སངས་རྒྱས་ཞུ་བ།

སྨྱུག་མདའ།

བདེ་བའི་གནས་ཤིག་རྒྱང་ལ་འཐེན་ཞོར་རྨི་ལམ་ཕྱེད་ཀ་སྒྲིབ་སྟངས་དེ་འང་།།
གཏམ་དོན་ཤེད་འདི་རྗེས་ཤིག་རིག་ན་ཁྱེད་ཀྱི་ཤ་དང་རུས་པ་མཐོ་འོ།།
བསྐལ་བ་དུ མ་རང་ཉིད་བཀྲུས་པ་ཁ་དོག་ཅིག་གི་མཚུངས་ཆོས་རེད་དམ།།
ལུས་ཀྱི་ངལ་དུབ་གསོ་བཞིན་ལོག་པ་མི་ལོ་ཉིས་སྟོང་ཡར་སྔོན་རེད་ལ།།
འཇིག་རྟེན་དཀར་ནག་མཐོང་ཐེངས་རེ་རེར་ཆོས་རྣམས་སྤྱི་ཡི་མཚན་ཉིད་གསལ་གཞག།
རྡོ་འཁྱག་སྔོན་མོ་མལ་སྟན་མཛད་པ་རྒྱུ་འབྲས་འདབ་མ་ཤིག་ཏུ་ཉེ་འམ།།
ན་བུན་གསེབ་ཀྱི་སོ་སྐྱེ་པ་རྣམས་མཚར་བོའི་དོགས་སུ་ལྐོགས་པ་ཨེ་རེད།།
མཚན་མོའི་གདོང་ལ་བསོད་ནམས་སྨིན་པ་ང་ཡི་ལས་ཀྱིས་བཟུང་བ་མི་འགྲོ།།
ས་འཁྲེགས་པང་གི་གྲག་མེད་འགུལ་མེད་ཁྱེད་ཀྱི་གྲིབ་མ་དོན་སྙིང་མཆི་འོ།།
ཤིན་ཏུ་འཁྱག་པའི་དགུན་ཟླ་རེ་རེར་སངས་རྒྱས་ཞུ་བ་ཡེ་ནས་མ་བོར།།
ཁྱེད་ཀྱིས་ཡོད་ཚད་གཅིག་ཏུ་བཏུབ་སྟེ་ཐ་སྙད་ཉིས་ཀྱིས་གྲོས་ཐག་བཅད་འདུག།
འཁོར་བ་སྐྱོ་ནས་ཆུ་བོ་བརྒལ་རྗེས་ཏིང་འཛིན་བསྒོམ་པ་རིག་རིག་ལྟ་འོ།།
རྣམ་རྟོག་དྲ་བ་བྱི་དོར་བྱས་མཚམས་འཇག་མའི་རྩེ་རུ་ཆོས་གླུ་གྲག་གོ།
མཚན་མོ་དེ་ནི་བརྡ་དང་འགྲོགས་ཏེ་བྱང་ཆུབ་ལྗོན་པ་འོད་ཀྱིས་ཁེངས་སོ།།
གནའ་བོའི་རྒྱ་གར་དད་པར་འཇུས་ཏེ་དུས་རབས་ཤིག་ལ་སོན་བཟང་བཏབ་བོ།།
ལྟ་གྲུབ་ག་ཙམ་ལམ་ལ་བསྐྱལ་ཞིང་སྣང་མུན་གང་དུ་མི་ལྟུང་པ་ལགས།།
སེམས་དོན་མ་བོར་ཕྱོགས་སུ་སྙེག་སྟེ་བདེན་པ་གཉིས་ཀྱི་རྣམ་གཞག་བསྩལ་ཏོ།།
རྒྱལ་ཁམས་མཐོང་བའི་མེ་ལོང་ཁྱེད་ནི་རྣམ་དཔྱོད་འདབ་མ་ག་ལེར་འབུས་སམ།།
ཐབས་ཤེས་བརྒྱ་ཁྲི་བཞི་སྟོང་སྤྱད་ནས་མངོན་པར་གང་དེར་མོས་པར་བསྟུན་པཱ།།
གངྒའི་བྱེ་མར་བྱིལ་བྱིལ་གཏོང་ལ་ཉྭ་བ་དག་ཀྱང་སྤྲོ་ཤུགས་བརྟས་སོ།།
ཁྱེད་ཀྱིས་ཅི་ཞིག་ཐུགས་ལ་བབས་ཏེ་རྟེན་འབྱུང་ཟབ་མོར་སྤྲོས་མཐའ་བཅད་དོ།།

༢༠༡༦/༡༢/༡༧

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s