__ཨ དོན་ཉིས་བོད་བསྒྱུར་བྱས།


གསར་གཏོད་པ་གྲགས་ཅན་ཀྲོ་མཱ་ཟི་ཨོ་ཧྥི་ཨེ་ཊ་སོན་གྱི་དངོས་བྱུང་གཏམ་རྒྱུད།

ཧྥི་རན་ཁུ་མར་ཧྥེས་བརྩམས།   པར་རིས་རྩོམ་པོ་ཏན་བྷི་རོན།

       ཁ་བ་བུ་ཡུག་འཚུབས་ཤིང་གྲང་ལྷགས་ངར་མ་ལྡང་བའི་1847 ལོའི་དགུན་ཁ་ཞིག་ལ། ཨོ་ཧཱ་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ན་གངས་འཁྱག་གིས་བཏུམས་པའི་སོ་ཕག་གི་ཁང་བ་དམར་བོ་ཞིག་ཡོད། ཁང་པ་དམར་བོ་དེའི་ནང་ནས་བུ་ཞིག་སྐྱེས། ཕ་མ་གཉིས་ཀྱིས་བུ་དེའི་མིང་ལ་ཀྲོ་མཱ་ཟི་ཨོ་ཧྥི་ཨེ་ཊ་སོན་ཞེས་བཏགས།

      འཇིག་རྟེན་འདིར་སྐྱེས་པའི་ཕྲུ་གུ་ཕལ་མོ་ཆེ་རྣམས་དུས་རྒྱུན་དུ་ངུ་ནའང་། ཀྲོ་མཱ་ཟི་ཧ་ལམ་གཏན་ནས་ངུས་མ་མྱོང་ལ། ཀྲོ་མཱ་ཟི་ངུ་བ་ལས་ལྡོག་སྟེ་ནམ་རྒྱུན་དགའ་སྤྲོས་ཁེངས་ཤིང་དགོད་ནས་འདུག་པའི་བྱིས་པ་ཞིག་ཡིན། ཕྲུ་གུ་ཀྲོ་མཱ་ཟི་ཕྱོགས་གཞན་མང་བོ་ཞིག་ནས་ཀྱང་མ་གཅིག་པ་ཞིག་ཡིན།

       ཀྲོ་མཱ་ཟིའི་ཁྱེའུ་དུས་ཀྱི་རྣམ་འགྱུར་ན་ནམ་ཡང་ཅི་ཞིག་འདྲི་བཞིན་པའི་བཟོ་ལྟ་མཆིས་ནའང་། སྐབས་དེར་བུ་ཆུང་ཀྲོ་མཱ་ཟི་ཆུང་དྲགས་ནས་སྐད་ཆ་བཤད་མི་ནུས།  ལོ་ཁ་ཤས་ཀྱི་རྗེས་ནས་ཀྲོ་མཱ་ཟི་མི་གཞན་ལ་དྲི་བ་དྲིས་ནས་མི་ཁོམ་པར་གྱུར་སོང་། དྲི་བ་འདྲི་སའི་མིས་ལན་མ་ཐོབས་པ་ཡིན་ན།  ཀྲོ་མཱ་ཟིས་རྟག་ཏུ་རང་གི་དོགས་འདྲི་ལ་རང་ཉིད་ཀྱིས་ལན་ཨེ་རྙེད་ཀྱི་ཚོད་ལྟ་དང་བསམ་གཞིགས་བགྱི་བ་རེད།

       ཀྲོ་མཱ་ཟི་ལོ་གསུམ་ཡིན་པའི་ཉིན་ཞིག་ལ། ཁོས་ཁོ་ཚང་གི་ལྷས་ར་ནས་རང་གི་ཨ་མ་ལགས་ལ་བྱ་སྒོང་བསྡུ་རོགས་བྱས། ཁོས་གློ་རྡེག་ཏུ་ངང་མོ་གཅིག་བྱ་སྒོང་སྟེང་བསྡད་འདུག་པ་མཐོང་ནས་ཁོའི་སེམས་ལ། ངང་མོ་ཅི་ལྟར་བྱས་ནས་བྱ་སྒོང་སྟེང་བསྡད་པ་ཡིན་ནམ། སྒོང་ང་ཅི་ལྟར་བཙས་པ་ཡིན་ནམ་བསམས་ནས་ཧ་ཅང་ཤེས་འདོད་ཆེན་པོ་བྱུང་།

      ཀྲོ་མཱ་ཟིའི་དྭངས་གཙང་གི་བྱིས་བློའི་ནང་ལ་རང་གིས་ཀྱང་བྱ་སྒོང་བཟོས་ནས་སྒོ་ང་སྐྱེ་བར་ཚོད་ལྟ་བྱེད་དགོས་བསམས་ཏེ། སོག་མ་དང་རྩྭ་སྐམ་བསྒྲིགས་ནས་བྱ་ཚང་བཟོས། དེའི་ནང་བྱ་སྒོང་གིས་བཀང་བར་བྱས། སྐབས་དེར་ཁོ་ཚང་གི་བྱ་ཕོ་དང་ངང་བ་རྣམས་ཀྱིས་ཀྱང་ཀྲོ་མཱ་ཟིའི་མཐའ་ཁ་བསྐོར་ནས་རྔམ་དྲག་ཆེན་པོས་ཁོ་ལ་བལྟས་ནས་བསྡད།

      དེ་ནས་ཀྲོ་མཱ་ཟི་སེམས་ཆུང་སྒོས་མར་བྱ་སྒོང་སྟེང་ལ་བསྡད་པ་ན། ཁོའི་ཨོང་རྐུབ་ནས་ཆག་སྐད་ཅིག་གྲགས་པ་དང་མཉམ་དུ་བྱ་སྒོང་དང་རང་གི་ཨོང་རྐུབ་ལ་བལྟས་དུས། བྱ་སྒོང་ཆག་ནས་སྒོང་འབྲས་འབྱར་བག་ཅན་དེས་སེར་ཉོག་གེ་རང་གི་ཨོང་ཤའི་རྐང་སྣམ་རྫབ་འདུག་པ་མཐོང་བྱུང་། དེ་ནས་ཁོའི་སེམས་ལ་འདི་ནི་ཅི་འདྲའི་རྫབ་ཅིག་རེད་ཨང་བསམ་སྟེ་ངོ་མདངས་ཀྱང་འགྱུར་སོང་།

      ཀྲོ་མཱ་ཟིའི་དྲི་བ་མང་བོས་ཁོ་དུས་རྟག་ཏུ་ཚོད་ལྟ་དང་ཞིབ་འཇུག་གི་གནས་སུ་ཁྲིད་འགྲོ་ལ། ཀྲོ་མཱ་ཟི་ལོ་དྲུག་ཡིན་སྐབས་ཁོ་པས་ཚོད་ལྟ་བྱས་པ་བརྒྱུད་བསམ་ཡུལ་ལ་མི་ཤོང་བའི་དོན་དག་ངན་པ་ཞིག་བཟོས་སོང་། ཀྲོ་མཱ་ཟིས་མེ་ཅི་ལྟར་འབར་བ་ཤེས་འདོད་དྲག་པོ་སྐྱེས་པས་ཁོ་ཨ་ཕའི་རྩྭ་ཁང་ནང་ཡོད་པའི་ཉིན་ཞིག་ལ། མེ་ཅི་ལྟར་འབར་བར་ཚོད་ལྟ་ཞིབ་འཇུག་བྱས་པ་ན། མེ་ནི་འབར་དྲགས་ཏེ་ཨ་ཕའི་རྩྭ་ཁང་དང་ལག་སྣོད་ཁང་ཧྲིལ་བོ་མེ་ལ་སྒྲོན་ནས་རྡུལ་དུ་བསྒྱུར་སོང་། བུ་ཆུང་ཁོས་མེ་དེ་ལྟར་འབར་འགྲོ་བ་ཅི་ལ་ཤེས་སམ། གཏན་ནས་མི་ཤེས་པས་ཀྲོ་མཱ་ཟི་འགྱོད་པ་དྲགས་པོས་གདུངས་ཤིང་ངུ་ཁ་ཤོར། ཀྲོ་མཱ་ཟིའི་ཨ་ཕ་ཡང་ཁོའི་སྟེང་ལ་སྤོ་ཆེན་པོ་ལངས་ནས་གཤེ་གཤེ་བཏང་།

      ཀྲོ་མཱ་ཟིས་སྔར་བཞིན་བྱ་དངོས་ཅི་ཡིན་ལ་ཚོད་ལྟ་ཞིབ་འཇུག་བྱ་འདོད་ཀྱི་ཀུན་སློང་ལ་འགྱུར་བ་མ་ཐེབས་པས་ཨ་མས་ཁོ་ལ་མུ་མཐུད་དུ་ཚོད་ལྟ་བྱེད་པའི་གྲོགས་དན་མཛད། ཨ་མས་ད་རུང་ཁོ་ལ་ཚན་རིག་གི་དེབ་མང་བོ་ཉོས་ནས་བྱིན་པ་མ་ཟད་དུས་རྒྱུན་དུ་ཚན་རིག་གི་བྱིས་དེབ་ཀློག་སའི་དཔེ་མཛོད་ཁང་མང་པོར་ཁྲིད་པ་རེད། འོན་ཀྱང་འགྲིག་ལམ་ཞིག་ཡོད་པ་ནི་ཀྲོ་མཱ་ཟིའི་རྫས་འགྱུར་ཚོད་ལྟ་དེས་རྫབ་ཆེན་པོ་བསྐྱིལ་བས་ཁོས་ཚོད་ལྟ་བྱེད་དུས་ངེས་པར་དུ་ཁང་པ་འོག་མའི་ནང་ལ་འགྲོ་དགོས།

       ཉིན་ཞིག་ཁོའི་ཨ་མས་ཐེངས་ཁ་ཤས་ལ་རྒྱུན་ལྡན་མིན་པའི་སྒྲ་མི་སྙན་པ་ཞིག་ཐོས་ཤིང་། ནམ་རྒྱུན་ལྟར་མིན་པའི་གཞོབ་དྲི་ཞིག་ཀྱང་ཚོར་སོང་བས་ཨ་མས་ཁང་པ་ཞོལ་མའི་སྒོ་དལ་བུར་ཕྱེས་ནས་ཀྲོ་མཱ་ཟི་ལ་འཇབས་ཀྱིས་བལྟས་པ་ན།  ཀྲོ་མཱ་ཟི་ཚོད་ལྟའི་བྱ་བའི་ནང་ལྷུང་ནས་རང་གིས་རང་ལ་ཅི་ཞིག་གི་དྲིས་ལན་བཙལ་ནས་མ་ཁོམ་པར་ལུས་འདུག ཨ་མ་ལགས་ཀྱིས་སྒྲ་དང་བཅས་ཁོ་ལ་བལྟས་ནའང་ཀྲོ་མཱ་ཟིས་བློ་རྩེ་གཅིག་སྒྲིམ་ངང་ཚོད་ལྟ་བྱེད་བཞིན་ཡོད་པས་ཨ་མའི་སྒྲ་ཙམ་ཡང་ཤེས་ཚོར་མ་བྱུང་། སྐབས་དེར་ཁོའི་ཨ་མའི་སེམས་ལ་ཀྲོ་མཱ་ཟིས་འབར་སླ་བའི་རྫས་འགྱུར་སྤྱད་དེ་མུ་མཐུད་དུ་འདི་ལྟར་བྱས་ན་རང་ཁྱིམ་དང་ཁང་བ་ལ་ཉེན་ཁ་མེད་དམ་དགོངས་ནས་སེམས་ཁུར་གནངས། འོན་ཀྱང་ཨ་མས་བུ་ཆུང་གི་ཚན་རིག་ཚོད་ལྟའི་ལས་གཞི་ལ་གནོད་བསྐྱལ་ན་མ་འདོད་པས་ཅི་ཡང་མ་བཤད་པར་ཕྱིར་ཐོག་ཁང་ལ་ཕེབས་སོང་བ་རེད།

      བུ་ཆུང་ཀྲོ་མཱ་ཟིའི་སེམས་ལའང་འདི་ལྟར་དྲན། ཁོས་འབར་སླ་བའི་རྫས་འགྱུར་འདྲ་མིན་ཚོད་ལྟ་བྱས་ནས་ཕ་མའི་རང་ཁྱིམ་དྲོན་མོ་མེ་ལ་བསྲེགས་མི་འདོད་ལ་སླར་ཡང་དོན་དག་ངན་པ་ཞིག་བཟོས་ན་མི་འདོད་པར་མ་ཟད། ཁོ་ལ་ཚོད་ལྟ་ཞིབ་འཇུག་བྱེད་སྤྱད་ཀྱི་རྫས་འགྱུར་དང་། ཡོ་བྱད་སྣ་ཚོགས་སྔར་ལས་ཀྱང་མང་བོ་དགོས་པས་རང་ལོ་བཅུ་གཉིས་སྟེང་རང་ཐག་རང་གིས་བཅད་དེ་བྱ་བའི་ལས་རྐང་དུ་ཞུགས་རྒྱུ་བྱས། ཀྲོ་མཱ་ཟིས་མེ་འཁོར་ལྕགས་ལམ་འབབ་ཚུགས་ནས་བྱ་བ་རྙེད་ཅིང་དེ་ནས་ལས་ཀ་ལས་ནས་བསྡད། ཁོས་མེ་འཁོར་ནང་ནས་ཞོར་ལས་ཀྱང་གཉེར་ཡོད་དེ། འགྲུལ་བཞུད་པ་ཚོར་མངར་ཆ་དང་སིལ་ཏོག་བཙོངས་པ། ཚགས་པར་དང་ཆུ་བཙོངས་པ། ལྷམ་ཕྱིས་ཤིང་ཅ་ལག་སྐྱེལ་བ་སོགས་ཀྱི་ཞོར་ལས་བསྒྲུབས་ན་ཡང་། ཁོས་རང་གི་ཚོད་ལྟ་དང་ཞིབ་འཇུག་གི་ལས་ཀ་རྩ་བ་ནས་དོར་མྱོང་མེད།

        ཀྲོ་མཱ་ཟིས་མེ་འཁོར་འཁོར་སྒམ་གཅིག་གི་གྲུ་ཟུར་ནས་ཆ་སྟེགས་ཤིག་བཟོས་པ་དང་། དེའི་བང་ཁྲི་དག་ལ་རྫས་འགྱུར་གྱི་སྡེབ་ཁ་འདྲ་མིན་བླུགས་ཡོད་པའི་ཤེལ་དམ་འགའ་བཞག་ཡོད་ལ། ཡོ་བྱད་ཁ་ཤས་ཤིག་ཀྱང་སྒྲོག་ཙེའི་སྟེང་ལ་བསྒྲིགས་ཡོད། དེ་ནི་ཀྲོ་མཱ་ཟིས་ཐོག་དང་བོར་བཙུགས་པའི་ཚན་རིག་ཚོད་ལྟ་ཁང་གསར་བ་དེ་རེད་དོ།།

      ཉིན་ཞིག་ཀྲོ་མཱ་ཟིས་མེ་འཁོར་ནང་གི་ཆ་སྟེགས་ནས་རྫས་འགྱུར་བཀོལ་སྤྱོད་བྱས་ནས་ཚོད་ལྟ་གནང་བཞིན་པའི་སྐབས་སུ། མེ་འཁོར་ཁྲོག་སྒྲ་དང་བཅས་ཤུགས་ཆེན་པོར་འདར་འགུལ་བྱས་པས་ཁོའི་རྫས་འགྱུར་ཤེལ་དམ་འགའ་ཐང་ལ་ལྷུང་ནས་གད་སོང་། ཀྲོ་མཱ་ཟིས་མེ་ཐེངས་གཉིས་པ་དེ་བཞག་སོང་། ཁོས་རྐང་བརྫིས་བྱས་ནས་མེ་གསོད་ཐབས་བྱས་ནའང་མེ་གསོད་མ་ཐུབ། སྐབས་དེར་སྟབས་ལེགས་ནས་འགྲུལ་བ་སྒམ་ཆུང་འདྲུད་མཁན་ཞིག་གིས་ཀྲོ་མཱ་ཟི་མེའི་ཉེན་ཁ་ལས་བསྐྱབས་ཤིང་འབར་སླ་བའི་རྫས་འགྱུར་རྣམས་ཀྱང་མེ་འཁོར་ནང་ནས་ཕྱི་ལ་གཡུགས་ཐུབ་སོང་། དེ་བས་མེ་འཁོར་ནང་གི་མི་དང་ཅ་དངོས་སོགས་ལ་གནོད་པ་མ་ཐེབས་ན་ཡང་། དེ་ནས་བཟུང་ཁོའི་མེ་འཁོར་ནང་གི་བྱ་བ་ཤོར་སོང་ལ་དེའི་ནང་གི་ཚན་རིག་ཚོད་ལྟ་ཁང་ཡང་མཇུག་བསྒྲིལ་པ་རེད།

       ཉིན་ཞིག་ལ་ཕྲུ་གུ་ལོ་གསུམ་ཅན་ཞིག་ཉེན་ཁ་ཧ་ཅང་ཆེན་པོར་འཕྲད། འོན་ཀྱང་དེ་ནི་ཀྲོ་མཱ་ཟིའི་ཚན་རིག་ཚོད་ལྟ་ལས་བྱུང་བའི་ཉེན་ཁ་མ་ རེད་དེ། དེ་ནི་1862 ལོ་སྟེ་ཀྲོ་མཱ་ཟི་ལོ་བཅོ་ལྔའི་སྟེང་བྱུང་བའི་དོན་དག་ཅིག་རེད། ཀྲོ་མཱ་ཟིས་མིང་ལ་ཆེན་མེ་ཟེར་བའི་བུ་ཆུང་ཞིག་མེ་འཁོར་གྱི་ལྕགས་ལམ་འཁྲིས་ན་རྩེད་མོར་གཡེང་འདུག་པ་མཐོང་ཞིང་། དེ་ནས་ཁོས་མེ་འཁོར་ཡོང་ཕྱོགས་ལ་འཁྱུག་ཙམ་བལྟས་པ་ན། མེ་འཁོར་ནི་དུག་སྦྲུལ་སྨྱོན་པ་ཞིག་ལྟར་འཁྱུག་བགྲོད་ཀྱིས་ཡོང་བཞིན་པ་མཐོང་ནས་ཀྲོ་མཱ་ཟིས་རང་གི་ཅ་ལག་ཚང་མ་ཐང་ལ་གཡུགས་ནས་ཅི་ལའང་མ་འཛེམ་པར་བུ་ཆུང་དེ་མེ་འཁོར་གྱི་ལྕགས་ལམ་ནས་མྱུར་སྟབས་ཀྱིས་ཚུར་བླངས། མེ་འཁོར་གྱིས་ཀྱང་འཚུབ་སྣང་གི་ཉེན་བརྡ་བསྟུད་མར་བསྒྲགས་པ་དང་མཉམ་དུ་ཀྲོ་མཱ་ཟིས་བུ་ཆུང་དེ་ཁྲིགས་སེ་ཚུར་ལེན་ཐུབ་སོང་།

       ཀྲོ་མཱ་ཟིས་དེ་ལྟར་བུ་ཆུང་དེའི་ཚེ་སྲོག་བསྐྱབས་པ་རེད། དེ་ནས་བུ་ཆུང་ཆེན་མེའི་ཨ་ཕ་གཙོས་མེ་འཁོར་ལམ་འགྲམ་གྱི་མི་ཚོགས་ཀྱིས་ཀྲོ་མཱ་ཟི་ལ་དཔའ་རྒོད་རེད། དཔའ་རྒོད་རེད་ཅེས་བསྟོད་བསྔགས་བྱས་ཤིང་མཐེ་བོང་བསྒྲེངས། ཀྲོ་མཱ་ཟིའི་བཟང་སྤྱོད་དེར་བཀའ་དྲིན་ཞུ་ཆེད་ཆེན་མེའི་ཨ་ཕས་ཀྲོ་མཱ་ཟི་ལ་ཏར་འཕྲིན་འཕྲུལ་ཆས་ལས་ཁུངས་ནས་ལས་ཀ་སྤྲད་སོང་།
ཏར་འཕྲིན་ནི་གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་ཕན་ཚུན་དབར་འབྲེལ་བ་འཛུགས་བྱེད་ཀྱི་འཕྲུལ་ཆས་ཤིག་ཡིན་ལ། འཕྲུས་ཆས་དེ་ལས་གྲགས་པ་ནི་སྒྲ་སྟོང་ལས་སྐད་ཆ་མིན། ཀྲོ་མཱ་ཟིས་ཏར་འཕྲིན་ནས་གྲགས་པའི་སྒྲ་དུམ་མང་བོར་ཨང་གྲངས་བསྒྲིགས་ནས་སྐད་ཆ་དང་ཡི་གེའི་གཟུགས་སུ་ཧྲག་སྒྲིག་གཏོང་དགོས་ལ། ཏར་འཕྲིན་གྱི་སྒྲ་དུམ་དེ་དག་གི་གོ་དོན་ཅི་ཡིན་གསལ་བོར་རྟོགས་རྗེས་ད་གཟོད་ཡི་གེར་ཕབ་དགོས་པ་རེད།  ལས་ཀ་དེས་ཀྲོ་མཱ་ཟི་ལ་ཚོད་ལྟ་དང་ཞིབ་འཇུག་གི་བསམ་བློའི་གོ་སྐབས་ཡག་པོ་ཞིག་ཀྱང་སྤྲད་སོང་། སྐབས་དེར་མཚོན་ན་ཨ་མེ་རི་ཁའི་མི་རྣམས་ཀྱིས་ཏར་འཕྲིན་འབྲེལ་ལམ་འདི་བརྒྱུད་ནས་སྤྱི་ཚོགས་དང་མི་སྒེར་ཡོངས་ཀྱིས་ཕན་ཚུན་དབར་འབྲེལ་བ་བྱེད་ཀྱི་ཡོད།  སྐབས་དེར་ཀྲོ་མཱ་ཟིའི་ལས་ཀ་ལ་གླ་ཕོག་ཡང་མང་བོ་སྤྲོད་བཞིན་ཡོད་པས་ཁོའི་ཚན་རིག་ཚོད་ལྟའི་ཕྱག་ལས་ལ་མཐུན་རྐྱེན་འཛོམས་པར་གྱུར་ཏེ། ཁོང་གིས་གློག་སྐུད་དང་འཕྲུལ་ཆས། གློག་རྒྱུན་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱས་ཤིང་རིག་པ་ཆེན་པོས་བརྟག་དཔྱད་ཞིབ་འཇུག་གནངས།

       1876 ལོར་མིང་ལ་ཨ་ལཱ་ཁི་སན་སྒྲིར་ཀེ་རམ་བེར་ཞུ་བ་ཞིག་གིས་ཁ་པར་གསར་གཏོད་བྱས་ཡོད་ནའང་། མི་རྣམས་ཀྱིས་ཁ་པར་ལས་སྐད་ཆ་བཤད་ན་སྒྲ་གཏན་ནས་མི་དྭངས་ཤིང་མི་དང་མིའི་བར་གོ་བརྡ་འཕྲོད་དཀའ་བར་གྱུར།  མི་རྣམས་ཀྱིས་ཁ་པར་བརྒྱུད་ནས་བརྡ་ཡག་པོ་མི་འཕྲོད་པའི་དཀའ་ངལ་ལ་བསམ་སྟེ། ཀྲོ་མཱ་ཟི་ཁ་པར་གྱི་སྒྲ་དྭངས་མོ་བཟོ་འདོད་ཀྱི་ཀུན་སློང་གཙང་མས་རབ་ཏུ་བརྟས་པར་གྱུར། ཁོང་གི་སེམས་ལ་མིའི་རིགས་ཀྱིས་དུས་རྟག་པར་ཁ་པར་བརྒྱུད་ནས་ཁ་བརྡ་ཡག་པོ་བྱེད་ཐུབ་ན་ཇི་འདྲའི་བཟང་ཨང་སྙམ་པའི་བསམ་པ་ཡག་མོས་ཁོ་རང་གི་མཚན་མོའི་གཉིད་ཐེབས་ཀྱང་ཡང་ཡང་བཅགས།

      ལོ་གཅིག་ཡས་མས་ཕྱིན་པའི་ཉིན་ཞིག་ལ་ཀྲོ་མཱ་ཟིས་རླུང་འཕྲིན་ཡོ་ཆས་གཅིག་གསར་གཏོད་གནང་བ་དང་། ཁོང་གིས་རླུང་འཕྲིན་ཡོ་ཆས་དེར་ཞ་ཉེའི་སྐུད་པ་མཉེན་མོ་ཁ་ཤས་བཟོས། ཀྲོ་མཱ་ཟིས་ཏར་འཕྲིན་བསླེབས་དུས་སྐུད་པའི་གཡོ་འགུལ་ཕྲ་མོ་ལ་བརྟེན་ནས་སྐད་སྒྲ་ཇེ་མཐོ་དང་ཇེ་དྭངས་སུ་བཏང་ཐུབ་སོང་ལ། ཁོང་གི་ཚན་རིག་ཚོད་ལྟའི་འབད་བརྩོན་ལ་བརྟེན་ནས་ཁ་པར་གྱི་སྒྲ་དྭངས་མོ་བཟོ་ཐུབ་སོང་པས་མི་རྣམས་ཀྱིས་དགའ་སྤྲོ་ཆེན་པོས་ཁོང་ལ་བཀའ་དྲིན་ཡང་ཡང་ཞུས། ཀྲོ་མཱ་ཟིའི་སེམས་ལ་རང་གིས་སྔར་ལས་ཀྱང་གསར་གཏོད་མང་བོ་ཞིག་བྱེད་ཐུབ་སྙམ་ནས་སྤོབས་པ་ཡང་སྐྱེས།

        སྤྱི་ལོ་1870 ཡས་མས་སུ་མི་རྣམས་ཀྱིས་དཀར་མེ་དང་ལྒང་ཞུ་བསྒྲོན་ནས་རང་ཁྱིམ་ལ་འོད་བསྐྱིལ་གྱི་ཡོད་ལ། དཀར་མེ་དང་ལྒང་ཞུ་བསྒྲོན་པ་དེས་ཁང་ཁྱིམ་མང་བོར་མེ་ཤོར་ནས་མི་རྣམས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད། ཀྲོ་མཱ་ཟིས་དེ་མུར་1871 ལོར་ཨ་རིའི་གྲོང་ཁྱེར་ཆི་ཁཱ་སྒོ་ནས་བྱུང་བའི་མེ་སྐྱོན་ཚབས་ཆེན་དེ་སེམས་ལ་དྲན། མེ་སྐྱོན་དེ་བ་གླང་ཞིག་གིས་རྩྭ་ཁང་ནང་ལྒང་ཞུར་རྐང་ཐོ་བརྒྱབ་ནས་མེ་བསྒྲོན་པ་ཞིག་རེད་ལ། མེ་དེ་ཉིན་གང་བོར་འབར་ནས་ཁང་པ་གཅིག་ཁྲི་བདུན་བརྒྱ་ཙམ་མེར་བསྲེགས་ཤིང་སྐྱེ་བོ་སུམ་བརྒྱ་ཡས་མས་མེ་ལ་འཚིགས་ནས་གྲོང་ཁྱེར་ཧྲིལ་བོ་བསྲེགས་ལ་ཁད་ཅིག་བྱས་སོང་། ཀྲོ་མཱ་ཟིས་རང་གི་ཨ་ཕའི་རྩྭ་ཁང་ཧྲིལ་བོ་མེར་བསྲེགས་པ་སོགས་མེ་ཡིས་བཟོས་པའི་གནོད་འཚེ་མང་བོ་ཅིག་ཅར་དུ་དྲན་པ་ན། ཀྲོ་མཱ་ཟིའི་སེམས་ནས་འབྱུང་བ་མེ་ནི་ཉེན་ཁ་ཧ་ཅང་ཆེ་བ་ཞིག་ཡིན་པ་གསལ་བོར་རྟོགས་སོང་།

      དེ་བས་ཁོང་གིས་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་ཉེན་ཁ་མེད་པར་ཁང་ཁྱིམ་སོགས་ལ་དཀར་འོད་བསྐྱིལ་ཐུབ་བམ་སྙམ་སྟེ་ཀྲོ་མཱ་ཟི་སླར་ཡང་བསམ་གཞིགས་ཀྱི་ཀློང་དུ་ཚུད་པར་གྱུར།  ཀྲོ་མཱ་ཟིས་གློ་བུར་དུ། ཁོང་བྱིས་པ་ཡིན་དུས་བཀླགས་མྱོང་བའི་བྷན་ཧྥི་རན་ཁི་ལེན་ལགས་ཀྱི་མི་ཚེའི་ལོ་རྒྱུས་དྲན། བྷན་ལགས་ཀྱིས་1700 ལོ་ཡས་མས་སུ་བྱས་པའི་ཚན་རིག་ཚོད་ལྟ་ལས་རང་བྱུང་ཁམས་ནས་གློག་འཁྱུག་པ་དེས་འོད་སྦར་ནུས་པའི་རིག་པ་རྙེད་ཡོད་ལ། ཀྲོ་མཱ་ཟིའི་སེམས་ལ། གལ་སྲིད་གློག་གི་རླབས་རྒྱུན་ལ་བརྟེན་ནས་འོད་ཆེན་པོ་སྦར་ནུས་པ་ཡིན་ན། འཇིག་རྟེན་སྟེང་གི་མི་ཚང་ཀུན་གྱིས་གློག་དཀར་ཐུབ་པ་མིན་ནམ་སྙམ་ནས་རང་སེམས་དོགས་སློང་གིས་ཁེངས་ཤིང་ཚན་རིག་ཚོད་ལྟ་ལ་བྱིངས་སོང་། ཁོང་གིས་དོན་དེ་ཡིན་གཅིག་མིན་གཉིས་ཨེ་འགྲུབ་ལྟ་དགོས་དགོངས། ཀྲོ་མཱ་ཟིས་ཚན་རིག་གི་དེབ་མང་བོ་ཡང་ནས་ཡང་དུ་བཀླགས་ཤིང་དེའི་སྐོར་ལ་རྩོམ་ཡིག་མང་བོ་བྲིས་ནས་ཚོད་ལྟ་དང་ཞིབ་འཇུག་གི་བྱ་བའི་ཁྲོད་ནམ་ཡང་མི་ཁོམ་པར་གྱུར།

       ཁོང་གིས་ཚོད་ལྟ་བསྟུད་མར་གནངས་མཐར་ཐེངས་ཤིག་ལ་ཁོང་གིས་ཤེལ་མདོང་ཞིག་གི་ནང་ལ་ལྕགས་སྐུད་གཉིས་མཐུད་ནས་བསྲིངས་པ་རེད། ལྕགས་སྐུད་ཀྱི་སྣེ་གཉིས་ཤིང་བལ་གྱིས་ལྗིབས་ནས་དམ་པོར་བསྒྲིལ་ཡོད་པས་སྐུད་པ་དེ་ཤིན་ཏུ་ཕྲ་ཡང་སྲ་མོ་ཞེ་དྲག་ཡོད། ཀྲོ་མཱ་ཟིས་ལྕགས་ཀྱི་སྐུད་པ་དང་ཤིང་བལ་སྐུད་པ་བརྒྱུད་ནས་མི་ཡུལ་ལ་གློག་མངགས་ཐུབ་པའི་རིག་ལམ་གསར་གཏོད་བྱས་པ་དང་། ཁོང་གིས་ཞིབ་འཇུག་ཡང་ཡང་བྱས་མཐར་ཚན་རིག་ཚོད་ལྟ་ལེགས་འགྲུབ་བྱུང་ནས་སྲ་ཞིང་ཕྲ་བའི་སྐུད་པ་དེ་འོད་ཆེམ་ཆེམ་དུ་འབར་བ་རེད།

  དེ་ནས་ཡང་ཁོང་གིས་ཕྱི་ནང་ཀུན་ལ་གློག་འོད་ལྡོག་འཕྲོ་ཐུབ་པའི་ཤེལ་མདོང་ཞིག་གསར་བཟོ་བྱས་ནས་ནག་སྟོང་སྟོང་གི་འཇིག་རྟེན་ཡོངས་རྫོགས་གློག་འོད་དཀར་བོས་ཁྱབ་ཏུ་བཅུགས་པ་དང་། སྐྱེ་བོའི་ཚོགས་ཀྲོ་མཱ་ཟིའི་གསར་གཏོད་ཀྱི་ཕྱག་ལས་ལ་སྤྲོ་སེམས་རབ་ཏུ་འཁོལ་ཞིང་བདེ་སྐྱིད་དཔལ་ལ་རོལ་ཐུབ་པར་གྱུར། བརྒྱ་ལ་དེ་ལྟར་ལགས་ཀྱང་ཚན་རིག་པ་ཀྲོ་མཱ་ཟིའི་ཕྱག་ལས་ད་དུང་ཡང་མཇུག་རྫོགས་མེད་དེ།  ཁོང་གིས་དུད་ཁྱིམ་སྟོང་ཕྲག་མང་བོར་གློག་འཐེན་རོགས་དང་གློག་ཐོ་ལས་གློག་འོད་ཕྱོགས་གཅིག་ཏུ་སྡུད་ཚུལ་བསླབས་ནས་གཞན་དག་ལ་རོགས་བྱས་པ་རེད། བྱ་བཞག་དེ་འགྲུབ་པར་སྔར་ལས་ཀྱང་ལོ་མང་བོའི་ཞིབ་འཇུག་དང་གསར་གཏོད་ཀྱི་དུས་ཚོད་དགོས་ཏེ། སྦུག་ལམ་དང་མཁའ་དབྱིངས་བརྒྱུད་ནས་གློག་ཇི་ལྟར་འཁྱིད་པ་དང་ཇི་ལྟར་དཀར་བ་དང་། ཇི་ལྟར་གཟིམ་པའི་ཐབས་ཤེས་རིག་ལམ་འཚོལ་དགོས།

      ཁོང་གིས་ཞིབ་འཇུག་དང་ཚོད་ལྟ་གནང་གནང་མཐར། 1882 ལོ་ཡས་མས་སུ་ཀྲོ་མཱ་ཟིས་གློག་སྒོ་ཕྱེ་བ་དང་རྒྱག་པ། གློག་གི་བཞུར་རྒྱུན་བཀག་གཏོང་བྱེད་པའི་ཚད། གློག་རྒྱུ་སའི་སྐུད་པ་སོགས་ཀྱི་རིག་ལམ་གསར་གཏོད་བྱས་པ་དང་། ཚན་རིག་ཚོད་ལྟ་དང་རྫས་འགྱུར་སྡེབས་ཁ་ལས་གྲུབ་པའི་གློག་རྒྱུན་དེ་དག་གིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེ་འཁོར་གྱི་དུད་ཁྱིམ་85 ཙམ་ལ་གློག་དཀར་ཐུབ་པར་གྱུར།

      ཀྲོ་མཱ་ཟིས་དེ་ལྟར་སྐམ་གློག་བཀག་གཏོང་བྱེད་པའི་རིག་ལམ་གསར་གཏོད་གནང་བ་ནས་བཟུང་། འཛམ་བུ་གླིང་གི་ཡུལ་ཕྱོགས་ཀུན་ལ་གློག་འདོན་ས་ཚིགས་རིག་པ་དར་ནས་འཇིག་རྟེན་མི་ཡུལ་འདི་གློག་འོད་ཀྱིས་ཁྱབ་པར་བྱས་ཡོད། ཀྲོ་མཱ་ཟི་སླར་ཡང་འཛམ་བུ་གླིང་ལ་གློག་གི་དཀར་འོད་བསུ་མཁན་གྱི་དཔའ་རྒོད་དུ་གྱུར་པ་རེད།

       ཀྲོ་མཱ་ཟིས་ཅ་དངོས་གལ་ཆེན་གཞན་དག་ཀྱང་གསར་གཏོད་གནང་ཡོད་དེ། གློག་བརྙན་ཕབ་སྐྲུན་བྱེད་ཆས་ཀྱི་བརྙན་མིག་དང་། གློག་བརྙན་སྟོན་བྱེད་ཀྱི་སྤྱིན་འཁོར། བསྐྱར་པར་འཕྲུལ་ཆས། སྒྲ་སྡུད་འཕྲུལ་ཆས།  སྐད་ཆ་ཤོད་པའི་ཕྲུ་གུའི་འདྲ་འབག་རྩེད་ཆས་སོགས་གསར་གཏོད་གནངས་ཡོད།

       ཀྲོ་མཱ་ཟི་དུས་ནམ་ཡང་གསར་གཏོད་ལ་གོམས་ཡོད་པས་ཁོང་གིས་འཇིག་རྟེན་འདིར་གསར་གཏོད་སྣ་ཁ་ཆིག་སྟོང་ལྷག་གནང་ཡོད་ལ། ཁོང་གི་མི་ཚེའི་ཁྲོད་ཀྱི་གསར་གཏོད་མང་པོ་ཞིག་གིས་ངེད་ཅག་སྐྱེ་བོ་རྣམས་འཛམ་གླིང་འདིར་ཕན་བདེ་བསྐྲུན་པའི་གསར་གཏོད་ཀྱི་ལམ་ཆེན་སྟེང་དུ་ཁྲིད་ཡོད།  ཁོང་གིས་ངེད་ཅག་ལ་དབང་བའི་འཇིག་རྟེན་འདི་གློག་འོད་ཀྱིས་ཁྱབ་པར་བྱས་ནས་བདེ་སྐྱིད་ཀྱི་ཞིང་ཁམས་སུ་བསྒྱུར་ཡོད་དོ། །

        ཀྲོ་མཱ་ཟི་དགུང་ལོ་84 ལ་བཞུགས། 1931 ལོར་གསར་གཏོད་པ་ཆེན་མོ་ཁོང་སྐུ་གཤེགས་སོང་། ཁོང་སྐུ་གཤེགས་པ་དེས་སྐྱེ་བོ་ཁྲི་སྟོང་མང་པོ་མྱ་ངན་གྱི་གདུང་བས་གཟིར་དུ་བཅུག་ཡོད་ལ། དེ་དང་ཆབས་ཅིག་སྐྱེ་བོ་སྟོང་ཕྲག་མང་བོས་ཁོང་གི་སྐུ་ཚེའི་མཛད་པ་རླབས་ཆེན་ལ་དགྱེས་སྟོན་རྒྱ་ཆེན་པོ་བཤམས། དགོང་མོའི་ཆུ་ཚོད་བཅུ་བའི་སྟེང་རོལ་བའི་ཁོང་གི་གཤིན་སྐར་ཉིན་མོ་དེར།

       ཨ་རིའི་ཞིང་ཆེན་རེ་རེ་ནས་རྒྱལ་དར་མར་ཕབ་སྟེ། རྒྱལ་དམངས་ཡོངས་ཀྱིས་ཁོང་གི་སྐུ་ཚེའི་མཛད་པ་གསར་གཏོད་ལ་དྲན་གསོ་དང་གདུང་སེམས་མཉམ་བསྐྱེད་བྱས་པ་དང་། མི་མང་གིས་དཔའ་རྒོད་ཀྲོ་མཱ་ཟི་ཨོ་ཧྥི་ཨེ་ཊ་སོན་ལགས། ད་བདེ་བར་བཞུད་ཅིག་ཅེས་སྐྱེལ་མའི་སེམས་གཏམ་ཀྱང་བརྗོད་དོ། །

* ཟུར་ཞུ། གསར་གཏོད་པ་གྲགས་ཅན་ཀྲོ་མཱ་ཟི་ཨོ་ཧྥི་ཨེ་ཊ་སོན་གྱི་དངོས་བྱུང་གཏམ་རྒྱུད་འདི་པར་རིས་དང་སྦྲགས་པའི་བྱིས་པའི་ཀློག་དེབ་སྲབ་མོ་ཞིག་བོད་སྒྱུར་བྱས་པ་ཡིན་པས། ཁོང་གི་ཞིབ་ཅིང་རྒྱས་པའི་མི་ཚེའི་ལོ་རྒྱུས་ཧྲིལ་པོ་མིན་པར་མཁྱེན་རྟོགས་འཚལ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading