མིག་ཟུང་ཁྲ་སྒོར་སྒོར་ཅན་དེ།

—-གཟུངས་ཕྱུག་སྐྱིད། (ཨོ་གླིང)

ཧ་ཅང་གསལ་ཆ་ཆེ་བའི་མིག་ཟུང་ཁྲ་སྒོར་སྒོར་བ་དེ།
ལོ་ངོ་མང་པོ་མང་པོ་ཞིག་གི་ཡར་སྔོན་ལ།
སྙིང་ཉེ་བའི་རྩེད་ར་ཆུང་ཆུང་ཞིག་གི་དྲོད་ཁོལ་གཞན་ཞིག་ཡིན།
དེ་ལས་མི་ཚེའི་རེ་འདུན་དང་རྨི་ལམ་གྱི་སྒོ་མོ་ག་ཚོད་རྡུང་མྱོང་ཨང་།

ཁ་དོག་ཞིག་ནམ་ཡང་བརྩོན་སེམས་ལ་ཁུར་མྱོང་བའི་ངོ་གདོང་སྣུམ་པོ་ཁྱེད།
ཕ་ཡུལ་གྱི་ནམ་ཟླར་སྨིན་པའི་དུས་ཚིགས་ཤིག་གི་ཚོན་མདོག་ཡིན།
”ངོ་དམར”ཞེས་པའི་བྱུ་རུའི་བཏགས་མིང་ཆུང་ཆུང་དེ།
ལོ་ཟླ་མང་པོ་འགོར་བའི་དབྱར་ཁ་དེའི་ལང་ཚོ་བཞིན།
དེ་རུ་འཇམ་མཉེན་གྱི་ཚུལ་གྱིས་བཞད་ཡོད་ལ།
ཆུ་མོའི་ཟོལ་གྱིས་བཞུར་མྱོང་ཨང་།

དགུན་ཟླ་ཐ་མ་མ་ཡིན་པའི་དེ་རིང་།
ཁྱེད་ཀྱི་དྲོད་ལམ་ལམ་གྱི་རུས་རྩི་དཀར་པོ།
སླར་ཡང་ཕ་ཡུལ་གྱི་རི་ཐང་ལ་ཁ་བའི་ཚུལ་གྱིས་བབས་ཤིང་།
དབྱར་ཟླ་མ་ཚེས་པའི་སྟོན་མཇུག་གི་རི་ཐང་ལ།
གསེར་མདོག་ལྟར་འཁྱིལ་ཡོད་ན་ཡང་།
ཁྱེད་རང་ཕེབས་པ་སྔ་སོང་ཨང་།

ད་ནི་ཡིད་ལ་ཡང་ཡང་འཁོར་སླ་བའི་ཡིག་འབྲུ་ཆུང་ཆུང་དེ་ཆུ་རུ་ཟེགས་སོང་།
རྣ་བར་ཡང་ཡང་འཁོར་སླ་བའི་དབྱངས་རྟ་སྙན་མོ་དེ་ཡང་རླུང་ལ་འཐིམ་སོང་།

ད་ནི་ངས་ཀྱང་ཁྱེད་དང་ཁྱེད་ལས་སྨིན་པའི་ཐ་སྙད་བརྗིད་པོ་དག་བསྐྱར་ཟློས་བྱ་མི་འདོད་ལ།
སྙིང་ཉེ་བའི་མིག་ཟུང་སྒོར་སྒོར་དེ་བརྗེད་དུ་ཡང་ག་ལ་བཏུབ།

འདས་སོང་ནི་ཁ་བའི་རི་མོ་ཆུང་ཆུང་ཞིག་སྟེ།
དེ་ན་ཁྱེད་ཀྱི་བྱུར་དམར་ལྟ་བུའི་ངོ་གདོང་དང་དེའི་ནར་སོན་གྱི་ལོ་ཟླ་ཡོད།

དབྱར་ཟླ་དང་པོ་མིན་པའི་དྭངས་གཙང་གི་ཞོགས་པ་དེར།
བྱིས་དུས་ཀྱི་པྲ་ཚག་མ་འཇགས་པའི་ངོ་གདོང་སྣུམ་པོ་ཞིག
མང་ཆུ་སྔོན་མོའི་འགྲམ་ངོགས་སུ་འགྲེང་ནས།
རིང་དུ་བསྲིངས་པའི་དཔེ་ཀློག་གི་འགྱུར་ཁུག་རྨི་ལམ་ལ་བསྐུར་མྱོང་།
སྐབས་དེའི་འཛིན་ཁང་རྙིང་བ་དེའི་གྲལ་ཤར་གཉིས་པ་ན།
ཁྱེད་ཀྱིས་གསལ་དག་གིས་བྲིས་པའི་ཡིག་འབྲུ་རློན་པ་དག
ད་དུང་ཡང་དེ་རུ་འཁྱུག་བྲིས་སུ་བབས་ཡོད་པ་འདྲ་ཨང་།

ངས་མང་པོ་མང་པོ་ཞིག་དྲན་བྱུང་།
མཁུར་ཚོས་ལ་དམར་མདངས་བཀྲ་བའི་ཁྱེད་ཀྱི་སྙིང་ཉེ་བའི་མཛའ་མོ་ཆུང་ཆུང་འབྲུག་མོ་སྐྱིད།
རྟག་ཏུ་བརྙས་མྱོང་བའི་དབྱངས་ཅན་སྒྲོལ་མར་འབོད་པའི་བུ་མོ་ངུ་ཁ་མ་དེ།

ཉིན་རྒྱུན་ཁྱེད་རང་འཁོན་མྱོང་བའི་བུ་མོ་གཡུ་མཚོ།
ཁྱེད་ཀྱིས་གུས་བརྩི་བྱེད་མྱོང་བའི་སྒྲོལ་དཀར་མཚོ་སྤྱོད་ཡག་མ།
ལག་ཏུ་དབྱུག་པ་བཟུང་བའི་འཛིན་དཔོན་རྡོ་འབུམ་ཐར།
གྱེར་ཚིག་དང་གླུ་གར་ལ་བློ་སྒོ་ཡངས་པའི་སྤྱང་གྲུང་ཅན་ཚེ་བཀྲ
ཡོད་ཚད་ཆེས་ཡིད་དུ་འོང་བའི་མི་ཚེའི་ཟློས་གར་ནང་གི་སྣང་བརྙན་རེ་རེ་ཡིན།

དེ་རིང་གང་ཞིག་ལ་འདི་ལྟར་བཞུད་པ་སྔ་དྲགས་པས།
ཁྱེད་རང་འདི་དག་ཡོད་ཚད་ལ་རིང་དུ་གྱེས་ཏེ་ཕེབས་སོང་།
ད་ནི་སྙིང་ཉེ་བའི་བྱུ་རུའི་བཏགས་མིང་ཆུང་ཆུང་དེ།
གང་ཞིག་ལ་གཏན་དུ་ཡལ་སོང་བ་དང་འདྲ་ཨང་།

2016/10/31ཉིན་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s