བོང་སྟག་གཅེས་ལོ་ནས།
དེ་ཡང་ཐེམ་ཆེན་རྗོང་ནི་འབྲོག་ལས་ཁོ་ན་གཉེར་ཞིང་། བོད་རིགས་གཙོ་བོ་ཡིན་པའི་ རྗོང་ཞིག་ཡིན་ལ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ ཁྲི2.47 ཡོད་པ་དེ་གྲོང་བརྡལ་གསུམ་དང་ཤང་དྲུག་གི་སྲིད་འཛིན་ས་ཁུལ་ཏུ་དབྱེ་ཡོད། དུད་ཁྱིམ 8009 ཡོད་ཅིང་སྤྱིའི་མི་གྲངས་ 22791 ཡོད་པ་དེ་ལས་བོད་རིགས་གཙོ་བོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་ཁྲོད 85.98﹪ ཟིན་པ་རེད། རྫོང་འདིའི་རྒྱུན་སྤྱོད་ཀྱི་སྐད་རིགས་གཙོ་བོ་ནི་བོད་སྐད་ཡིན་ལ་གཞན་ད་དུང་རྒྱ་སྐད་དང་ཧེ་སྐད་སོགས་ཀྱང་ཡོད། རྫོང་འདིར་མི་རིགས་སློབ་ཆུང་གཉིས་དང་སློབ་འབྲིང་གཅིག རྒྱ་རིགས་སློབ་འབྲིང་དང་སློབ་ཆུང་གཅིག་བཅས་ཀྱི་སློབ་གསོའི་དཔུང་སྡེ་ཆགས་ཡོད་པ་རེད། སློབ་གྲྭ་དེ་དག་གི་ཁྲིད་ཐབས་ནི་མི་རིགས་སློབ་ཆུང་དང་པོས་རྒྱ་ཡིག་ཕུད་པའི་གཞན་པའི་བསླབ་ཚན་དག་བོད་སྐད་ཡིག་གིས་ཁྲིད་བཞིན་ཡོད་ལ། མི་རིགས་སློབ་ཆུང་གཉིས་པས་དེ་ལས་ལྡོག་སྟེ་བོད་ཡིག་ཕུད་པའི་གཞན་པའི་བསླབ་ཚན་དག་རྒྱའི་སྐད་ཡིག་གིས་ཁྲིད་བཞིན་ཡོད། མི་རིགས་སློབ་འབྲིང་དུ་རྒྱའི་སྐད་ཡིག་གི་འཛིན་གྲྭ་དང་བོད་སྐད་ཡིག་གི་འཛིན་གྲྭ་བཅས་གཉིས་སུ་བགོས་ཡོད་པ་དེ་ཡང་གོང་དུ་བཤད་པ་བཞིན་བོད་སྐད་ཡིག་འཛིན་གྲྭས་རྒྱ་ཡིག་ལས་གཞན་པའི་བསླབ་ཚན་དག་སྐད་གཉིས་སློབ་ཁྲིད་ཀྱི་ཁྲིད་ཐབས་སྤྱོད་བཞིན་ཡོད། རྫོང་འདིའི་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མའི་གྲངས་ཀ་ལོ་རེར་བརྒྱ་ཆའི་གཅིག་ཙམ་ཡང་ལོན་མི་ལོན་པའི་ཚད་དུ་གནས་ལ། སློབ་ཆེན་དུ་རྒྱུགས་འཕྲོད་པའི་དབང་དུ་བཏང་ཡང་ཕྱིར་ཐོན་དུས་སྐད་གཉིས་སློབ་གསོའི་དགེ་རྒན་གྱི་ལས་གནས་རེག་རྒྱུ་དེ་ཤིན་ཏུ་ནས་དཀའ་བ་རེད། དེ་བས་ཀྱང་གནད་དོན་ཚབས་ཆེ་བ་ཞིག་ཡོད་པ་ནི་ཉེ་ཆར་ཁོ་བོར་རྒྱུན་དུ་འཕྲད་བཞིན་པའི་དོན་དག་ཞིག་སྟེ། སློབ་ཆུང་འགྲིམ་བཞིན་པའི་སློབ་བུ་ཆུང་ཆུང་དག་གིས་ཕན་ཚུན་ལ་རྒྱ་སྐད་ཁོ་ནས་ཁ་བརྡ་བཤད་པ་ལས་བོད་སྐད་མི་བཀོལ་བ་དེ་རེད། བྱིས་པ་དེ་ཚོ་ལོ་ན་བཅུར་ལོན་མ་ལོན་བའི་ཚད་དུ་འདུག་ཅིང་། ཁ་ནས་ཅི་བཤད་ཚང་མ་རྒྱ་སྐད་ཁོ་ན་ལས་བོད་སྐད་གཏན་ནས་མི་བཤད་ལ། ཁོ་ཚོས་ཀྱང་རང་ཉིད་རྒྱ་སྐད་ལ་ཧ་ཅང་འབྱོར་བའི་ཚུལ་ལྟར་བཙན་གྱིས་ཕ་སྐད་དོར་བཞིན་པའི་ངང་ཚུལ་དེ་ཁོ་ཚོའི་ཕ་མ་དག་གིས་ཀྱང་ཅི་ཡང་མི་སྨྲས་བར་མ་ཟད། ཐ་ན་ཁོ་ཚོས་རང་ཉིད་ཀྱི་བྱིས་པ་རྒྱ་ཡིག་སློབ་གྲྭར་བཙན་གྱིས་བརྫང་གིན་པའི་གནས་ཚུལ་ཡ་མཚན་པ་འདུག འདི་ལྟར་མུ་མཐུད་དུ་སོང་ཚེ་མ་འོངས་པའི་ལོ་བཅུ་ཕྲག་འགའི་རྗེས་སུ་ས་འདིའི་བོད་རིགས་མིང་གི་ཤུལ་ཙམ་ཏུ་འགྱུར་བར་ཐེ་ཚམ་སྤུ་ཙམ་ཡང་མེད། དེས་ན་བྱིས་པ་འདི་དག་གིས་རྩེ་ཞོར་དགོད་ཞོར་ཙམ་ལའང་རྒྱ་སྐད་ལས་བོད་སྐད་མི་བཤད་པ་འདི་གང་ལ་རག་ལས་པ་རེད་ཞེ་ན། བྱིས་པ་འདི་དག་མཚར་ལོངས་འབྱུང་སའི་སློབ་གསོའི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད་དེ། གཅིག་ནི་ཁྱིམ་ཚང་སློབ་གསོ་དང་ གཉིས་ནི་སློབ་གྲྭའི་སློབ་གསོའོ།
སྤྱིར་འབྲོག་ཕྱོགས་ས་ཁུལ་གྱི་སློབ་གསོའི་གོ་རྟོགས་ཞན་པའི་ཁར་བྱིས་པ་འཚར་ལོངས་འབྱུང་བར་རྩ་བར་གྱུར་པའི་ཁྱིམ་ཚང་སློབ་གསོ་ཕལ་ཆེར་མྱངས་ཐུབ་ཀྱིན་མེད། བྱིས་པར་མཚོན་ན་ཁྱིམ་ཚང་སློབ་གསོ་ནི་ཆེས་མེད་དུ་མི་རུང་བ་ཞིག་སྟེ་ཁྱིམ་ཚང་སློབ་གསོའི་ཁོར་ཡུག་ཇི་ལྟ་བུ་ཞིག་ཏུ་མཚར་ལོངས་བྱུང་བའི་བྱིས་པ་དེ་ལྟ་བུའི་མི་ཞིག་ཏུ་འགྱུར་སྲིད་པ་སློབ་གསོའི་ཞིབ་འཇུག་པ་མང་བོས་མགྲིན་གཅིག་ཏུ་བརྗོད་ཅིང་། སློབ་གྲྭའི་སློབ་གསོ་ནི་བྱིས་པ་དག་ངེས་པར་དུ་བརྒྱུད་དགོས་ཤིང་ལྷག་པར་དུ་སློབ་གྲྭ་ནི་མི་ཡོན་ཏན་ཅན་སྐྱེད་སྲིང་བྱེད་སའི་བཟོ་གྲྭ་ལྟ་བུ་ཡིན་ལ་དགེ་རྒན་མིའི་རིགས་ཀྱི་བསམ་བློའི་བཟོ་རྩལ་མཁས་པ་ལྟ་བུ་ཡིན་ཞེས་ཀུན་ལ་རླུང་ལྟར་གྲགས་སོ། འདི་ལྟ་བུའི་སློབ་གསོའི་ཕམ་ཁ་དེ་གོང་དུ་བཤད་པ་བཞིན་ཕྱི་ནང་གཉི་ཀའི་རྒྱུ་རྐྱེན་ལ་རེག་ལས་ཡོད་ཀྱང་། གལ་ཏེ་དུས་དང་བསྟུན་ནས་བཅོས་སྒྱུར་མ་བྱས་ཚེ་སྐྱོ་གར་ནམ་ཡང་མུ་ནས་མུ་རུ་འཁྲབ་དགོས་པ་རེད། དེ་ལྟར་བྱིས་པར་གཅེས་མ་ ཤེས་པའི་ཕ་མ་ལ་ལས་མིག་མདུན་ཙམ་གྱི་ཁེ་ཕན་གྱིས་བྱིས་པའི་རྒྱང་རིང་གི་མདུན་ལམ་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་ཁོ་ཚོ་ལྟ་བུའི་ཅི་ཡང་མི་ཤེས་པ་དག་ཕར་ཞོག ཐ་ན་རང་ཉིད་བོད་སྐད་ཡིག་གི་དགེ་རྒན་ཡིན་པའི་ཕ་མ་དག་གིས་ཀྱང་མ་ཤེས་པར་རང་ཉིད་ཀྱི་བྱིས་པ་རྒྱའི་སློབ་གྲྭར་སྐྱེལ་བཞིན་པའི་མིག་མཐོང་ལག་ཟིན་གྱི་དཔེ་གསོན་པོ་མང་པོ་ཞིག་ཡོད་པ་དེ་ལས་རྟོགས་ཐུབ།
ཉེ་སྔོན་བརྙན་འཕྲིན་དང་དྲ་ལམ་དག་ཏུ་ཁྱབ་བཞིན་པའི “ང་ཚོའི་དགེ་རྒན་གྱིས་ང་ཚོར་བོད་སྐད་བཤད་དུ་མི་འཇུག” ཞེས་པ་དེར་སྤྱི་ཚོགས་སྟེང་སྐྱོན་བརྗོད་ཆེན་པོ་བྱེད་མུས་ཡོད་མོད། དོན་དངོས་སུ་འདི་ལས་ཀྱང་ཚབས་ཆེ་བ་དེ་མི་རིགས་སློབ་གྲྭས་མི་རིགས་རང་གི་སྐད་ཡིག་ གི་སློབ་ཁྲིད་ཐབས་ལམ་མི་སྤྱད་པར་རྒྱ་ཡིག་གཙིགས་སུ་འཛིན་པ་དང་། ཡང་དེས་ཤུགས་རྐྱེན་གྱིས་བྱིས་པས་ཁ་བརྡའམ་རྩེད་མཚར་ཙམ་ལའང་མི་རིགས་གཞན་གྱི་སྐད་ཡིག་སྤྱད་དེ་མི་འཇོན་འཇོན་མདོག་བྱེད་བཞིན་པ་དེ་རེད། སློབ་གསོའི་ལས་དོན་ནམ་ལྷག་པར་ཏུ་ བོད་རང་གི་སློབ་གསོའི་ལས་ཀར་མི་ཚེ་གང་བོ་འཁྱོལ་ཡོང་བའི་ངེས་དོན་གྱི་སློབ་གསོ་པ་ཨ་ལགས་དོར་ཞིའི་ཞལ་ནས་ཀྱང “དེ་ཡང་རྒྱལ་ཁབ་ཕྱི་ནང་དང་གནའ་དུས་དང་དེང་དུས་ཀྱི་སློབ་གསོ་གང་ཡིན་ཀྱང་། གཞི་དང་རྩའི་བར་གྱུར་པ་ནི་སྐད་ཡིག་སློབ་གསོ་ཡིན་ལ། སྐད་ཡིག་ཤེས་པ་རིག་གནས་སློབ་གསོ་ཀུན་གྱི་གཞི་རྩ་ཡིན་པར་མ་ཟད། རིག་གནས་ཚན་རིག་གཞན་དག་ཤེས་ཐབས་དང་། བེད་སྤྱོད་ཐབས་ཀྱི་གལ་ཆ་དང་། སྤྱི་ཚོགས་འཚོ་བར་བྱ་བ་དོན་དག་གང་སྒྲུབ་ཀྱང་ཁ་མིག་ལག་པ་བཞིན་དུ་མེད་དུ་མི་རུང་བའི་ལག་ཆ་གཅིག་པུ་ཡིན” ཞེས་དང་གཞན་ད་དུང “སྐད་ཡིག་གཞན་པའི་སྟེང་ནས་མི་རིགས་གཞན་དག་གི་རིག་གནས་ཚ་ཚང་བ་དང་གཏིང་ཕྱིན་པ་ཞིག་ཤེས་མི་ཐུབ་ཅེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས་” ཞེས་གསུང་པ་འདི་ལས་ཤེས་ཐུབ་པས་ང་ཚོས་ཐེ་ཚོམ་ཅི་ཡང་བཟའ་དགོས་མེད་པར་མི་རིགས་སློབ་གྲུར་མི་རིགས་རང་གི་སྐད་དང་ཡི་གེས་སློབ་ཁྲིད་སྤྱོད་དགོས་པ་ཡིན། སྤྱིར་མི་རིགས་གཞན་པའི་སྐད་ཡིག་ཤེས་པ་ནི་ལེགས་ཆ་ཞིག་ཏུ་ངེས་པ་སུས་ཀྱང་ཤེས་ནུས་ལ་རང་སྐད་འདི་ལྟར་དོར་ནས་མི་རིགས་གཞན་པའི་སྐད་ཡིག་ལ་སྦྱངས་པ་དོན་གྱིས་མི་རིགས་གཞན་པའི་རིག་གནས་སྦྱངས་པ་ཡིན་སྟབས་ངེས་པར་དེའི་སྤང་བླང་གི་ཆ་མ་ནོར་བ་ཤེས་རྒྱུ་གལ་ཆེ། གལ་ཏེ་བྱིས་པ་ཆུང་དུས་ནས་རྒྱ་ཡིག་སློབ་གྲྭར་བསྐྱལ་བ་ཡིན་ན་དེས་སྤང་བླང་མི་ཤེས་པའི་ཁར་ཕ་མས་ཀྱང་མ་བསླབ་སྟབས་ཡུན་གྱིས་ངན་སྣ་ཚོགས་གོམས་ཏེ་མཐར་ཁྱིམ་ཚང་འཕུང་ལ་སྦྱོར་སྲིད་དེ། དེ་དག་གིས་ཕ་མའི་མདུན་དུ་ཁྱིམ་གྱི་རྒྱུ་ནོར་དང་གོ་ས་ལ་སོགས་རྩོད་པའི་གནས་ཚུལ་ག་ས་གང་དུ་གོ་རྒྱུར་འདུག་པ་བྱིས་པ་དེ་ཚོས་མྱངས་བྱའི་སློབ་གསོ་མ་ལག་ལ་གོ་ནོར་ཐེབས་པའི་དན་རྟགས་ ཚན་མར་ངེས།
ཉེ་ཆར་ཏང་དང་རྒྱལ་ཁབ་ཀྱིས་སྐད་གཉིས་སློབ་གསོར་གཙིགས་ཆེན་འཛིན་དགོས་པའི་སྐོར་གྱི་སྲིད་ཇུས་རབ་ཏང་རིམ་པ་གཏན་འབེབས་ཁྱབ་སྒྲོག་བྱེད་བཞིན་ཡོད་ཀྱང་། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སྐད་གཉིས་སློབ་གསོ་དོར་ནས་བསླབ་ཚན་དག་རྒྱ་སྐད་རྒྱ་ཡིག་གིས་ཁྲིད་ཀྱིན་པ་དེ་གཅིག་ནས་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་འཇོག་དང་གཙིགས་ཆེན་མ་མཛད་པ་ཡིན་ལ། གཉིས་ནས་བྱིས་པའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་འགལ་བའི་སློབ་ཁྲིད་བྱེད་སྟངས་སུ་ངེས། གསུམ་ནས་སློབ་གསོའི་ཐབས་ལམ་ཡང་དག་ལ་འཚོལ་ཞིབ་ཞིབ་འཇུག་མ་བྱས་པ་བཅས་ཀྱིས་ཞྭ་རའི་མཛུབ་སྟོན་བཞིན་ལམ་ལོག་ཏུ་སོང་པས་བྱིས་པ་མང་པོ་ཞིག་གི་མདུན་ལམ་ཐད་ཀར་རྡོག་བརྫིས་སུ་བཏང་ཡོད། བྱིས་པ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་མ་འོངས་པའི་རྟེན་གཞི་ཡིན་པས་ངེས་པར་དུ་དེ་དག་ཡང་དག་པའི་སློབ་གསོའི་ཐབས་ལམ་འོག་སྐྱེད་སྲིང་བྱ་རྒྱུ་ནི་མི་རིགས་རང་གི་འོས་འགན་དུ་མ་ཟད། མི་རིགས་སློབ་གྲྭ་སོ་སོའི་ཆེས་གཞི་རྩའི་འོས་འགན་ཞིག་ཏུ་ངེས་ན་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སྐད་གཉིས་གསོ་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་རྒྱུ་ནི་མི་རིགས་ཀྱི་ རིག་གནས་དར་སྤེལ་དང་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱ་རྒྱུའི་ཐབས་ལམ་ཉག་གཅིག་གོ
ཀུན་གྱིས་ཤེས་གསལ་བཞིན་དུ་བྱིས་པ་བསྐྱེད་སྲིང་བྱ་རྒྱུ་ནི་སློབ་གྲྭ་ཁོ་ནའི་འོས་འགན་ཞིག་མ་ཡིན་ཏེ། བྱིས་པ་གཉོར་སྐྱོང་བྱེད་མཁན་གྱི་ཕ་མ་དག་ལའང་ལྡོག་ཏུ་མེད་པའི་འབྲེལ་བ་ངེས་ཅན་ཞིག་ཡོད་སྟབས། ཕ་མ་དག་གིས་མིག་མདུན་ཙམ་གྱི་ཁེ་ཕན་ཁོ་ནར་མི་གཉེར་བར་བྱིས་པའི་མདུན་ལམ་རྒྱང་རིང་བོར་བསམ་བློ་ཞིབ་མོ་བཏང་སྟེ་རྨོངས་ཚོད་ཀྱིས་ཐག་གཅོད་མི་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ། བོད་རིགས་ཀྱི་ཕ་མ་དག་གིས་རང་ཉིད་ཀྱི་བྱིས་པ་རྒྱ་ཡིག་སློབ་གྲྭར་བསྐྱེལ་བ་ནི་ལས་གནས་སླ་མོར་རེག་རྒྱུར་དམིགས་པ་ཡིན་མོད། འོན་ཀྱང་བསམ་བློ་ཞིབ་མོར་མ་བཏང་བ་ཡིན་སྟབས་དེས་ནི་བྱིས་པའི་མདུན་ལམ་བསམ་བཞིན་དུ་བརླག་པ་དང་གཉིས་སུ་མེད་དེ། བྱིས་པ་དེ་ཚོ་རྒྱ་ཡིག་རྒྱ་སྐད་ལ་ཇི་འདྲ་བཟང་ཡང་རྒྱའི་སློབ་མ་དང་གཏན་ནས་བསྡུར་ཐབས་མེད་ལ། བོད་སྐད་ཡིག་མ་ཤེས་པའི་ཁར་གཞན་སྐད་ལའང་བྱང་ཆ་མི་ལྡན་པས་ལག་གནས་སླ་མོར་རེག་རྒྱུ་ཕར་ཐོག ཐ་ན་ཚེ་གང་བོར་མི་རིགས་ཀྱི་ཞབས་འདྲེན་པའི་མིང་ཙམ་ཁུར་ནས་གཞན་གྱི་གཡོག་ཏུ་རྒྱུགས་རྒྱུ་མ་ཟད། རང་ས་ཁུལ་ནམ་ཡང་རྗེས་ལུས་དང་ཐ་ན་མི་རིགས་གཞན་ལ་འགྱུར་བའི་འབྲས་བུ་་ལས་རེག་རྒྱུ་མེད་པ་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས་ནུས་སོ།
༢༠༡༦ལོའི་ཟླ༡༡པའི་ཚེས༡ཉིན།
ཡོང་ཁུངས་བོད་ནང་གི་དྲ་བ།