འབུ་མེ་ལྕེབ།
སྤྲང་བོས་མི་ཐེག་རུས་པའི་ན་ཟུག་ཁུར།
མིག་ཟུང་བགྲད་བཞིན་དམྱལ་བའི་མེ་ལ་ལྕེབ།།
དུས་ཀྱི་འགྱུར་འགྲོས་ནམ་མཁའི་སྟོན་སྤྲིན་བཞིན།།
གཟས་ནས་གདོང་ལ་ཕོག་པ་ཡིད་རེ་སྐྱོ།།
༢༠༡༦ /༥/༤ཨོ་གླིང་ནས།
ཆང་།
དོ་ནུབ ངས་བདུད་རྩི་སྐྱིད་ལ་མཆོད་ཀྱང
ཕ་ས་ཞེ་ལ་འཁོར་ཐེངས་རེ་རེར
སེམས་ཡ་ཆུང་མུན་པས་གཅུས་ཡོད
ཁེར་རྐྱང་གི་ང དོ་ནུབ་ཆང་དྲི་ལ་འཁྱིལ
དོ་ནུབ ང་ཆང་གི་རྨི་ལམ་ཡིན
དོ་ནུབ ང་རུས་པའི་རྨི་ལམ་ཡིན
༢༠༡༦/༥/༡༤ ཨོ་གླིང་ནས།
དོ་ནུབ་ཀྱི་མཚན་མོ།
མུན་པ་ཟབ་ས་ན
རྨི་ལམ་དགུ་བརྩེགས་ཤིག
སེམས་ཀྱི་གཏིང་དུ་ཟུག
དོ་ནུབ་ཀྱི་མཚན་མོ
རྒྱང་རིང་གི་གླུ་སྒྲར་སྒོམ་དུས
ཞེ་ལ་འཁྱིལ་བ་ཡང་རྨི་ལམ་ཞིག
༢༠༡༦ -༩-༣ ཨོ་གླིང་ནས།
དེ་རིང་།
དེ་རིང་མུན་པ་ཞིག་སེམས་ལ་ལྷུང་སོང
མིག་ཆུ་ཞིག་འགྲམ་ངོས་སུ་ལྕེབས
ལྷམ་ཐེད་པའི་ང་རང་སུ་ཚང་གི་དྭ་ཕྲུག་ཡིན་ནམ
དབྱར་གཞུང་དེར
ཡབ་ཆེན་གྱི་ཞབས་རྗེས་རེ་རེ
འཁྱིལ་སའི་ཕོ་བྲང་པོ་ཏ་ལ
དོ་ནུབ མུན་ནག་ཁྲོད་ཀྱི་རྨི་ལམ་ཡིན
ལོ་ཟླ་རེ་རེ་ན་ཟུག་གིས་བསྐྱལ་བའི་ས་མཐའ
ང་མུན་གསེབ་ཏུ་ལྷུང་དུས
ཕོ་བྲང་པོ་ཏ་ལའི་གཙང་ངོགས་ནས
ད་དུང
དགོད་མ་ཐུབ་པ་དེ་ང་ཡིན
༢༠༡༦-༡༠-༡༣ཨོ་གླིང་ནས།
སེམས་ནས་ཡལ་དཀའ་བའི་ཁྱོད།
འབའ་མང་ར་མུན་པའི་གཡོགས་དུས
ཁྱེད་རང་གནམ་མཐའི་སྐྱ་རེངས་བཞིན
མང་རྫོང་གི་སྐྱ་ཐིང་ཐིང་གི་འཇིག་རྟེན་དེ
ཁྱེད་ཀྱི་ལྗང་མདོག་གི་རུམ་མྱོང
དྲིན་ཆེན་ཕ་ལོ་གཉིས་ཀྱི་རྨི་ལམ་ལས་ནར་སོན་དུས
འུ་གཉིས་བར་ཐག་ཧ་ཅང་ཉེ
དུངས་པ་ཧ་ཅང་ཟབ
གློ་བུར་དུ་ཁྱེད་རང་རྨི་ལམ་བཞིན་བཞུད་པས
ཉིན་ཞག་དང་ལོ་ཟླ་ཡང་བཞུད་སོང
ཞེ་ལ་འཁྱིལ་བའི་གཏམ་རྒྱུད་རེ་རེ
ག་ལེར་གློག་བརྙན་བཞིན་དྲན་འོང་དུས
སེམས་པ་ཧ་ཅང་སྡུག
ལོ་མང་པོའི་སྔོན་གྱི་དབྱར་ཟླ་དྲུག་པའི་ཉིན་དེར
མང་གཞུང་ལོ་བ་ནས
ཁྱེད་ཀྱི་ཞལ་རས་ཐོག་མར་མཐོང
དེ་དུས་ང་རང་ལོ་ན་ཆུང
དབྱར་གཞུང་གི་ཆུ་ཁ་དེར
བྱིས་སྒྲུང་ལྟ་བུའི་གཏམ་རྒྱུད་རེ་རེ
མང་གཞུང་གི་བྲག་ཅར་འཐིམ་ཡོད
དེ་རིང ཕྱི་མིག་ཁྲོད་ཀྱི་དྲན་གདུང་དང
བོར་མི་ཐུབ་པའི་འཛུམ་མདངས་ཤིག
རྟག་ཏུ་ཞེ་ལ་འཁོར་ཡོད
དེ་ནི་སེམས་ཀྱི་མིག་ཆུ་མ་སྐམ་པའི་དྲན་ཤིང་ཞིག་ཡིན
ཉིན་དེར་མང་ཆུའི་བཞུར་སྒྲ་ཤག་ཤག
ལོ་ལེགས་སྙེ་མ་ལྡེམ་ལྡེམ
ལོ་ན་ཆུང་དུས་ཀྱི་གཏམ་རྒྱུད་རེ་རེ
དེ་རིང་གི་རྨི་ལམ་མ་ཡིན་ནམ
རུས་རྐང་ཅན་གྱི་ཁྱོད བཞུད་སྔ་བའི་དྲན་གདུང་རེ་རེ
སེམས་པ་སྙི་མོ་ཞིག་གི་ཧྲག་བར་ན
ད་དུང ཞེ་ལ་སྡུག་གི་མུན་པ་འཁོར་ཡོད
མཐའ་མཇུག་གི་ཁྱེད་ཀྱི་ཞལ་རས་དང་འཛུམ་ཆུང་དེ
འཕགས་ཡུལ་རྡོ་ལ་རི་བོའི་གཙང་ངོགས་ནས
ཉི་འོད་ལ་དུངས་དྲགས་པའི་ཁྱོད
ཉི་མའི་འོད་ངོགས་ནས་དེ་ལྟར་འཕྲད་མྱོང
ཁྱོད་རང་བཞུད་པ་ནས་བཟུང
ངའི་ཁ་པར་གྱི་སིལ་སྒྲ་འཇགས་སོང
༢༠༡༦-༡༢-༩
འཆི་མ་ཐུབ་པའི་ང་།
རྟག་ཏུ་ས་མཐའ་ན
མུན་པ་གྱོན་པའི་སྤྲང་བོ་ཁེར་རྐྱང་དེ་ང་ཡིན
ལོ་ཟླ་རེ་རེ ག་ལེར་རི་ལ་བཤར་ཤུལ་ན
ཅི་ཡང་མ་ཐོབ་ལ་ཅི་ཡང་མ་རྙེད་པའི་ང
ས་མཐའ་སྡེ་མཐའ་ན
ད་དུང་རྨི་ལམ་གྱི་བར་སྣང་ན་འཁོར་བཞིན
མུན་པའི་མཚན་མོར་འཇུས་ཡོད
སེམས་པའི་རི་གསེབ་ན་སྐུང་བའི་བརྩེ་འདང་དེས
བྱིས་དུས་ཀྱི་རྩྭ་ཐང་དང་ནམ་མཁའ
རྟ་ནོར་ལུག་གསུམ་གྱིས་ཁྲ་ཆིལ་ལེར་བཀང་བའི་རྩྭ་ཐང
ཞེ་ལ་འཁྱིལ་བའི་དྲན་ཤིང་དེ
དེ་རིང་ཤི་མ་ཐུབ་པའི་ངའི་ཁུར་བོ་བཞིན་ཧ་ཅང་ལྕི
རྨི་ལམ་གྱོན་པའི་འབྲོག་པ་ངའི
སྦྲ་ནག་གི་འཇིག་རྟེན་དེ་ཐེད་སོང
ཞེན་ཆགས་ཀྱི་དུངས་པ་མ་སྐམ་པའི་ང
ད་དུང་བར་དོ་ན་གསོན་པོར་གནས་ཡོད
ནམ་མཁའ་ངུ་བཞིན ས་གཞི་སྐྱོ་བཞིན
མ་གཞི་ངེད་གཉིས་ཀྱང་དབུལ་བོ་ཡིན་ཟེར
དེ་ཐོས་དུས་ངའི་ཞེ་ལ་སེར་ག་གས་སོང
ཨ་ཙི འཇིག་རྟེན་ཧྲིལ་བོ་འདི་དབུལ་སོང་ན
མིའི་རིགས་ལ་ཅི་ཞིག་མཁོ་ཨང
ཕྱི་མིག་ཁྲོད་ཀྱི་ཕོ་བྲང་པོ་ཏ་ལ
ཤ་ཁྲག་དྲོན་མོ་ཞིག་གི་སྦུབས་སུ་འཁྱིལ་ཡོད
རུས་རྐང སྣུམ་པོ་མ་སྐམ་བར
ཡ་ཆུང་དཀྱིལ་ན་རུམ་པའི་ཕ་མཁར་ཡིན་ཨང
༢༠༡༦-༡༢-༣༡ ཨོ་གླིང་ནས།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག