སྙན་དངགས་ཚན་པ་ལྔ།

བསུན་སྣང་།

སྨྱུག་མདའ།

རྒྱ་མཚོའི་རླབས་སྒྲ་ལྟ་བུའི
བྱ་ཁྱུའི་གཤོག་སྒྲ་ལྟ་བུའི
ཚ་འུར་གྱི་གསེབ་ཏུ་ངུ་ཞོར་དགོད་ཞོར

ས་བོན་ཆགས་སྲེད་ཀྱིས་འདུ་རུབ་བྱས
ཚོར་སྣང་སྐྱེན་པོ་ཡོད་ཁུལ་གྱིས
ཐ་སྙད་ཀྱི་འཇའ་ཚོན་ལ་འཁྱུད
མེ་ལོང་ནང་བཤམས
ནད་རྟགས་ཙམ་ལས་ཅི་ཡང་མི་རྙེད
སྐབས་འདིར
ཞེ་གཏིང་ནས་སྤྱོད་ཁང་བཙལ་རྩིས་ཡོད

༢༠༡༧/༣/༡༣ ལ།


དེ་རིང་།

འདས་སོང་གི་ལོ་རྒྱུས་རྒྱ་མཚོའི་ངོས་ན
རི་ཆུའི་སྐྲ་ལོ་ཇེ་རིང་དུ་བཏང
རྣམ་སྨིན་གྱི་ཚོང་ར་ནས་ག་ལེར་བུད་སོང

གནའ་ཤུལ་གྱི་མཁར་རྙིང་གོད་ཆག་ཐེབས
སྤྲོ་བསང་གཏོང་སར་ཅང་མི་འདུག
འབྲོང་གཡག་གི་རུས་པ་འགྱུར་སོང་ཟེར

ཁ་བ་དེས་བདེ་སྐྱིད་བསུས་ཏེ
ས་བཅུད་ཡུལ་བཅུད་འཕེལ་སོང་ཟེར
རི་གྲོང་ན་རྟེན་འབྲེལ་གྱི་ལེའུ་སྒྲིག་ཞོར
སེམས་པ་སྔས་སུ་བཞག་སྟེ་ཁྱེད་ལ་བལྟས

གཟུགས་རིས་སྣ་མང་འཆར་བའི་བརྙན་འཕྲིན་དུ
ང་ཚོའི་སྐྱི་པགས་ཀྱི་ངོ་གདོང་གསར་བ་ཞིག་མངོན
སུ་དང་སུའི་གཏམ་རྒྱུད་ཡིན་སྙམ་ཤར
རབ་རིབ་ཀྱིས   མག་མོག་གིས
ཡུལ་གྱར་བ་ཐེངས་ཤིག་གི་རྗེས་སུ་ཐོན་ཡོང་ངེས

༡༠ ། ༣ ལ་དྲན་གསོ་ཙམ་དུ་བྲིས།


སྡིག་སྒྲིབ།

སྡིག་སྒྲིབ་ལྟ་བུའི་ཁ་སྤུ
མིག་ལ་འཚང་བའི་ཞེད་སྣང
ཇེ་མང་ནས་ཇེ་མཐུག་ཕྱིན་ཏེ
ངོ་གདོང་ཡོད་ཚད་ཟིན་ཡོང་གིན་འདུག

མེ་ལོང་ནང་ལྟ་ཐེངས་རེ་རེར
ཐ་སྙད་ཅིག་ཞེ་ལམ་མེར་ཤར་ཡོང་བ
སྡིག་སྒྲིབ་ཟེར་བའི་ཐ་སྙད་འཇིགས་པོ་དེ་རེད
ནང་སེམས་ལ་སྐུད་ཐག་བརྒྱབས་བྱེད་དེ་རེད

མུན་ནག་གི་ཁྲོད་དུ
ངས་ད་དུང་ཁ་སྤུ་ལ་བྱིལ་བྱིལ་བྱས
སྡིག་སྒྲིབ་ལ་དབུ་ཁྱུད་བྲིས
དུས་ཚོད་ཀྱིས་ཕྱིར་ལྟ་བྱེད་ཀྱིན་ནུར

༨།༣།༢༠༡༧ ལ།


སེམས་ཡན།

ཡིད་ཀར་འོང་བའི་ལྐོགས་གྱུར་གྱི་སྨོན་པ
ལོ་ཟླས་ཇི་ལྟར་བསྐལ་ཀྱང་ད་རུང་སྨོན
འོད་ཀྱི་སྣེ་མོར་འཇུས
ཟླ་འོད་འཆར་དུ་ཉེ
རྨི་ལམ་གྱི་གོ་རིམ་ཁྲོད་ནས
འཛེས་སྡུག་ལ་ཡིད་ཚིམས་སོང

༢༠༡༧/༣/༦ མཚན་མོ།


ལོ་སར།

ཀྱེ་དུས་ཚོད་ཀྱི་བདག་པོ།
འོད་ལ་རེ་བའི་མི་ཚེའི་བགྲོད་ལམ།
ལོ་ཟླའི་ལྟེབ་ཁུགས་ན་རྨི་ལམ་ཞིག་གམ།

ང་ཚོའི་ལམ་བུ་རེ་རེར་ཁྱེད་ལ་བརྟེན་ཏེ།
མི་ཚེ་ངར་ཤུགས་རེ་སྒུལ་གྱིན་ཡོད།
ཁྱེད་ཀྱིས་ལམ་ཁ་འགོག་པར་མི་བྱའོ།

ང་ཚོས་རྨི་ལམ་རེ་རེར་གཏོང་གིན།
ཉི་མའི་གསེར་སྐུད་ལ་འཇུ་སྐད།
འོད་ཀྱི་སྒེའུ་ཁུང་ལ་ཡང་ཡང་ལྟའོ།

༢༠༡༧/༢/༢༧ མཚན་མོར

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s