྱས་པ་ཞིག་རེད་ལ། རྒྱ་མི་འདི་ཚོ་ཁོ་རང་ཚོའི་རྒྱ་ནག་ཏུ་འདུག་བཟོད་བྲལ་ནས་ནུབ་ཕྱོགས་རང་དབང་རྒྱལ་ཁབ་དག་ཏུ་བྲོས་བྱོལ་ལ་ཕྱིན་པའི་གྲས་རེད། ཁོ་ཚོས་ཟེར་ན། ཁོ་ཚོ་ནི་རྒྱ་མི་ཤེས་ཡོན་ཅན་ཡིན་ཟེར། རྒྱ་ནག་གི་སྒལ་ཚིགས་ཡོད་པའི་མི་བུ་ཡིན་ཟེར། དེས་ན། ནམ་ནམ་ཞར་ཞར་དུ་ཁོ་ཚོས་རྒྱ་ནག་རང་དབང་དང་མང་གཙོ་འགྲོ་བར་སྐུལ་འདེད་དང་། བོད་སོགས་ལ་གདུང་སེམས་མཉམ་སྐྱེའི་སྒོ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར། དོན་ངོ་མར། མང་གཙོ་དོན་གཉེར་ཅན་ཟེར་བའི་ཕྱི་སྡོད་རྒྱ་མི་འདི་ཚོས། བོད་རྒྱའི་གནད་དོན་གྱི་འགག་རྩར་ཐུག་དུས་རྒྱ་ནག་གཞུང་དང་ཚད་མཐོའི་མགྲིན་དབྱངས་གཅིག་ཏུ་འགྱུར་ལ། བོད་ངོས་ཕྱོགས་ལ་ཁེ་བཟང་ཁ་གང་སྐར་མ་གང་སྟེར་གི་མེད། ཕྱི་ཚུལ་ཙམ་དུ་བལྟས་ན། བོད་རྒྱ་འབྲེལ་མོལ་སྐོར་ལ་རྒྱ་མི་མང་གཙོ་དོན་གཉེར་བ་འདི་ཚོས་བོད་མིར་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་མོད། དོན་དུ་བོད་དང་ཤར་ཏུ་ཁི་སི་ཐན། སོག་པོ་བཅས་ངེས་པར་རྒྱ་ནག་དང་ཁ་འབྲལ་ཆོག་གི་མ་རེད། ཁྱོད་ཚོར་རང་ཐག་རང་གཅོད་དབང་ཆ་ཡོད་མི་འོས། ཡིན་གཅིག་མིན་གཉིས་རྒྱ་ནག་པ་བཟོ་དགོས་ཟེར་བའི་འདུ་ཤེས་བློ་རྡོ་རྗེའི་བྲག་ལས་སྲ་ལ། རྒྱ་མིའི་གཞུང་གི་ལྟ་བ་ལངས་ཕྱོགས་དང་ཆུ་ལ་ཆུ་བཞག་ཡིན་པ་ནི། <<བོད་རྒྱའི་གནད་དོན། རྩོམ་ཡིག་གཤག་བཅོས། མགོ་གཉིས་མ་དང་མང་གཙོའི་ཁྲིམས་སྲིད>>(རྩོམ་བྱང་འདིར་མ་ཡིག་ལྟར་ཨུ་ཚུགས་བརྒྱབས་ནས་ཐད་སྒྱུར་བྱས་ན། <<བོད་ཀྱི་གནད་དོན། བཙོག་འདོར་གཏམ་གསར། བསམ་བློ་སྣ་གཉིས་དང་མང་གཙོ་ཁྲིམས་སྲིད>>ཅེས་འབྲི་དགོས་མོད། འདིར་རྩོམ་ཡིག་ཧྲིལ་པོའི་བསྟན་དོན་ནམ་དོན་སྒྱུར་རང་གི་དབང་དུ་བྱས་ནས་འདི་ལྟར་བསྒྱུར་བ་ཡིན) ཅེས་པ་འདི་བཀླགས་ན་ཤེས།

       ཞོར་དུ། རྩོམ་པ་པོ་འདི་ངོས་སྦྱོར་རོབ་ཙམ་ཞུ་འདོད། ཐང་ཏང་ཧུང་ནི་དབྱི་སི་རལ་གནས་སྡོད་བྱས་ཡོད་ལ། བོད་རྒྱའི་འཐབ་རྩོད་ཐད་བོད་མིར་དོན་དམ་རྒྱབ་སྐྱོར་གནང་མཁན། ཡང་ན། 1949 སྔོན། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཁས་ལེན་བྱེད་ལ། ཁ་ཞེ་གཉིས་མེད་སྒོ་ནས་མ་འོངས་པར་བོད་མིར་མི་རིགས་རང་ཐག་རང་གཅོད་དབང་ཆ་དགོས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན། མོས་བསམ་ན། བོད་རྒྱའི་གནད་དོན་ནི་རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་བཙན་བཟུང་བྱས་ཏེ་དབང་སྒྱུར་བྱས་པ་དང་། འཐབ་རྩོད་འདི་ནི་བཙན་འཛུལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཏུ་འདོད་ཀྱི་ཡོད། ད་ཕན་ཁོ་མོས <<བོད་ཀྱི་དཀའ་སྡུག་དང་ངའི་ཞབས་འདྲེན>><<བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད>> <<བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཨེ་རེད>><<བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། >><<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>> སོགས་འཐེན་ཤུགས་ཡོད་པའི་དཔྱད་གཏམ་མང་པོ་སྤེལ་ལ། ད་དུང་ཉེ་བའི་ནང་བཙན་བྱོལ་བོད་གཞུང་ཐེ་ཝན་དོན་གཅོད་ལས་ཁུངས་ཀྱི་རོགས་རམ་འོག་གངས་ལྗོངས་པར་སྐྲུན་ཁང་ནས<<བོད་ཀྱི་དུས་ལོག—རྒན་རབས་བཙན་བྱོལ་བོད་མི་བཅར་འདྲིའི་ཟིན་ཐོ>>ཞེས་པའི་དཔེ་དེབ་ལྗིད་ཚད་ཡག་པོ་ཡོད་པ་ཞིག་པར་སྐྲུན་བྱ་ཐུབ་པ་བཅས།


རྩོམ་པ་པོས་ཐོག་མའི་འགྲེལ་བརྗོད།

       གནད་དོན་ངོ་མ་ཡོད་ས་འདི་ལྟར་ཏེ། གལ་སྲིད་སྨྲ་བརྗོད་རང་དབང་གི་དམིགས་འབེན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཚེ། ད་དུང་མི་དམངས་ཀྱི་བདག་དབང་བརྗོད་པའི་རང་དབང་ལའང་བརྩི་སྲུང་བྱ་དགོས། གནད་དོན་ངོ་མ་ནི། བྱེད་སྟངས་འདི་མགོ་གཉིས་མའི<<མང་གཙོའི་རྒྱ་ནག>>ཅིག་ཨེ་རེད། མང་གཙོའི་རྒྱ་ནག་འདིར་ཁྱད་མཚར་ཅན་གྱི་དབང་ཆ་ཞིག་ཡོད་པ་ནི། རང་སོ་སོའི་འདོད་མོས་རང་བཞིན་སྒོ་ནས་གཞན་གྱི་རྩོམ་ཡིག་གཤག་བཅོས་བྱེད་ཆོག་ལ། ཞིབ་ཚགས་ངང་ནས་རྩོམ་ཡིག་ནང་དོན་བཟོ་བཅོས་རྒྱག་ཆོག དེ་ལྟར་བྱས་ནས་ཀློག་པ་པོ་བསམ་བློ་གུ་དོག་ཏུ་གཏོང་བ་དང་ཚོད་འཛིན་བྱས་ཏེ། སྣེ་འཁྲིད་ཀྱི་ཡོད་པ་ཨེ་ཡིན། དེ་ནི་སྔོན་ཆད་སུས་བཏང་འཛིན་བྱས་ཡོད་ན། འབྱུང་འགྱུར་ཡང་དེས་བཏང་འཛིན་བྱེད་ཀྱི་རེད་ཟེར་བའི་མང་གཙོའི་རྒྱ་ནག་ཅིག་ཨེ་ཡིན།


1.རྩོམ་ཡིག་གཤག་བཅོས།

      1951ལོར། བཙན་ཤེད་འོག་བོད་དང་རྒྱ་ནག་དབར<<ཆིངས་དོན་བཅུ་བདུན>>བཞག་རྗེས། བོད་སྲིད་གཞུང་གི་དབུ་ཁྲིད་རྩེ་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་རྒྱལ་མཚམས་བརྒལ་ནས་རྒྱ་གར་དུ་འབྱོར་བ་རེད། ཁོང་གི་བརྩམས་ཆོས་གྲགས་ཅན <<བོད་ཀྱི་སྲིད་དོན་རྒྱལ་རབས>>གླེང་བརྗོད་ལས། ང་བོད་དུ་བཙན་དབང་སྒོ་ནས་རྒྱ་དམར་དང་མཉམ་ལས་བྱེད་པར་ལོག་འདོད་མེད་ཅེས་གསུངས།

      རང་ཉིད་ཀྱི་གནའ་བོའི་རྒྱལ་ཁབ་རི་ཆུ་ཆག་གྲུམ་བཏང་བ་དངོས་སུ་མཐོང་བའི་བོད་མི་འདི་དང་ལྷན་ཅིག་ཏུ་འགྲོགས་པའི་སྐྱོ་སྡུག་གི་རོགས་ཟླ་ཞིག་ཡོད་པ་ནི། བོད་ཀྱི་གནའ་དཔེ་འབོར་ཆེན་དེ་དང་བོད་སྲིད་གཞུང་གི་འགངས་ཆེའི་ལས་དོན་ཡིག་ཚགས་དེ་དག་རེད། 【1】ཞྭ་སྒབ་པས་ཧ་ཅང་ཕུན་སུམ་ཚོགས་པའི་རྒྱུ་ཆ་དེ་དག་ལ་གཞི་བཅས་ཏེ་དཔྱད་པ་མཐར་ཕྱིན་བྱས་པ་རེད། ཁོང་གིས་མི་ལོ་བཅུ་ཉི་ཤུའི་རིང་རྩོམ་འབྲི་བྱས། 1967དང1976བཅས་ཆག་སྒོ་བསྟུད་མར་བརྩེགས་པའི་ལོ་ཟླའི་ནང་དུ། <<བོད་ཀྱི་སྲིད་དོན་རྒྱལ་རབས>>བོད་དབྱིན་པར་གཞི་སྡེབ་གཅིག་ཏུ་བཏོན་པ་རེད། དཔེ་དེབ་མཚམས་སྦྱོར་ལས་འབོད་སྐུལ་འདི་ལྟར་གནང་བ་སྟེ། ཁྱོད་ཀྱི་མིག་ཟུང་གཙང་ཕྱིས་བྱས་ནས་དངོས་དོན་ལ་དཔྱད་ཞིབ་བྱས་ཐོག བོད་རང་བཙན་རྒྱལ་ཁབ་འདིའི་ལོ་རྒྱུས་ཀྱི་མཐའ་རྒྱ་ཆོད་ཤོག་ཅེས་བྲིས་ཡོད།

       འོ་ནའང་། བོད་ནང་གི་བོད་མི་དང་རྒྱ་ནག་པ་སུས་ཀྱང་བོད་ཀྱི་ལོ་རྒྱུས་སྒང་གི་དབང་ཆ་ཁ་གསལ་བཟོས་མེད། ད་ཕན<<བོད་ཀྱི་སྲིད་དོན་རྒྱལ་རབས>>འདིར་རྒྱ་གཞུང་ནང་ཁུལ་གྱི་རྒྱ་འགྱུར་པར་གཞི་གཉིས་ཡོད། དེ་དག་དམིགས་བསལ་གོ་གནས་ཡོད་པའི་ནང་ཁུལ་མི་སྣར་སུན་འབྱིན་བྱ་སྤྱད་འབའ་ཞིག་ཏུ་གཡར་བ་རེད། ནང་ཁུལ་གྱི་རྒྱ་འགྱུར་པར་གཞི་འདི་གཉིས་ལས། གཅིག་གིས<<བོད་ཀྱི་སྲིད་དོན་རྒྱལ་རབས>>ཞེས་བསྒྱུར་ཡོད་པ་དང་། ཅིག་ཤོས་ལས <<བོད་ཁུལ་གྱི་སྲིད་དོན་རྒྱལ་རབས>>ཞེས་བཅོས་སྒྱུར་བྱས་ཡོད་པ་རེད། མ་གཞི་བོད་ཡིག་རང་སྟེང་ན་ཡོད་པའི་བོད་དང་། དབྱིན་ཡིག་ན་ཡོད་པའིTibet སོ་སོའི་ནང་དོན་ནི་བོད་ཁུལ་ཟེར་བ་འདི་མ་རེད། བོད་ཁུལ་ཟེར་བའི་ནང་དོན་ནི་རྒྱ་ནག་གི་བོད་རིགས་གནས་སྡོད་ས་ཁུལ་ཞེས་པའི་དོན་ཡིན། རེད་དེ། རྒྱ་ནག་དབུས་གཞུང་ཏང་སློབ་ཀྱི་བོད་རིག་པ་བ་དང་། དགེ་རྒན་ཆེན་མོ་ཧུའུ་ཡན་གྱིས་བཤད་དོན། བོད་ཁུལ་ལ་བསྒྱུར་ན་ཆེས་ཡང་དག་པ་རེད་ཟེར་ཡོད། 【2】

       བོད་ཀྱི་ལོ་རྒྱུས་ངོ་མ་ཞིག་མཁོ་སྤྲོད་བྱེད་པའི་སླད་དུ<<བོད་ཀྱི་སྲིད་དོན་རྒྱལ་རབས>>ན་བཀོད་པའི་ནང་དོན་བཙོག་པ་རྣམས་འདོར་དགོས་ཟེར། 【3】འདིའི་ཆེད་དུ་རྒྱ་གུང་ཁྲན་གྱིས་དམིགས་སུ་བཀར་ནས་ཆེད་མཁས་ཚོགས་པ་བཙུགས་ཏེ<<བོད་ཀྱི་སྲིད་དོན་རྒྱལ་རབས>>གཤག་ལས་བཟོ་བཅོས་བྱས། <<བོད་ཀྱི་སྲིད་དོན་རྒྱལ་རབས>>མ་དེབ་དེ་མགོ་ནས་མཇུག་བར་དྲེག་པ་ཅན་ཞིག་ཏུ་བརྩིས་ནས་མི་རྣམས་ཀྱི་མཐོང་ཡུལ་ན་མེད་པ་བཟོས་ཡོད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འགྲེལ་བརྗོད་ཡོངས་སུ་རྫོགས་པ་ཆབ་སྲིད་དམིགས་ཡུལ་ཞིག་གི་སྒོ་ནས་གོམ་པ་འདོར་བ་རེད་ལ། ཚིག་བརྗོད་གསར་པ་འདྲ་མིན་སྣ་ཚོགས་ཁྱེར་ཡོང་ནས་གནད་འགག་ཡོད་སར་བརྗེ་བསྒྱུར་བྱེད་པ་རེད། ཚིག་བརྗོད་གསར་བཟོ་བྱས་ནས་མི་རྣམས་མགོ་གཡོག་མགོ་སྐོར་བྱེད་པ་དཔེར་ན། བོད་དང་ཐུ་བྷོད་ཀྱི་མིང་ཚབ་ཏུ་བོད་ཁུལ་ཟེར་བ་འདི་བཙུད་ཡོད་པ་དང་། (བོད་དམ་ཐུ་བྷོད་ནི། བོད་ཆོལ་གསུམ་ཁྱབ་པའི་བོད་རྒྱལ་ཁབ་ཆེན་མོ་རེད)བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་འདིར་རྒྱ་ནག་གི་བོད་ས་གནས་ལོ་རྒྱུས་ཡིག་ཆ་ཞེས་བསྒྱུར། བོད(བོད་རྒྱལ་ཁབ)ཅེས་པའི་བརྗོད་དོན་ཆུང་དུ་བཏང་ནས་བོད་རང་སྐྱོང་ལྗོངས་ཟེར་བ་ཡིན་པར་ཤོད། ཁམས་དང་ཨ་མདོ་ལ་ཞིང་ཆེན་བཞིའི་བོད་ཁུལ་དུ་འབོད། བོད་པའམ་བོད་མིར་བོད་རིགས་ཞེས་བརྗོད། བོད་ཡིག་ནང་གི་མན་ཇུ་གོང་མའི་སྲས་ལ་རྒྱ་སྒྱུར་བྱས་དུས་གོང་མ་ཆེན་མོའི་སྲས་སུ་བསྒྱུར། ས་སྟག་དང་ས་ཡོས་ལོ་བཅས་བོད་ལོ་བརྩི་སྟངས་འདི་རིགས་ལ་ཀང་ཤུག་ལོ་བཞི། ཀང་ཤུག་ལོ་ལྔ་ཟེར་ནས་རྒྱ་ལུགས་སུ་ཁྱབ་པར་བྱས། བོད་གྱུར་མིད་བཏང་བ་ལ་བཅིངས་འགྲོལ་དུ་བོས། འགོག་རྒོལ་ལ་ངོ་ལོག་སོགས་བཏགས་ཡོད།

        རྗོར་ཅི་ཨོ་ཝེ(George Orwell )ཡིས<<1984 >>ཞེས་པའི་དཔེ་དེབ་ལས། ཚིག་བརྗོད་རྙིང་པ་དག་གིས་བསྟན་པའི་དོན་དངོས་ཤེས་བྱ་ཡོངས་སུ་རྫོགས་པ་བརླགས་ཟིན་་་་་་། འོན་ཏེ། ཚིག་བརྗོད་གསར་པའི་རྣམ་པ་ཅན་ད་ལྟའང་ཡོད་མོད། འདི་ཚོ་རྣམ་པ་མི་འདྲ་བ་ཙམ་དུ་མ་ཟད། ནང་དོན་ཐད་ནས་ཚིག་བརྗོད་རྙིང་པ་དང་གནམ་སའི་ཧེ་བག་ཤོར་ཡོད་ཅེས་འཁོད་པ་ཁོ་ན་ལྟར་ཏེ། ཚིག་བརྗོད་རྙིང་པ་སྤྱོད་མཁན་ཚོ་ནི་རྒྱལ་ཁབ་ཤོར་བའི་སེམས་སྡུག་གིས་ད་དུང་ཡང་ཞུ་འབོད་བྱེད་པ་རེེད་ལ། མི་ལ་ལ་ཞིག་གིས་ཞིབ་དཔྱད་བྱས་ཏེ་འདི་ནི་སྡིག་ཉེས་ཐམས་ཅད་ཀྱི་ཚད་མཐོ་ཤོས་སུ་གྱུར་པའི་རྒྱལ་སྤྱིའི་ཉེས་སྤྱོད་ན་འདུ་བ་རེད་ཟེར། 【4】དེ་ལྟར་འདས་པོའི་ལུས་དྲོད་མ་ཡལ་བའི་གོང་ནས། གོ་རིམ་ཡོད་པའི་སྒོ་ནས་ནམ་ཡང་ཁུ་སིམ་མེར་འདུག་མ་མྱོང་བའི་གནོད་འཚེ་ཕོག་མཁན་ཚོ་དང་གཟུ་དཔང་བར་གདོང་གཏད་དེ། སྨྲ་བརྗོད་རང་དབང་དང་གནས་ཚུལ་རྒྱུས་ལོན་བྱེད་པར་སྲུང་སྐྱོབ་བྱེད་སའི་རང་དབང་བའི་འཇིག་རྟེན་ནས་ཀྱང་། སྨྱན་སྦྱོར་ཚན་པ་ལ་ལས་ག་ལེ་ག་ལེར་རྒྱ་ནག་གི་བོད་དང་། བོད་ཁུལ། རྒྱ་ནག་དབུས་སྲིད་གཞུང་། བོད་རིགས་ལ་སོགས་པའི་ཚིག་བརྗོད་གསར་པ་ལ་བརྟེན་ནས། ཚིག་བརྗོད་གསར་པའི་རྒྱལ་ཁབ་ཀྱི་བོད་གསར་འགྲེལ་སྟངས་ལ་ཆས་བཞིན་ཡོད་མོད། བལྟས་ཚོད་ལ་ད་དུང་ལས་ངན་བྱས་ཡོད་བསམ་པའི་རྣམ་པ་ཅུང་ཙམ་ཡང་མངོན་རྒྱུ་མེད། ཚིག་བརྗོད་གསར་པས་ཚིག་བརྗོད་རྙིང་པའི་ཚབ་ཡོངས་སུ་བྱེད་ཐུབ་པའི་དུས་ན། འདས་སོང་དང་མཐའ་མའི་འབྲེལ་ཐག་ཆད་པ་ཡིན་དུས། དོན་དུ། ལོ་རྒྱུས་ཧྲིལ་བོ་བསྐྱར་འབྲི་བྱས་ཚར་བ་རེད། 【5】

      ཚིག་བརྗོད་གསར་པའི་འཇིག་རྟེན་ནས་ཡོང་བ་ངས། ལོ་རྒྱུས་ཐོག་ཏུ་དབུས་སྲིད་གཞུང་དང་། བོད་ཁུལ། བོད་རིགས་ཟེར་བ་སོགས་ལས་གྲུབ་པའི་རྒྱ་ནག་གི་བོད་ཡིན་པར་ཡིད་ཆེས་བྱེད་མྱོང་། ད་ནི་བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་གི་ལོ་རྒྱུས་ལྷན་ཅིག་ཏུ་ལྟ་བའི་བསྐལ་བ་ཡོད་དུས། བཅོས་ལྷད་བྱས་པའི་བོད་ཀྱི་ལོ་རྒྱུས་གོ་ཐོབ་ལ་ཡིད་ཆེས་བརླགས་ཡོད་སྟབས། རྒྱ་ནག་གིས་བསྲེས་ལྷད་བྱས་པའི་ལོ་རྒྱུས་ལ་ཡང་རང་བཞིན་གྱིས་འདོད་མོས་མེད་པ་བཤད་ཅི་ལ་དགོས། དོན་དུ་ལོ་རྒྱུས་ཀྱི་ཐོག་མའི་ངོ་གདོང་ལ་བསྲེས་ལྷད་བྱེད་པ་འདི། ནམ་ཞིག་དངོས་ཡོད་གནས་ཚུལ་སྟོབས་ཀྱིས་དང་ལེན་བྱ་མི་སྲིད། དཔེར་ན། ལྕགས་ཁྲབ་འཁོར་ལོས་གྲོང་མིའི་ཤ་རུས་ལེབ་ལེབ་ཏུ་བཟོས་པའི་སྐད་ཅིག་དེ་ཉིད་ལ། ལང་ཚོ་དར་བབ་ཀྱི་བྲང་ངོས་སུ་མེ་མདས་ཚལ་པར་གཏོར་བའི་དུས་དེ་ཙ་ན། སློབ་མ་ཚོར་འཇིགས་སྐུལ་བ་ཞིག་ཏུ་བཤད་པ་དང་། གྲོང་མི་ཚོ་ནི་རྡུང་གཅོག་འཕྲོག་སྲེག་ཤོག་ཁག་ཏུ་བོས། སྡེབ་གསོད་ནི་བརྟན་ལྷིང་ཆིག་སྒྲིལ་དུ་བཤད་པ་རེད། རྒྱལ་ཁ་ཐོབ་མཁན་ཚོའི་ལོ་རྒྱུས་ནི་བཅོས་མ་ཞིག་ཏུ་ཕྱིར་མངོན་བྱུང་བ་རེད། གང་ལྟར། མི་འབོར་དུང་ཕྱུར་བརྒལ་བ་ཞིག་གིས་ཏན་ཏན་རྒྱལ་ཁ་ཐོབ་མཁན་ཚོས་ཅི་ལྟར་ལོ་རྒྱུས་ཁ་ལོ་བསྒྱུར་བ་མིག་གིས་མཐོང་ཡོད། ཐ་ན། ངོ་རྒོལ་བ་ཟེར་བའི་སྐད་ཆ་སྤྱད་ནས་ཅི་ལྟར་གཙང་འཕྱག་བྱས་ཡོད་པ་ཤེས་ཡོད་ལ། བཙན་ཤེད་སྒོ་ནས་མགོ་བསྒུར་དུ་བཅུག་པའི་མི་ལ་ལར་དབུས་གཞུང་བརྙན་འཕྲིན་ལེ་ཚན་དུ་འདི་ཡིན་འདི་མིན་གྱི་སྐད་ཆ་བཤད་བཅུག་པ། འགྲེལ་བཤད་སྣ་ཚོགས་རྒྱག་རྒྱུ་ཡོད་པའི་བདེན་ཚིག་བཤད་བཅུག་པ། ཕྱི་ཚུལ་དུ་དྲག་སྤྱོད་རྣམ་པ་མངོན་གྱི་མེད་ལ། གཏུམ་དྲག་པས་མིའང་བསད་མེད། ང་ཚོས་མཐོང་བའི་མི་འདི་དག་རེ་རེ་བཞིན་དྲང་བདེན་མེད་པའི་དབང་ཆའི་འོག་ཡ་ང་ཤ་ཚ་མེད་པར་འཕྱ་སྨོད་གཟེད་དགོས་ཐུག་ཡོད། ཁོས་ནི་མི་སུ་འདྲ་ཞིག་ཡིན་ནའང་སྐྱག་རྫུན་བཤད་འཇུག་གི་ཡོད་པ་རེད།

      སོ་སོ་རང་གིས་གསུབ་བཅོས་དང་། བཅད་གཏུབ། སྦས་འགེབས། འཁྱོག་བརྗོད། ཚིག་བརྗོད་གསར་པ་ལ་བརྟེན་ནས་མཛེས་པའི་འཇིག་རྟེན་ཞིག་བསྐྲུན་ཡོད་ནའང་ཨ་ཞང་རྒན་པ་ཞིག་མ་རེད། གང་ཞེ་ན། རྒྱ་གུང་ཁྲན་ལ་འདི་རིགས་གཞི་རྒྱ་ཧ་ཅང་ཆེ་ལ། བགྲང་གིས་མི་ལངས་བའི་གཏམ་བཤད་མཁན་དང་རྩོམ་པ་པོ་ཡོད་པ་རེད། དཔེར་ན། <<1984>>ཞེས་པའི་གཙོ་འཁྲབ་པ། བདེན་དོན་པུའུ་ལས་བྱེད་ཝན་སི་ཏུན་ཧྲི་མི་སི་ལྟ་བུ། བོད་རང་སྐྱོང་ལྗོངས་ནས <<བོད་ཀྱི་སྲིད་དོན་རྒྱལ་རབས>>གཤག་བཅོས་ཚོ་ཆུང་གི་རྩོམ་སྒྲིག་མི་སྣ་དེ་དག་འདྲ་བོ་་་་་་། གཅིག་བྱས་ན། ཕལ་ཆེར་ཨ་ཞང་རྒན་པར་ངོ་རྒོལ་བྱེད་མཁན་ཚོའམ། དམ་བཅས་ཏེ་ཁྲིམས་སྲིད་ཀྱི་མང་གཙོའི་རྒྱ་ནག་བསྐྲུན་དགོས་བཤད་མཁན་ཚོའང་ཚུད་ཡོད།

      2016ལོའི་ཟླ་བ 8པར། གུས་མོས <<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>【6】ཞེས་པའི་རྩོམ་ཡིག་འདི་ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་གནང་བཞིན་ཡོད་པའི <<མང་གཙོའི་རྒྱ་ནག>>དྲ་བར་བསྐུར་བ་ཡིན། འདི་ནི་རྒྱ་ནག་གི་དྲ་འགོག་ཡོལ་བས་བསྒྲིབས་པའི་སྲིད་དོན་གླེང་སའི་དྲ་རྒྱ་ཞིག་རེད། རྒྱ་ནག་ནང་ཁུལ་གྱི་ཀློག་པ་པོ་ཚོས་ངེས་པར་དབང་འཛིན་པའི་དྲ་གྱང་བརྒལ་རྗེས། ད་གཟོད་གཞི་ནས་གླེང་སྟེགས་འདིར་བཀོད་པའི་བསམ་བརྗོད་རང་དབང་ཅན་གྱི་སྐད་ཆ་དག་བལྟ་ཀློག་ཐུབ་ཀྱི་ཡོད། <<མང་གཙོའི་རྒྱ་ནག>>གི་དྲ་བདག་ངོ་མ་རྒྱ་ནག་གི་ཆབ་སྲིད་བཙོན་པའི་ཉེས་མིང་ཕོག་ནས་བཙོན་འཇུག་སྡུག་བསྔལ་མྱོང་བཞིན་ཡོད་པ་རེད། ཁོང་ནི2010ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་རེད། ཁོང་བཙོན་འཇུག་བྱས་རྗེས། ཁོང་གི་གྲོགས་པོས་ཚབ་བྱས་ཏེ་ལས་གཉེར་བྱས་ཡོད་པ་རེད།

      <<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཞེས་པ་འདི་ནི་བོད་ཀྱི་གནད་དོན་མགོ་ཁུངས་ཅི་ལྟར་ཡིན་མིན་སྐོར་གྱི་རྩོམ་རིང་ཞིག་རེད། ངས་མན་ཇུ་བཙན་རྒྱལ་བས་དཔལ་འབྱོར་སླད་དུ་བོད་གྱུར་མིད་གཏོང་འདོད་ཀྱི་ལྐོག་ཇུས་ཅི་ལྟར་བཤམས་པའི་སྐོར། བཙན་རྒྱལ་བའི་མགོ་པས་བོད་ཤར་ཕྱོགས་ས་ཁོངས་སུ་རྒྱ་བསྐྱེད་བྱ་བའི་སླད་ཁ་གཡར་ས་ཅི་འདྲ་བྱས་ཡོད་མེད་སོགས་བྲིས་ཡོད། ཁ་གཡར་ས་དེ་དག་ད་སྐབས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པ་དག་གི་རྩ་བའི་རྟེན་གཞིའང་རེད། ཁོང་ཚང་རྫིག་མདོག་སྟོན་མོད་རྦད་དེ་དཀར་འདེད་ནག་འདེད་བྱེད་དུས་བཟོད་ཀྱི་མེད། ངས་ད་དུང་རྒྱལ་ཁབ་རིམ་པ་ཞིག་གིས་རྒྱུ་ལ་བརྔམས་ཤིང་སྲོག་ལ་རྒོལ་ཚུལ་བཅས་བྲིས་ཡོད། དེ་ནི་བདག་དབང་དམངས་ལ་ཡོད་པ་དང་མི་དམངས་ཀྱི་བདག་དབང་ལ་ཁས་ལེན་དང་གསལ་འདེབས་བྱས་པ་ཞིག་ཡིན། ངའི་རྩོམ་ཡིག་གི་མཇུག་སྡུད་སྐད་ཆ་ལས། 1909ལོའི་ཟླ་བ 11ཟླ་མགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ལྷ་སར་ལོག་ཕེབས་པའི་སྐབས་སུ། བོད་མི་དམངས་ཀྱིས་ཁོང་ལ་ཐམ་ཀ་གསར་པ་ཞིག་ཕུལ་བ་རེད། དེའི་སྟེང་དུ་འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་གི་ཀུན་ཁྱབ་རྒྱལ་བསྟན་ཡོངས་ལ་མངའ་དབང་བསྒྱུར་བ་ཐམས་ཅད་མཁྱེན་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ལྷ་མི་ཡོངས་ཀྱི་སྤྱི་བོས་མཆོད་པའི་ཡིད་བཞིན་དབང་གི་རྒྱལ་པོའི་ཕྱག་རྒྱ་ཟེར་བཀོད་ཡོད་པ་རེད།【7】ཐམ་ཀ་འདི་ནི་བོད་མི་དམངས་ཀྱིས་མན་ཇུ་དང་རྒྱ་ནག་གི་ཐེ་ཇུས་དང་ལེན་མེད་པའི་མཚོན་རྟགས་ཤིག་ཡིན། མི་དམངས་ཀྱིས་ཏཱ་ལའི་བླ་མ་ཁས་ལེན་བྱེད་པའི་བདེན་དཔང་གསོན་པོ་ཞིག་རེད། ཏཱ་ལའི་བླ་མ་དང་དགའ་ལྡན་ཕོ་བྲང(བོད་ཀྱི་སྲིད་གཞུང)གི་ཁྲིམས་མཐུན་རང་བཞིན་འདི་ལྟར་ཡིན་པ་རེད། བོད་མི་དམངས་ཀྱིས་ཐམ་ཀ་འདི་ཏཱ་ལའི་བླ་མར་འབུལ་བའི་སྐབས་སུ། མན་ཇུའི་དམག་གིས་དབྱིན་ཇིའི་རྒྱལ་ཁབ་ལྷན་དུ་བཞག་པའི་ཆིངས་ཡིག་ལ་རྩ་བ་བཟུང་ནས། དབྱིན་ཇིའི་ཚོང་འགྲུལ་གྲོང་ཁྱེར་སྲུང་སྐྱོབ་བྱ་དགོས་ཟེར་བའི་མིང་གཡར་ཏེ་བཙན་གྱིས་ལྷ་སར་ཉེ་བར་བཅར་བཞིན་ཡོད།

      ངེས་པར་ནན་བརྗོད་བྱ་དགོས་པ་ཞིག་ལ། ཏག་ཏག་བདག་དབང་མི་དམངས་ལ་ཡོད་པ་དང་། མི་དམངས་ཀྱི་བདག་དབང་ལ་ཁས་ལེན་དང་དམིགས་བསལ་གསལ་འདེབས་སྐོར་ལ། ངའི་རྩོམ་ཡིག<<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཅེས་པའི་མཇུག་སྡུད་ལས་གསལ་བོར་བཤད་ཡོད། གང་ཞེ་ན། རྒྱ་ནག་གིས་རྟག་ཏུ་བོད་ཀྱི་བདག་དབང་ཡོད་པར་ཤོད་པའི་ཁུངས་སྐྱེལ་བྱེད་ནི་རྒྱ་ནག་གོང་མས་སྤྲད་པའི་ཆོ་ལོ་ཡོད་ཟེར་བ་དེ་རེད་ལ། བོད་ཀྱི་ལུགས་གཉིས་དབུ་འཛིན་བྱེད་པའི་དབང་ཆ་ཡོང་ས་གོང་མའི་སྐུ་དབང་རེད་ཟེར། རྒྱ་ནག་གི་ལོ་རྒྱུས་མཁས་པ་ཚོས་བོད་ཀྱི་བདག་དབང་ཡོད་ཟེར་བའི་དུས་ཚོད་ཐད་ལ་རྐྱང་སྐུམ་སོམ་ཉི་ཆེ། རྒྱ་གུང་ཁྲན་རྒྱལ་ཁབ་འདིས་བོད་ཀྱི་བདག་དབང་གནའ་སྔ་མོ་ནས་ཡོད་ཟེར་མྱོང་ལ། ཡང་སྐབས་ཤིག་ཏུ་ཐང་རྒྱལ་རབས་ནས་ཟེར་ཡོད། ཉེ་རབས་ནང་ཡོན་རྒྱལ་རབས་ནས་ཞེས་དྲིལ་བསྒྲགས་སྐད་ཆ་གཏན་འཁེལ་འདྲ་བོ་བཟོས་ཡོད། མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་མཁས་པ་ཚོས་མན་ཇུ(ཆིང་རྒྱལ་རབས)ནས་བཟུང་བོད་ཀྱི་བདག་དབང་ཡོད་ཟེར་མོད། དོན་དུ་མན་ཇུ་རང་ཉིད་ཀྱི་ལིས་ཕང་ཡོན(理藩院)(སྒྱུར་བ་པོའི་མཆན། ལིས་ཕང་ཡོན་ནི་ཕྱི་རྒྱལ་ལས་དོན་ཁང)ཟེར་བའི་ལས་ཁུངས་དེའི་ཁྱབ་ཁོངས་སུ་བོད་དང་ཨུ་རུ་སུ་གཉིས་ཀར་ཁྱབ་ཡོད། ཁྲོས་ཙང་ནི(筹藏)(སྒྱུར་བ་པོའི་མཆན། མན་ཇུའི་དུས་མཇུག་ཏུ་ཡོངས་གྲགས་སྒོ་ནས་བོད་ཅི་ལྟར་གྱུར་མིད་གཏོང་དགོས་མིན་ཡོན་ཏན་པ་ཚོས་གྲོས་ཁ་བསྡུར་བའི་དུས་རིམ )སྐབས་སུ། ཙང་ཧྥང (藏番)(སྒྱུར་བ་པོའི་མཆན། མན་ཇུ་བཙན་རྒྱལ་བའི་ཚིག་བརྗོད། ནང་དོན་ནི་མན་ཇུའི་རྒྱལ་ཁོངས་སུ་མ་འདུས་པའི་ཕྱིའི་རྒྱལ་ཁབ )ཧྲུའུ་ཀོ (属国)(སྒྱུར་བ་པོའི་མཆན། མན་ཇུའི་ཆབ་སྲིད་ཐ་སྙད། ཉེན་སྲུང་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཟེར་བའི་དོན། འདིར་ད་ལྟའི་འཇར་པན་དང་། ཝེ་ཐེ་ནམ། བྱང་ཀོ་རི་ཡ་བཅས་ཚུད་ཡོད། ) ཙུང་ཀྲུའུ་ཀོ (宗主国)(སྒྱུར་བ་པོའི་མཆན། འདི་ཡང་ཉེན་སྲུང་ས་ཁོངས་ཟེར་བའི་ནང་དོན་དང་ཆ་འདྲ ) སོགས་བོས་ཡོད་ལ། གཞན་ད་དུང་ས་ཁོངས་སུ་བསྡུས་ཏེ། འཛིན་སྐྱོང་ཞིང་ཆེན་དུ་བསྒྱུར་དགོས་ཟེར་བ་སོགས་ཀྱི་ཚིག་བརྗོད་སྣ་ཚོགས་སྤྱད་མགོ་བརྩམས།

        བོད་མིས་རྒྱ་ནག་གོང་མའི་དབང་ཆ་ཟེར་བ་ཁས་ལེན་བྱེད་ཀྱི་མེད་པ་སྟེ། དཔེར་ན་ཞྭ་སྒབ་པའི <<བོད་ཀྱི་སྲིད་དོན་རྒྱལ་རབས་ལས>>ཞིབ་བརྗོད་བྱས་དོན། ཏཱ་ལའི་བླ་མའི་སྐུ་དབང་ནི་བོད་མི་དམངས་ཀྱིས་དང་ལེན་ཡོད་ལ། བོད་མིར་ཉག་གཅིག་ཏུ་མངའ་བའི་ཆོས་སྲིད་ལྟ་སྟངས་ཤིག་རེད། ད་དུང་བོད་སྲིད་གཞུང་དང་མི་དམངས་ནས་མན་ཇུས་བོད་ཀྱི་ཆབ་སྲིད་ལ་ཐེ་ཇུས་བྱེད་པ་དེར་སྡང་ཟུག་བྱེད་པར་གསལ་འགྲེལ་བྱས་ཡོད། ངའི་རྩོམ་ཡིག་མཇུག་སྡུད་ན་གོང་མའི་ཐམ་ཀ་ཟེར་བ་དང་། མི་དམངས་ཀྱི་བདག་དབང་ཟེར་བའི་སྐོར་ལ་ཞིབ་གླེང་བྱས་པ་དེ་ནི། ཏག་ཏག་རྒྱ་ནག་གིས་བཅོས་ལྷད་བྱས་པ་དང་། བཀག་སྡོམ་བྱས་པའི<<བོད་ཀྱི་སྲིད་དོན་རྒྱལ་རབས>>ཀྱི་ནང་དོན་གཙོ་གྲས་ཤིག་རེད། ཐམ་ཀ་ཆེན་པོ་འདི་ནི་བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་དཔེ་དཔེ་སྐྲུན་ཁང་ངམ་གངས་ལྗོངས་རིག་མཛོད་དེབ་ཕྲེང 16 <<བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་སྒྲིག>>ཤོག་ལྷེ 74ན་བཀོད་ཡོད་པ་རེད།

       དེ་ལྟ་ནའང་། མ་གཞི<<མང་གཙོའི་རྒྱ་ནག>>གིས<<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཞེས་པའི་རྩོམ་ཡིག་འདི་འགོད་སྤེལ་བྱས་ཡོད་ནའང་། གཤག་བཅོས་ལག་ཐབས་སྤྱད་ནས་བཀོད་པ་རེད། ཀློག་པ་པོ་ཚོས་དོ་སྣང་འཕར་མ་ཡོང་བའི་སླད་དུ། ངས་རྩོམ་ཡིག་གི་མཇུག་སྡུད་དུ་ཞིབ་ཚགས་ངང་བཀོད་པའི་བོད་མི་དམངས་ཀྱིས་ཏཱ་ལའི་བླ་མར་ཕུལ་བའི་ཐམ་ཀའི་སྐོར་ཏེ། དབང་བསྒྱུར་བྱ་ཡུལ་བས་མོས་མཐུན་ཡོད་པ་དང་། མི་དམངས་ཀྱི་བདག་དབང་བཅས་པའི་སྐོར་ཆ་ཚང་ནག་གསུབ་བཏང་བ་རེད། ——-ངོ་མ་བྱས་ན། <<མང་གཙོའི་རྒྱ་ནག>>ཚང་ལ་དབང་བསྒྱུར་བྱ་ཡུལ་དག་གིས་མོས་མཐུན་ཡོད་པ་དང་། མི་དམངས་ཀྱི་བདག་དབང་སོགས་ལ་རྒྱུན་ཤེས་ཡོད་དགོས་མོད། བྱེད་སྟངས་དེ་ནི་ལྷང་ལ་བུད་པའི་ངོ་གཉིས་མའི་བྱེད་ལས་གསོན་པོ་ཞིག་རེད། <<མང་གཙོའི་རྒྱ་ནག>>གིས་དབང་བསྒྱུར་བྱ་ཚོས་མོས་མཐུན་ཡོད་པ་དང་། བདག་དབང་མི་དམངས་ལ་ཡོད་པ། མི་དམངས་ཀྱི་བདག་དབང་བཅས་ནག་གསུབ་བཏང་བས་རེད།

     <<མང་གཙོའི་རྒྱ་ནག>>གིས་ད་དུང<<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>མགོ་བརྗོད་འོག་ཏུ། མཚམས་སྦྱོར་ཡི་གེ་འམ་གནད་བསྡུས་སྐད་ཆ་ལྟ་བུ་ཞིག་ལས་སྣོན་བྱས་ནས་སྦྱར་ཡོད།【8】 བལྟས་ཚོད་ལ་ངའི་བརྗོད་ཚིག་དག་རེད་མོད། མ་རྩོམ་གྱི་མན་ཇུ་བཙན་རྒྱལ(གོང་མ་ཚང་ནས་སི་ཁྲོན་ཞིང་ཆེན་བར)རྒྱལ་ཁབ་ཅེས་པ་འདི། ཤོག་ཁག་ཡན་གར་པ་ཞིག་གི་གཟུགས་སུ་བཀོད་ལ། ཡང་མ་རྩོམ་ནས་སྡེ་དཔོན་འཐེན་ཏེ་གཞུང་དཔོན་གཏོང་བ། སི་ཁྲོན་མཐའ་མཚམས་ཀྱི་སྲིད་ཇུས་གསར་པ་ཟེར་བ་ནི་ས་ཁོངས་ཟླ་སྒྲིལ་དང་། བདག་དབང་བཙན་འཕྲོགས། རིག་གནས་མགོ་རྟིང་སློག་པ། དཔལ་འབྱོར་བཏང་འཛིན། བཙན་འཕྲོགས་ལ་དམིགས་ནས་ཁྲག་དྲི་བྲོ་བའི་བཙན་འཛུལ་བྱས་པ་རེད་ཅེས་ཐེར་འདོན་བྱས་པ་ལ། མཚམས་སྦྱོར་ཚང་གིས་འདི་ལྟར་གཤག་བཅོས་དང་འཁྱོག་བརྗོད་བྱས་པ་སྟེ། ས་གནས་ཀྱི་ཆོས་ལུགས་རིག་གནས་དང་མི་རིགས་གོམས་སྲོལ་ལ་སྲུང་བརྩི་བྱས་མེད་པ་རེད་ཟེར། མ་རྩོམ་གྱི་མགོ་རྔ་ཡོངས་སུ་རྫོགས་པར་བོད་ཀྱི་བདག་དབང་ལ་འཁྲིལ་མོད། མཚམས་སྦྱོར་སྐད་ཆ་དེས་བོད་ཁུལ་ས་གནས་ཀྱི་དབང་ཆ་ཞེས་བཅོས། མ་རྩོམ་ལས། བོད་ཀྱི་མི་དང་རྒྱ་ནག་པ་ཞེས་རྒྱལ་ཁབ་སོ་སོར་ཡིན་པར་བསྟན་མོད། <<མང་གཙོའི་རྒྱ་ནག>>ཚང་གིས་བཙན་སྦྱར་བྱས་པའི་བསླུ་བྲིད་རང་བཞིན་གྱི་མཚམས་སྦྱོར་སྐད་ཆ་ལས་བོད་རིགས་ཞེས་བཅོས་པ་རེད། ……འདི་ནི་མི་སེམས་བདེ་ལ་འབབ་མི་ཐུབ་པའི་ཟུར་ཟ་དང་བཙན་བཀའ་ཞིག་རེད། ངའི་འགྲེལ་བརྗོད་གཙིགས་འཛིན་བྱེད་ས་ནི་དོན་དངོས་ལོ་རྒྱུས་དང་། མི་སེར་སྤེལ་བའི་རང་བཞིན་འདོར་དགོས་པའི་ལངས་ཕྱོགས་གཞི་རྩར་བཟུང་རྒྱུ་བཅས་ཡིན། རེད་དེ། <<མང་གཙོའི་རྒྱ་ནག>>ཚང་གིས་མི་སེར་སྤེལ་མཁན་གྱི་ཚིག་བརྗོད་གསར་པ་དག་ཆེད་དུ་གླན་ནས་ཀློག་པ་པོའི་བསམ་བློ་དང་བསམ་གཞིགས་མངོན་མཚན་མིན་པའི་སྒོ་ནས་བསླུ་བྲིད་བྱ་འདོད་པ་རེད། བོད་ཀྱི་གནད་དོན་འབྱུང་རྩ་དང་ང་ོབོ་སྟེ་བོད་ཀྱི་བདག་དབང་འདི་ལ། རྒྱ་ནག་གི་བོད་ལྗོངས་དང་དབུས་གཞུང་གི་དབང་སྒྱུར་བ་ཚོའི་སྲིད་ཇུས་དབར་འགལ་འདུ་བྱུང་བ་ཞིག་རེད་ཅེས་བཟོ་བཅོས་བྱས་པ་རེད།

       ཅིའི་ཕྱིར་དུ། འདི་ལྟར་མ་རུངས་ཁོག་བཅུག་གིས་ནག་གསུབ་བཏང་བ་དང་། འདི་ལྟར་བལྟས་ཚོད་ལ་གཅིག་པ་ལྟར་སྣང་བའི་ཚིག་བརྗོད་དག་གིས་བརྗེ་སྒྱུར་བྱས་པ་ཡིན། ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས<<མང་གཙོའི་རྒྱ་ནག>>ལ་རོགས་དངུལ་རྒྱབ་སྐྱོར་བྱེད་དོན་ནི་རྒྱ་ནག་མི་དམངས་ཀྱིས་སྨྲ་བརྗོད་རང་དབང་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ། དེས་མ་ཚད། གནས་ཚུལ་རྟོགས་པའི་དབང་ཆ་ཡོད་དུས་བསམ་ནས་སྡིངས་ཆ་དེ་འདྲ་ཞིག་བསྐྲུན་པ་རེད་མོད། ཁྱོད་ཚོས་ལས་ཀ་དེ་འདྲ་བྱེད་དགོས་དོན་ཅི་ཡིན།

      ངས་ཁོང་ཚོར་ལན་འདེབས་བྱས་པའི་བརྒྱུད་རིམ་ཁྲོད་དུ། <<མང་གཙོའི་རྒྱ་ནག>>དྲ་བའི་རྩོམ་སྒྲིག་པ་ཡིན་པར་ཁས་འཆེས་མཁན་ཞིག་གིས། མགོ་གཡོག་རང་བཞིན་གྱི་སྐད་ཆ་དེ་དག་འགྲེལ་ལོག་བརྒྱབ་ནས། རྒྱའི་སྐད་ཡིག་ཐོག་ཏུ་བརྡ་སྤྲོད་སྟངས་དང་གོ་བ་ལེན་སྟངས་མ་འདྲ་བ་ཡོད་རེད་ཟེར། ངའི་རྩོམ་ཡིག་གི་མཇུག་སྡོམ་སྐད་ཆ་ནག་གསུབ་བྱས་པས་ནང་དོན་ལ་འགྱུར་བ་སོང་སྟབས། ངས་ཡང་ནས་བསྐྱར་དུ་ཅིས་ཀྱང་མ་རྩོམ་སོར་འགོད་བྱ་དགོས་པ་བརྗོད་ཀྱང་། རྩོམ་སྒྲིག་པས་ལངས་ཕྱོགས་ཁ་གསལ་ཡོད་ལ། རྩོམ་ཡིག་བཀོད་ཚར་དུས་འགྲེལ་བརྗོད་ཉིས་ལོག་འགྲོ་བས་འགྲིག་གི་མ་རེད་ཟེར། ད་དུང་བརྗོད་དོན། འདི་ལྟའི་དུས་ཚོད་ཛ་དྲག་ལ་བསམ་གཞིགས་བྱེད་དགོས་དུས། རྒྱ་ནག་གི་མང་གཙོའི་འགྱུར་འགྲོས་འཐབ་རྭ་འདི་བསྲུང་བར་ལས་སླ་བོ་མ་རེད། རྩོམ་སྒྲིག་པས་མིག་རྒྱང་རིང་པོར་བལྟས་ཡོད་སྟབས། རྩོམ་ཡིག་ལ་ལར་བཟོ་བཅོས་བཅད་གཏུབ་བྱེད་ཀྱི་ཡོད། རྒྱུན་གཏན་དོན་དག་མི་འདྲ་བ་བཞི་ཡི་ཐོག་ནས་སོར་འགོད་བྱེད་རྒྱུར་ཁས་ལེན་བྱེད་ཀྱི་མེད་ཟེར། ངས་རྩོམ་སྒྲིག་པར་དཀའ་ངལ་ག་རེ་འདུག་ང་ལ་ཤོད་ཤོག་ཟེར་དུས། <<མང་གཙོའི་རྒྱ་ནག>>གིས་ལན་ཅི་ཡང་མ་བཏབ།

       ངས<<བོད་དོན་སྐོར་གྱི་རྩོམ་ཡིག་ཅིག་ནག་གསུབ་བཏང་བའི་སྐོར་འགྲེལ་བརྗོད>>ཅེས་པ་པོད་ཁུག་ཏུ་བཀོད་ནས་གཟའ་འཁོར་གཅིག་སོང་དུས། 【9】<<མང་གཙོའི་རྒྱ་ནག>>གིསtwitter@འོད་ཟེར་དང་ངེད་གཉིས་ལ་སྐད་ཆ་འདི་འདྲ་ཞིག་བཀོད་བྱུང་། རྩོམ་སྒྲིག་པ་ལའང་དཀའ་ངལ་འདུག དཀའ་ལས་མང་པོ་འཁུར་དགོས་ཀྱི་འདུག ང་ཡང་མ་རྩོམ་ལ་ཕྱོགས་ཡོད་ཟེར་བ་འདི་རེད། སྐད་ཆ་འདི་ཚོ་ནི་ཅི་འདྲའི་གཏད་སོ་མེད་པ་ཞིག་རེད་ལ། རང་སེམས་བདེ་བར་གནས་ཐབས་མེད་པ་ཞིག་ཀྱང་རེད། རྩོམ་སྒྲིག་པས་དང་པོ་ངའི་རྩོམ་ཡིག་གི་མཇུག་སྡོམ་བཀོག དེའི་ནང་ནས་ཞྭ་སྒབ་པས་བརྩམས་པའི<<བོད་ཀྱི་སྲིད་དོན་རྒྱལ་རབས>>ལས་མི་དམངས་ཀྱི་བདག་དབང་སྐོར་བཤད་པའི་ཞིབ་བརྗོད་གནད་དོན་ཞིག་ནག་གསུབ་བྱས་པ་རེད། <<བོད་ཀྱི་སྲིད་དོན་རྒྱལ་རབས>>ནི་རྒྱ་ནག་ནང་ཁོངས་སུ་མི་དམངས་མཐོང་ལམ་ན་ཡོངས་སུ་བཀག་རྒྱ་ཐེབས་པའི་དཔེ་དེབ་ཅིག་རེད། ཡང་སྐར་མ་ཁ་ཤས་རྗེས་ནས། <<མང་གཙོའི་རྒྱ་ནག>>རྩོམ་སྒྲིག་པསTwitterསྟེང་དུ་བཀོད་པའི་ཁོ་རང་གིས་བཤད་པའི་སྐད་ཆ་དུམ་བུ་དེའང་ནག་གསུབ་བཏང་ཚར་སོང་།


2. མགོ་གཉིས་མའི་མང་གཙོའི་ཁྲིམས་སྲིད།

      སྐུ་ཞབས་ལིའུ་ཞའོ་པའོ་ཡིས་དབུས་གཞུང་གི་བརྙན་འཕྲིན་དུ་བཤད་དོན། རྒྱ་གུང་ཁྲན་དམག་མིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མི་བསད་པ་ཁོང་གིས་མཐོང་མ་བྱུང་ཟེར་ཡོད། ང་ཚོས་ཤེས་གསལ་ལྟར། སུ་ཞིག་གིས་ཁོང་ལ་དབང་ཡོད་བཤད་པ་རེད། སུ་ཞིག་གི་ཁེ་དབང་ལའང་འདི་ལྟར་བཙན་གནོན་མ་ཕོག་པ་ཡོད་དམ། དོན་དུ་སུ་ཞིག་གིས་བརྩེ་མེད་སྒོ་ནས་སྤྱི་དམངས་ལ་འཕྱ་དམོད་བྱས་པ་ཤེས་ཡོད། སུ་ཞིག་གིས་བློ་སྟོབས་ཉམས་དམས་སུ་བཏང་བ་ཤེས་ཡོད། ཁོང་ལ་བཙན་ཤེད་སྒོ་ནས་མ་བཤད་རང་བཤད་བཟོས་པ་རེད། སུ་ཞིག་གིས་ཁོང་གི་བརྩམས་ཆོས་མེད་པར་བཟོས་པ་ཤེས་ཡོད། ནོ་སྦེལ་ཞི་བདེའི་བྱ་དགའ་གནང་བའི་སྐབས་སུ་ཁོང་གི་རྐུབ་བཀྱག་སྟོང་པ་དེས་འཛམ་གླིང་ལ་གོ་བརྡ་གསལ་པོར་བསྟན་པ་རེད། སུ་ཞིག་གིས་རྐུབ་བཀྱག་སྟོང་པ་འདིའི་སྟེང་གི་མི་བུ་དེ་ནག་གསུབ་བཏང་བ་རེད་དམ། ད་དུང་། ང་ཚོ་ཚང་མས་ཤེས་གསལ་ལྟར། སུ་ཞིག་གིས <<མང་གཙོོའི་རྒྱ་ནག>>གི་རྩོམ་སྒྲིག་པ་སྐུ་ཞབས་ལིའུ་ཞའོ་པའོ་ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་པའི་གནས་ཚུལ་དེ་དག རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་དམངས་མཐོང་ལམ་ནས་ནག་གསུབ་གཏོང་མཁན་སུ་ཡིན་པ་ཤེས་ཡོད།

      འོ་ན། ལིའུ་ཞའོ་པའོ་ཡི<<མང་གཙོའི་རྒྱ་ནག>>གི་ལས་ཀའི་སྐུ་ཚབ་ཏུ་གྱུར་པའི་རྩོམ་སྒྲིག་པར། སུ་ཞིག་གིས་རེ་སྐུལ་ཞུས་པའམ་བཀའ་བཏང་ནས་བོད་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་ལས། མེད་དུ་མི་རུང་བའི་དབང་བསྒྱུར་བྱ་ཚོའི་ངོས་ལེན་དང་མི་དམངས་བདག་དབང་བཅས་ཀྱི་ཞིབ་ཆའི་གནད་དོན་རྣམས་ནག་གསུབ་གཏོང་དགོས་པར་བརྗོད་པ་རེད། དེ་སུ་རེད།

      ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཐའ་མཚམས་བརྒལ་ཏེ་རྒྱ་གར་དུ་བཙན་བྱོལ་སླེབས་པ་རེད། གང་ཞེ་ན། ཁོང་གིས་ང་ལྷ་སར་ལོག་ནས་བཙན་དབང་སྒོ་ནས་དམར་ཤོག་རྒྱ་ནག་དང་མཉམ་ལས་བྱེད་འདོད་མེད་ཅེས་ཁོང་གིས་བརྩམས་པའི<<བོད་ཀྱི་སྲིད་དོན་རྒྱལ་རབས>>གླེང་བརྗོད་ནང་བཀོད་གནང་ཡོད། དེ་ལས་རྒྱ་ཆེ་བའི་དོན་སྙིང་ཞིག་གི་སྒང་ནས་བཤད་ན། ང་ཚོ་དང་། ང་སོགས<<མང་གཙོའི་རྒྱ་ནག>>གི་ད་ལྟའི་རྩོམ་སྒྲིག་པ་བཅས་ནི་རྣམ་པ་མ་འདྲ་བའི་སྒོ་ནས་ས་མཚམས་བརྒལ་བ་རྐྱང་རེད་ལ། དམར་མདོག་གི་རྒྱ་ནག་པ་དང་བཙན་ཤེད་ངང་ལྷན་གཅིག་ཏུ་མཉམ་ལས་བྱེད་འདོད་མེད་པ་རེད་ལ། དྲང་བདེན་མིན་པའི་ལོ་རྒྱུས་འགྲེལ་བརྗོད་པ་སུ་ཞིག་དང་མཉམ་ལས་བྱེད་འདོད་མེད་པ་མ་རེད་དམ། རྒྱ་ནག་གི་ཕྱི་ལོགས་སུ་བསྡད་དེ་སྨྲ་བརྗོད་རང་དབང་དང་ཁྲིམས་ཀྱིས་འགན་ཐེག་ཡོད་པའི་སྒོ་ནས་གནས་ཚུལ་རྟོགས་པའི་དབང་ཆ་ཡོད་སའི་རྒྱལ་ཁབ་ཏུ་བསྡད་ཡོད་དུས། ང་ཚོས་མཉམ་ལས་མི་བྱེད་པའི་ཁྱབ་ཁོངས་འདི་དག་ཀྱང་ཚུད་དགོས་པ་སྟེ། དབང་སྡུད་པས་ཚིག་བརྗོད་གསར་པར་བརྟེན་ནས་དོན་དངོས་གནས་ཚུལ་གཡོ་འགེབས་བྱས་པ་རྣམས་རྩོམ་འབྲི་བྱ་དགོས་པ། རྒྱ་ནག་གི་ཞིབ་བཤེར་ལས་ཁུངས་མ་ལག་ཚོས་ལྟ་བཤེར་བྱས་ཏེ་སྦས་བཀུངས་བྱས་པ་དག་རྩོམ་སྒྲིག་བྱེད་རྒྱུ། དོན་དངོས་གནས་ཚུལ་འགོད་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དཀའ་སྡུག་ཕོག་མཁན་ཚོ་རྨེག་མེད་དུ་འཇོམ་བཞིན་ཡོད་པར་བདེན་དཔང་བྱ་ཐུབ་དགོས་པ་སོགས་ལ་བརྟེན་ནས། སྐད་ཆའི་རང་དབང་དང་བསམ་བློ་བཏང་འཛིན་ལ་ཁ་གཏད་གཅོག་རྒྱུ་བཅས་ཡིན། ང་ཚོ་ཚང་མས་ཤེས་གསལ་ལྟར། སུ་ཞིག་གིས་མི་གཙང་བའམ་བཙོག་པ་ཞེས་པ་འདི་རྒྱུ་མཚན་དུ་བཞག་སྟེ། ཞྭ་སྒབ་པའི<<བོད་ཀྱི་སྲིད་དོན་རྒྱལ་རབས>>ནག་གསུབ་བཏང་བ་རེད།

      འོ་ན། སུ་ཞིག་གིས་ངས་བྲིས་པའི་རྩོམ་ཡིག་ལས<<བོད་ཀྱི་སྲིད་དོན་རྒྱལ་རབས>>ཀྱི་ལུང་ཚིག་ནང་དོན་ཏེ། དབང་བསྒྱུར་བྱ་དག་གིས་ཁས་ལེན་ཡོད་པ་དང་། མི་དམངས་མང་གཙོ་ཞེས་པའི་སྐབས་ཀྱི་ཞིབ་འགྲེལ་ར་སྤྲོད་ཐད་ཀློག་པ་པོར་མཐོང་དུ་འཇུག་འདོད་མེད་མཁན་སུ་རེད། དབང་ཆ་ཅི་འདྲ་ཞིག་ལ་བརྟེན་ནས<<མང་གཙོའི་རྒྱ་ནག>>གིས་ཕྱོགས་གཅིག་གི་འགྲེལ་བརྗོད་ལས་ཁྱོད་ཚང་གི་ཐོག་མའི་གཏམ་དཔེར་ན། གང་བསམ་དེ་དྲན་བཤད་སའི་གླེང་སྟེགས་ཤིག་ཡིན་པ་དང་། ལྟ་ཚུལ་མི་འདྲ་བ་དགའ་བསུ་བྱེད་པའི་རང་དབང་སྟེགས་བུ། འགྲན་གླེང་དང་དཔྱད་བསྡུར་ཟེར་བའི་སྐད་ཆ་ཡོད་པ་མ་རེད་དམ། 【10】ཕྱོགས་གཅིག་ནས་སྨྲ་བརྗོད་རང་དབང་དང་གནས་ཚུལ་ཤེས་པའི་དབང་ཆ་དག་ལ་རྒྱབ་འགལ་བྱས་ནས། བོད་མི་དམངས་ཀྱིས་ཏཱ་ལའི་བླ་མར་ཕུལ་བའི་ཐམ་ཀ་སྟེ། བདག་དབང་མི་དམངས་ལ་ཡོད་པའི་ཞིབ་ཕྲའི་གནད་དོན་རྣམས་ནག་གསུབ་བཏང་ཡོད། རྒྱུ་མཚན་ནི་རྒྱ་ནག་གི་མང་གཙོའི་འགྱུར་འགྲོས་གླེང་སའི་འཐབ་རྭ་འདི་སྲུང་སྐྱོབ་བྱ་དགོས་ཟེར། དོན་དམ་པས་དཀའ་ངལ་ཅི་ཞིག་ཡོད་པ་རེད། <<མང་གཙོའི་རྒྱ་ནག>>གི་མགོ་གཉིས་མའི་བསམ་བློ་འདིས། གནས་ཚུལ་ཤེས་པའི་དབང་ཆ་ལ་སྦས་འགེབས་བྱེད་པ། རང་དབང་གི་གླེང་བརྗོད་བཀག་འགོག་བཅས་བྱས་པ་ཡིན་དུས། སོ་སོས་ངོ་རྒོལ་བྱེད་སའི་ལས་ཀར་དོན་དུ་རང་ཉིད་འཇུག་བཞིན་ཡོད་པ་རེད།

     རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་ནས་བོད་ཀྱི་ལོ་རྒྱུས་བསྒྱུར་བཅོས་བྱེད་མཁན་ལས་བྱེད་ཚོས། བོད་ཀྱི་ཐོག་མའི་ལོ་རྒྱུས་སམ་ལོ་རྒྱུས་ངོ་མ་ཧ་གོ་ཡོད། ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ཅི་ལྟར་ཡིན་མིན་གསལ་པོ་ཤེས་ཡོད། འོན་ཏེ་དེ་དང་མཉམ་དུ་ཡིག་སྒྱུར་སྐབས་སུ་མགོ་རྔ་གཅོད་གཏུབ་བཟོ་མཁན་ཆེད་ལས་པ་དང་། གཤག་བཅོས་དང་འདོར་ལེན་བྱེད་མཁན་ཆེད་ལས་མཁས་པའམ་ཚིག་བརྗོད་གསར་པ་ཞལ་འདེབས་རྒྱག་མཁན་ཚོ་ཡོད་པ་རེད། ལ་ལ་ཞིག་ནི་རང་བཞིན་ལྷན་སྐྱེས་ལྟ་བུ་རེད་ལ། འགའ་ཞིག་ནི་སྒྲིག་གཞི་ལམ་ལུགས་ཀྱི་གནོན་ཤུགས་ལས་ཅ་ལག་རྫུན་མ་བཟོ་མཁན་འདྲ་བོ་ཆགས་པ་རེད། གཞན་དབང་སྒོ་ནས་ལས་ཀ་ངན་པ་བྱ་དགོས་ཐུག་པ་རེད། དེ་ནི་བདེན་དོན་ལས་ཁུངས་ནང་དུ་ལས་ཀ་བྱེད་མཁན་ཝན་སི་ཏུན་ཧྲི་མི་སི་ཁྲི་སྟོང་མང་པོ་ཡོད་པ་འདྲ་བོ་རེད། རེད་དེ་ང་ཚོས་ཤེས་གསལ་ལྟར། ཁོང་ཚོར་རྒྱ་ནག་གཞུང་གི་བཀས་བཀོད་འོག་ཆེད་ལས་སྒོ་ནས་རྩལ་དུ་བཏོན་ཏེ་ཚིག་བརྗོད་གསར་པ་དང་གསུབ་བཅོས་བྱར་བཅུག་པ་རེད། དེ་ལས་ཀྱང་རིག་རྩལ་གྱི་ཐབས་ཤེས་སྤྱད་ནས་དོན་དངོས་གནས་ཚུལ་སྦས་བསྐུངས་བྱེད་པ། དེ་ལ་བརྟེན་ནས་ཐོག་མའི་ངོ་གདོང་གི་རྣམ་པ་ལིང་བསྒྱུར་བྱས་ནས་དབང་སྒྱུར་ལམ་ལྷོང་ཡོང་རེ་བྱེད་པ་རེད།

     འོ་ན། དཀའ་ངལ་ཅི་འདྲ་ཞིག་གིས<<མང་གཙོའི་རྒྱ་ནག>>གི་རྩོམ་སྒྲིག་པར་རྒྱ་ནག་གི་མང་གཙོའི་འགྱུར་འགྲོས་འཐབ་རྭ་འདི་སྲུང་དགོས་འཁེལ་བ་རེད། ངའི་རྩོམ་ཡིག་མདུན་ངོས་ན་བསམ་བཞིན་དུ་བོད་ཁུལ་ས་གནས་དབང་ཆ། བོད་རིགས། ས་གནས་ཆོས་ལུགས། མི་རིགས་གོམས་སྲོལ་ལ་བརྩི་སྲུང་མ་བྱས་པ་ཟེར་བ་སོགས་ནི། རྒྱ་ནག་དབུས་གཞུང་གི་ཏང་སློབ་སློབ་དཔོན་གྱིས་བསྒྱུར་ཚིག་དེ་དག་དེ་བས་ཡང་དག་པ་རེད་ཅེས་བཤད་ཅེས་པའི་གཞུང་ཕྱོགས་ཚིག་བརྗོད་སྦྱར་བ་རེད། འདིས་ཀློག་པ་པོ་དག་བསླུ་བྲིད་བྱས་ནས་བདག་དབང་གནད་དོན་དེ་དབུས་གཞུང་ཟེར་བ་དེས་སྲིད་ཇུས་འཛིན་སྟངས་མ་འགྲིག་པས་ལན་པར་བཤད་པ་རེད། སུ་ཞིག་གིས་འདི་ལྟ་བུའི་སྐད་ཆ་དང་བསམ་བློ་བཟོ་བཅོས་བྱས་ནས་ཅི་ཞིག་བཏང་འཛིན་དང་ཁ་ལོ་བསྒྱུར་བསམ་པ་ཡིན། རྩོམ་སྒྲིག་པ་འདི་ད་དུང་ཡང་སྐུ་ཞབས་ལིའུ་ཞའོ་པའོ་ཡིས་ཕྱག་ལས་གནང་མྱོང་བའི<<མང་གཙོའི་རྒྱ་ནག>>གི་རྩོམ་སྒྲིག་པའི་སྐུ་ཚབ་ཡིན་ནམ། རྩོམ་སྒྲིག་པ་འདི་ད་དུང་ཡང་ངའི་རྩོམ་ཡིག<<བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། >><<བོད་རྒྱའི་གནད་དོན། རབ་རིབ་ཏུ་བཅོས་པའི་ཐོབ་ཐང་དང་ཁ་འཐོར་ལ་བཏང་བའི་ས་ཆ>>སོགས་འགོད་མཁན་དེ་ག་རང་ཡིན་ནམ།

     དགོད་འཆོར་སྤྱད་ཅིག་ལ། <<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ཞེས་པའི་རྩོམ་ཡིག་འདི་མཚམས་སྦྱོར་ཡ་མ་ཟུང་ཞིག་དང་མཇུག་བསྡུའི་སྐད་ཆ་བསུབ་ནས་འགོད་སྤེལ་བྱས་པའི་ཉིན་རེ་འགའི་སྔ་གཞུག་ཏུ།<<མང་གཙོའི་རྒྱ་ནག>>གིས་མང་གཙོའི་རྒྱ་ནག་དང་མ་འོངས་བོད་སྐོར་འབྲེལ་བའི་རྩོམ་ཡིག་ཁ་ཤས་བཀོད་སོང་། བློ་དཀར་སེམས་དཀར་གྱི་རྗེས་འབྲངས་པ་དག་གིས་སྐད་སེང་མཐོན་པོས་གླུ་ངག་གྱེར་བཞིན། རྒྱ་ཆེ་ལ་ཞིབ་ཕྲ་བ་དང་། ཐལ་ཆེ་བའི་སྐད་ཆ་སྟེ། ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། 1959 ལོར་ཏཱ་ལའི་བླ་མ་དང་བོད་མི་ཚོ་ཡུར་གྱར་ལ་སོང་བ་དེ་ནི། ཆོས་ལུགས་རང་བཞིན་གྱི་གནས་སྤོ་ཆེན་པོ་ཞིག་རེད་ལ། ཆོས་ལུགས་དང་རིག་གནས་ཀྱི་ཡུལ་གྱར་བ་ཞིག་ཀྱང་རེད། དེ་ནི་རྒྱ་ནག་ནང་ཁུལ་གྱི་རིག་གནས་ལམ་གོལ་ཐེབས་པ་ལ་བརྟེན་ནས་བོད་རིགས་ས་ཁུལ་དཀའ་ངལ་བཟོས་པ་རེད། མ་འོངས་པར་མང་གཙོ་ཁྲིམས་སྲིད་ཆགས་ཚར་དུས། བོད་ཁུལ་དང་། ཤིང་ཅང་ས་ཁུལ་ཚང་མ་ཀྲུང་ཧྭ་ཁྱིམ་ཚང་ཆེན་མོའི་ཆ་ཤས་ཤིག་རེད་ཟེར། 【11】

      རིག་གནས་ལམ་གོལ་ཐེབས་པ་ཟེར་བའི་སྐད་ཆ་དེ་བོད་གྱུར་མིད་བཏང་བའི་ཚབ་ཏུ་བཞག་ལ། བོད་རིགས་ས་ཁུལ་ཟེར་བ་འདིས་བོད་དམ་ཐུ་བྷོད་སྦས་འགེབས་བྱས་ཡོད་པ་རེད། ཆོས་ལུགས་རང་བཞིན་གྱི་གནས་སྤོ་ཆེན་མོ་ཟེར་བའི་སྐད་ཆས་བོད་རྒྱལ་ཁབ་ཤོར་ནས་ཆབ་སྲིད་སྐྱབས་བཅོལ་དུ་གྱུར་པའི་ཚབ་ཏུ་བཀོད། འདི་དག་ནི་ཏག་ཏག་ཡོན་ཏན་པ་འདི་ཚོས་གསར་གཏོད་བྱས་པའི་མང་གཙོ་ཁྲིམས་སྲིད་ཅན་གྱི་ཚིག་བརྗོད་གསར་པ་རེད། འདིས་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་མགོ་གཉིས་མའི་རང་མདོག་བསྟན་པ་རེད། དོན་དངོས་གནས་ཚུལ་ཆ་ཚང་ཤེས་བཞིན་དུ་ཚིག་ཟུར་ཙམ་མི་ཤོར་བའི་རྫུན་གཏམ་སྤེལ་བ་རེད། 【12】རེད་དེ་འདི་ཚོ་ནི་གནད་དོན་ཞིག་མིན་པ་འདྲ་་།

      དངོས་གནས་དྲང་གནས་ཀྱི་གནད་དོན་ཡོད་ས་ནི། གལ་ཏེ<<མང་གཙོའི་རྒྱ་ནག>>གིས་སྨྲ་བརྗོད་རང་དབང་གི་དམིགས་འབེན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ན། མང་གཙོ་ཁྲིམས་སྲིད་ཅན་གྱི་ཚིག་བརྗོད་གསར་པ་ལ་བརྟེན་ནས་བོད་འདི་ཉིད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་ནས་ལོག་འགྲེལ་བྱ་མི་རུང་ལ། ང་ལྟ་བུས <<བོད་རྒྱའི་གནད་དོན། བཀྲེས་སྟག་མུག་སྤྱང་མདུན་གྱི་རི་དྭགས>>ལས་རྩལ་འདོན་བྱས་ཏེ་མི་དམངས་ཀྱི་བདག་དབང་སོགས་གླེང་བའི་རང་དབང་ལ་བརྩི་བཀུར་བྱ་དགོས།

       ལོ་བདུན་གོང་དུ། <<མང་གཙོའི་རྒྱ་ནག>>གི་རྩོམ་སྒྲིག་པ་ལིའུ་ཞའོ་པའོ་སྨྲ་བརྗོད་གནད་དོན་ལ་བརྟེན་ནས་ནག་ཉེས་ཕོག་པ་རེད། སྐབས་དེར་ཏཱ་ལའི་བླ་མས་སྤྱི་བསྒྲགས་སྤེལ་དོན། རྒྱ་ནག་གིས་རངདབང་སླད་དུ་སྐད་ཆ་བཤད་མཁན་ལིའུ་ཞའོ་པའོ་ལྟ་བུ་ལ་གང་བྱུང་སྒོ་ནས་ཁྲིམས་ཐག་བཅད་པ་འདིས། རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་རྨང་གཞིའི་ཚད་ཐིག་དང་འགལ་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་སུ་གཏན་འབེབས་བྱས་ནས་བཀོད་པའི་སྨྲ་བརྗོད་རང་དབང་གནད་དོན་ལ་ཡང་འགལ་ཡོད་པ་རེད་གསུངས།【13】——ལོ་བདུན་རྗེས་ཀྱི་དེ་རིང་། ལིའུ་ཞའོ་པའོ་གྲོགས་པོས་ཁོང་གི་སྐུ་ཚབ་བྱས་ནས་རྩོམ་སྒྲིག་བྱེད་བཞིན་ཡོད། འདིས་ནི་རྩོམ་སྒྲིག་པའི་དབང་ཆ་བེད་སྤྱད་ནས་རྩོམ་པ་པོོས་བཀོད་པའི་ཐམ་ཀ་འདི་ནི་བོད་མི་དམངས་ཀྱིས་མན་ཇུ་དང་རྒྱ་ནག་པས་ཐེ་ཇུས་བྱས་པར་ཁས་ལེན་མེད་པར་སྟོན་པའི་དཔང་རྟགས་ཤིག་རེད་ལ། མི་དམངས་ཀྱིས་ཏཱ་ལའི་བླ་མ་འདོད་མོས་བྱེད་པའི་དཔང་པོ་ཞིག་ཀྱང་རེད། ཏཱ་ལའི་བླ་མ་དང་དགའ་ལྡན་ཕོ་བྲང་གི(བོད་སྲིད་གཞུང)གི་ཁྲིམས་མཐུན་རང་བཞིན་ཡོད་སའང་འདི་དག་རེད་ཟེར་བའི་འགྲེལ་བརྗོད་དབང་ཆ་འཕྲོགས་པ་རེད།

      <<མང་གཙོའི་རྒྱ་ནག>>གིས་རྒྱུན་དུ་མང་གཙོའི་འགྱུར་འགྲོས་དྲིལ་བསྒྲགས་ཤུགས་རྒྱག་གི་ཡོད་ལ། རྒྱ་ནག་འདི་ཁྲིམས་སྲིད་མང་གཙོ་ཅན་ཞིག་ཆགས་སུ་འཇུག་དགོས་ཟེར། འོ་ན། གནད་དོན་ངོ་མ་ནི། འདི་མགོ་གཉིས་མ་ཞིག་གི<<མང་གཙོའི་རྒྱ་ནག>>རེད་དམ། མང་གཙོའི་རྒྱ་ནག་འདིར་དབང་ཆ་ཁྱད་མཚར་བ་ཞིག་ཡོད། དེ་ནི་གདམ་ཀ་ཡོད་པའི་སྒོ་ནས་དོན་དངོས་གནས་སྟངས་གསུབ་རྒྱུ་དེ་རེད། ཞིབ་ཚགས་པོའི་སྒོ་ནས་བརྗོད་ཚིག་བཟོ་བཅོས་བྱས་ཏེ་བསམ་བློའི་འཁོར་རྒྱ་ཇེ་ཆུང་དང་ཚད་བཀག་བཟོ་གི་ཡོད་ལ། དེ་ལ་བརྟེན་ནས་མིའི་དབྱེ་ཞིབ་ཁ་ཕྱོགས་བསྒྱུར་གྱི་ཡོད་པ་མིན་ནམ། འདི་ནི་མིག་སྔར་སུས་བཏང་འཛིན་བྱས་ཡོད་ན། མ་འོངས་པ་ནའང་དེས་བཏང་འཛིན་བྱ་དགོས་ཟེར་བའི་མང་གཙོའི་རྒྱ་ནག་ཅིག་ཨེ་ཡིན། མང་གཙོའི་རྒྱ་ནག་འདིས་ང་ཚོ་ལའང་དཀའ་སྡུག་ཡོད་ཅེས་པའི་དཀའ་སྡུག་དང་། གནོང་ཚིག་དག་ཀྱང་བསུབ་འགྲོ་བའི་འཇིགས་ཡེ་རེ་བ་ཡི་ཝན་སན་ཏུན་ཞིག་ཡིན་ནམ།


3.<<མང་གཙོའི་རྒྱ་ནག>>གི་ལན་འདེབས།

ངས་གོང་གི་རྩོམ་ཡིག་འདི<<མང་གཙོའི་རྒྱ་ནག>>ལ་བསྐུར་མོད། འོན་ཏེ་ཁོང་ཚོས་ང་ལ་བཏང་བའི་ཡིག་ལེན་འདི་ལྟ་སྟེ།
ལྕམ་ཐང་ལགས། སྐུ་ཁམས་བཟང་།
རྩོམ་ཡིག་བསྐུར་བ་འབྱོར་བྱུང་། ངེད་གསར་ཁང་ནས་འགོད་སྤེལ་བྱ་རྒྱུ་མིན། གཞན་དུ་བསྐུར་རོགས་གནང་། ཐུགས་རྗེ་ཆེ།
<<མང་གཙོའི་རྒྱ་ནག>>རྩོམ་སྒྲིག་ཚོ་ཆུང་།


རྩོམ་པ་པོས་བསྐྱར་དུ་བསྐུར་བའི་གནད་དོན་ཁ་ཤས།

(1)ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་གནང་བའི་མང་གཙོའི་རྒྱ་ནག་གིས་ཅིའི་ཕྱིར་དབང་བསྒྱུར་ཡུལ་གྱི་ངོས་ལེན་དང་མི་དམངས་ཀྱི་བདག་དབང་། བདག་དབང་དམངས་ལ་ཡོད་པ་སོགས་དང་འབྲེལ་བའི་བརྗོད་བྱ་བསུབ་པ་ཡིན།
(2)མང་གཙོའི་རྒྱ་ནག་གིས་ཅིའི་ཕྱིར་ས་གནས་ཀྱི་ཆོས་ལུགས་རིག་གནས་དམངས་སྲོལ། བོད་ཁུལ་ས་གནས་ཐོབ་ཐང་། བོད་རིགས་སོགས་མ་རྩོམ་བརྗོད་བྱ་མིན་པ་དག་བཀོད་པ་ཡིན། དེས་མ་ཚད། རྩོམ་པ་པོས་ངོ་རྒོལ་བྱེད་སའི་ཚིག་བརྗོད་དེ་དག་ཅིའི་ཕྱིར་རྩོམ་ཡིག་མཚམས་སྦྱོར་དུ་བཅུག་པ་ཡིན།
(3)རྩོམ་སྒྲིག་པས་ངའི་དྲི་བར་གནང་བའི་ལན་འདེབས་ལས། མང་གཙོའི་འགྱུར་འགྲོས་གླེང་སའི་འཐབ་རྭ་འདི་བསྲུང་ཆེད་ཡིན་ཟེར་བ་འདིས། གལ་ཏེ་མི་དམངས་མང་གཙོ། བདག་དབང་དམངས་ལ་ཡོད་པ་ཟེར་བའི་བརྗོད་བྱ་དེ་ཚོ་མ་བསུབ་ན་ཨ་རིའི་མང་གཙོ་ཐེབས་རྩ་ནས་རྒྱབ་སྐྱོར་གནང་བའི་མང་གཙོའི་རྒྱ་ནག་གནས་མི་ཐུབ་པ་ཨེ་ཡིན།
(4) མང་གཙོའི་རྒྱ་ནག་གིས(twitter)དུ་བཤད་པའི་སེམས་ཁྲལ་ཟེར་བའི་ནང་དོན་ངོ་མ་ཅི་ཡིན།
(5)མང་གཙོའི་རྒྱ་ནག་གི་བྱེད་སྟངས་དེས་རྩོམ་པ་པོ་དང་འགལ་འདུ་བསླངས་བྱུང་། ཅིའི་ཕྱིར་འགྲེལ་བཤད་སྔ་རྗེས་མ་མཐུན་པ་དང་།  ལྷག་པར་དུ་དོགས་མི་བདེ་བའི་བརྡ་འཕྲིན་བསྐུར་དོན་ཅི་ཡིན།
(6)མང་གཙོའི་རྒྱ་ནག་གི་བྱེད་བབ་ལས་རྩོམ་པ་པོས་ཆེད་རྩོམ་འདི་འབྲི་དགོས་ཐུག་པ་རེད། ཅིའི་ཕྱིར་མང་གཙོའི་རྒྱ་ནག་གིས་གྲོས་བསྡུར་ཆེད་རྩོམ་དྲ་ཐོག་ཏུ་མ་བཀོད་པ་མ་ཟད། རྒྱུ་མཚན་གང་ཡང་འགྲེལ་བརྗོད་མེད་དོན་ཅི་ཡིན།


མཇུག་བསྡུའི་སྐད་ཆ།

      <<བོད་རྒྱའི་གནད་དོན། རྩོམ་ཡིག་གཤག་བཅོས། མགོ་གཉིས་མ་དང་མང་གཙོའི་ཁྲིམས་སྲིད>>འོད་ཟེར་པོད་ཁུག་ཏུ་སྤེལ་རྗེས། ཟླ་བ10ཚེས9ཉིན། <<མང་གཙོའི་རྒྱ་ནག>>གིས་མི་མངགས་ནས་འོད་ཟེར་དང་སྐད་ཆ་བྱས། དེའི་རྗེས་ནས་སྐབས་འཕྲལ་རྩོམ་སྒྲིག་པ་ཡིན་ཟེར་མཁན་ཞིག་གིས་འོད་ཟེར་ལ་ཁ་པར་བཏང་། ད་དུང་ཁོས་བཤད་དོན། རྩོམ་ཡིག་མཇུག་སྡུད་སྐད་ཆ་ཁོས་བསུབ་པ་ཡིན་ཟེར། (春秋笔法ཁྲུན་ཆིའུ་པིར་གཤིས)བསྟོད་སྨད་མཚོན་བྱེད་ཀྱི་དེབ་ཐེར་འབྲི་སྟངས་སྤྱད་པའི་མཚམས་སྦྱོར་དེ་ཁོས་གླན་པ་ཡིན་ཟེར། མཇུག་སྡུད་སྐད་ཆ་བསུབ་དགོས་དོན་ནི་ཟློས་སྐྱོན་འདུག་པས་བསུབ་པ་ཡིན་ཟེར། འོད་ཟེར་གྱིས་བཤད་དོན། རྩོམ་སྒྲིག་པ་ཞིག་ཡིན་དུས་བརྗོད་དོན་ཟློས་སྐྱོན་འདུག་ན་བཟོ་བཅོས་བྱ་ཆོག་གི་རེད། དེ་ནི་རྩོམ་སྒྲིག་པ་ཞིག་གིས་བྱེད་དགོས་པའི་ལས་ཀ་རེད་ཅེས་ལན་བཏབ། ཡང་ཁོས་བཤད་དོན། རྩོམ་ཡིག་དེའི་མཇུག་སྡུད་བསྟན་དོན་ཧ་ཅང་ཐལ་ཆེ་འདུག་ཟེར། འོད་ཟེར་གྱིས་བཤད་དོན། གལ་ཏེ་མང་གཙོའི་རྒྱ་ནག་ཅིག་ཡིན་ཟེར་ན། དེ་ནས་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱ་དགོས་པ་རེད། མ་གཞི་ལྟ་བ་མི་མཐུན་པ་ཡིན་ནའང་། རྩོམ་པ་པོའི་སྨྲ་བརྗོད་དབང་ཆ་ལ་སྲུང་སྐྱོབ་བྱ་དགོས་པ་རེད་ཅེས་བཤད་པ་དང་སྦྲགས་ཏེ། (twitter)དུ་བཀོད་པའི་ང་ཚོར་དཀའ་སྡུག་འདུག་ཅེས་དཀའ་སྡུག་དེ་ཅི་རེད་ཟེར་འདྲི་དུས། ངའི་རྩོམ་ཡིག་གཤག་བཅོས་བྱེད་མཁན་ནམ་གནས་སྐབས་རྩོམ་སྒྲིག་པ་ཡིན་ཟེར་མཁན་དེས་སྐད་ཆ་འདི་འདྲ་ཞིག་དྲ་རྒྱར་བཏང་ཡོད་མེད་ཀྱང་ཤེས་མེད། <<མང་གཙོའི་རྒྱ་ནག>>གི་གནས་སྐབས་རྩོམ་སྒྲིག་པ་འདིས་ཅིའི་ཕྱིར་དུ་རྩོམ་པ་པོ་རང་ཉིད་ལ་ཐད་ཀར་འབྲེལ་བ་བྱས་ནས་འགྲེལ་བཤད་མ་བརྒྱབ་པ་ཡིན། དོན་ངོ་མས། <<མང་གཙོའི་རྒྱ་ནག>>གིtwitterསྟེང་དུ་རྩོམ་སྒྲིག་པར་ངོ་མ་དཀའ་སྡུག་འདུག་ཟེར་མཁན་དེ་སུ་རེད། ཡང་སྙིང་དཀའ་སྡུག་ཅི་ཞིག་ཡོད།

2016ཟླ་བ10པའི་ཚེས8ལ།
ཐེ་ལ་ཝེ་ཧྥུ།
མ་རྩོམ། http://moments-of-samsara.blogspot.com/2016/10/blog-post_24.html

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s