བོད་བཙན་པོའི་ཨེ་ཤ་ཡ་དབུས་མར་དབང་བསྒྱུར།

༄༅།། བོད་བཙན་པོའི་རྒྱལ་རབས་ཀྱིས་ཨེ་ཤ་ཡ་དབུས་མར་ལོ་ངོ་ཉིས་བརྒྱ་ལ་དབང་བསྒྱུར་མཛད། 

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།                   

      བོད་ཀྱི་མེས་པོ་ནི་ཨེ་ཤ་ཡ་དབུས་ཁུལ་དང་འབྲེལ་བ་དམ་པོ་ཡོད་ལ། བོད་ཀྱི་ལོ་རྒྱུས་༼མཁས་པའི་དགའ་སྟོན༽ ལས། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་སྟེ་སྤུ་དེ་གུང་རྒྱལ་གྱི་དུས་སྐབས་སུ་བོད་ཀྱིས་དེང་གི་ཀ་སྨིར་(克什米尔)གྱི་ཚོ་བ་ཁག་ཅིག་དང་དམག་འཁྲུག་རྒྱབ ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སྐབས་ཏེ་སྤྱི་ལོ་སྔོན་གྱི་ལོ་825 ལོའི་གཡས་གཡོན་དུ་བོད་ཀྱི་ཕྱོགས་བཞི་ན་སྟོབས་དང་ལྡན་པའི་རྒྱལ་ཁབ་བཞི་འདུག་སྟེ། ཤར་ན་རྒྱ་ནག་དང་། ནུབ་ན་ཏ་ཟིག ལྷོ་རུ་རྒྱ་གར། བྱང་དུ་སོག་པོ་བཅས་ཡོད། ཨ་རབ་(阿拉伯)གྱི་ལོ་རྒྱུས་ཡིག་རིགས་ལ་དབྱེ་ཞིབ་བྱས་པ་ཡིན་ན་ཨ་རབ་ཀྱི་མིས་བོད་པ་ངོ་ཤེས་པའི་དུས་ཚོད་ནི་རྒྱ་མི་ངོ་ཤེས་པ་ལས་སྔ་བ་ཡོད། ཨེ་ལེག་ཟན་དར་བཙན་རྒྱལ(亚历山大帝国)་གྱི་འབྲེལ་ཡོད་ལོ་རྒྱུས་ལས་ཀྱང་བོད་པ་གླེང་འདུག་ལ། སྤྱི་ལོ་དུས་རབས་དྲུག་པ་ནས་བདུན་པའི་དུས་འགོའི་དཀྱིལ་ཙམ་དུ་ནུབ་ཡུལ་(西域)་དུ་རྒྱལ་ཁབ་ཆུང་ངུ་མང་པོ་བྱུང་། རྒྱལ་ཁབ་ཆུང་བ་འདི་དག་ལས་མང་ཆེ་བ་གྲུ་གུའི་(突厥)དབང་བསྒྱུར་གྱི་འོག་ན་ཡོད། ཐང་ཐེ་ཙུང་གི་དུས་སུ་ཐང་ཆེན་མོའི་སྟོབས་ཤུགས་ནུབ་ཕྱོགས་སུ་སིམ་འཛུལ་བྱས་ཤིང་རྒྱལ་ཁབ་ཆུང་ངུ་དེ་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཐང་རྒྱལ་རབས་ཀྱི་སྲུང་སྐྱོབ་དང་ལེན་བྱས་ཤིང་ཐང་ཆེན་མོས་ཀྱང་ནུབ་ཡུལ་དུ་ཨན་ཞི་སྡེ་བཞི་(安西四镇){ཡན་ཧྲིའི། ཧྲུའུ་ལེ། ལི་ཡུལ། ཟན་ཡུལ། }བཙུགས་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་ལ་དོ་དམ་མཛད། སྤྱི་ལོ་650ལོར་ཐེན་ཧྲན་རི་བོའི་ལྷོ་ལམ་དུ་རུས་ཧྲི་ཅན་གྱི་གྲུ་གུ་(གྲུ་གུའི་ཚོ་བ་ཞིག)ཡིས་ཐང་ལ་ངོ་རྒོལ་བྱས། དེ་རྗེས་ཐང་གིས་ལོ་དྲུག་གི་དུས་ཚོད་སྤྱད་ནས་ཕྱིར་རྒོལ་བྱས་ཏེ་སྤྱི་ལོ་657ལོར་རྒྱལ་ཁ་ཐོབ། རྗེས་སུ་གྲུ་གུ་ཤར་མ་དང་ནུབ་མ་གཉིས་སུ་ཕྱེས་ནས་ཁི་ཧན་གསར་པ་བསྐོས།

      སྤྱི་ལོ་640 ལོར་བོད་ཀྱིས་ད་ལྟའི་མངའ་རིས་མཐོ་སྒང་གི་ཞང་ཞུང་རྒྱལ་ཕྲན་ལ་དབང་བསྒྱུར། སྤྱི་ལོ་660ལོར་ཞང་ཞུང་གནས་སའི་ས་ཁུལ་ལ་བརྟེན་ནས་བྱང་དུ་དཔུང་བསྐྱོད་བྱས། སྤྱི་ལོ་665ལོར་ལ་དྭགས་དང་ཁུ་ནུ་རི་རྒྱུད་(喀喇昆仑山)ཀྱི་ལྷོ་ཕྱོགས་ས་ཁུལ་བཅས་བོད་ཀྱི་མངའ་ཞབས་སུ་བཀོད། དེ་བས་བོད་ཀྱིས་ཕ་སྨིར་མཐོ་སྒང་(帕米尔高原)གི་ནུབ་ཁུལ་དང་ཐེན་ཧྲན་རི་བོའི་ནུབ་ཁུལ་གྱི་གྲུ་གུའི་གཞུ་ཟླ་ཚོ་ཆེན་དང་མཉམ་འབྲེལ་སྒོས་ཐང་ཆེན་མོ་ལ་ངོ་རྒོལ་བྱས་ཏེ། བྱང་ནས་ལི་ཡུལ་དང་ཧྲུའུ་ལེ་བླངས། གྲུ་གུ་རྒྱལ་ཁབ་ཀྱི་བྲུ་ཤ་ཆེ་ཆུང་ཡང་བོད་ཀྱི་མངའ་ཞབས་སུ་བཀོད། སྤྱི་ལོ་667ལོར་བོད་ཀྱིས་ཐང་གིས་བཙུགས་པའི་ཨན་ཞི་སྡེ་བཞི་དང་རུས་ཧྲི་ཅན་གྱི་གྲུ་གུའི་ཚོ་སྡེ། ཧོར་མི་(回鹘)ཚོ་སྡེ་ཡི་ཁག་ཅིག་བཅས་དབང་དུ་བསྡུས། དེ་བས་ནུབ་ཡུལ་གྱི་ཆ་ཡོངས་རྫོགས་བོད་ཀྱི་ལག་ཏུ་སོན། ཐང་གི་ལོ་རྒྱུས་ལས་ཀྱང་བཀོད་ཡོད་དེ་སྤྱི་ལོ་670ལོར་བོད་ནུབ་བྱང་ནས་ཆས་ཏེ་ཏུར་ཀི་སྠན(新疆)་ནུབ་ཁུལ་ལ་བསྐྱོད་ནས་པེ་ཀྲུའུ་བཅས་ཀྲུའུ་བཅོ་བརྒྱད་ལ་དབང་བསྒྱུར། ལི་ཡུལ་དང་མཉམ་དུ་ཟན་ཡུལ་(龟兹)ལ་ཕར་རྒོལ་བྱས་ཤིང་གྲོང་ཁྱེར་བརྗེས་ནས་ཨན་ཞི་སྡེ་བཞི་ཡི་ཚབ་ཏུ་བྱས། ད་དུང་ ༼ཐང་ཡིག་རྙིང་པའི་༽ ནང་དུ་དེ་དུས་བོད་ཀྱི་མངའ་ཁུངས་ཀྱི་རྒྱ་ཁྱོན་བྲིས་ཡོད་དེ། བོད་ཀྱིས་མདོ་དབུས་མཐོ་སྒང་གི་ཚོ་བ་ཡོངས་རྫོགས་བདག་དུ་བཟུང་ཡོད་ལ་དེའི་ནང་ཞང་ཞུང་དང་། ལྡོང་སྤྱང་། ཆང་རིགས་སོགས་དང་།

      ཤར་ཕྱོགས་སུ་ཐང་ཆེན་མོ་དང་འབྲེལ་མཚམས་ཀྱི་ལིང་ཀྲུའུ། སུང་ཀྲུའུ། མོའོ་ཀྲུའུ། ཞིས་ཀྲུའུ། (ཀན་སུའུ་རྨ་ནུབ་དོག་ལམ་(河西走廊)སྟེ། དེང་གི་ཟི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་དང་། མོའོ་རྫོང་། ལིང་ཧྲན་ཁུལ་ཡེ་ཞིས་རྫོང་སོགས་བོད་ཀྱི་ས་མཚམས་སུ་གྱུར་ཡོད།) ལྷོ་མཐའ་རྒྱ་གར་དང་བྱང་ཕྱོགས་གྲུ་གུ་ལ་ཐོན་ཡོད། དེའི་རྗེས་སུ་ཐང་གིས་ཡང་བསྐྱར་ནུབ་ཁུལ་དུ་དམག་རྒྱབ་ཀྱང་ཡུན་མ་རིང་བར་བོད་ཀྱིས་ཕྱིར་བླངས། སྤྱི་ལོ་689 ལོར་ཝུའུ་ཙེ་ཐེན་གྱིས་བློན་ཆེན་ཝེ་ཏེ་ཅ་མངགས་ནས་ནུབ་ཡུལ་གྱི་བོད་ཀྱི་དམག་སྒར་ལ་དཔུང་འཇུག་བྱས། ལོ་དེའི་སྟོན་ཁར་དམག་དཔོན་ཝེ་ནུབ་ཡུལ་གྱི་ཡན་ཧྲི་ཅ་གཙང་པོ་རུ་ཕམ་ནས་ཤི་རྨས་ཚབ་ཆེན་བྱུང་། སྤྱི་ལོ་692་ལོར་ཝུའུ་ཙེ་ཐེན་གྱིས་ཡང་བསྐྱར་ཝུའུ་ཝུའེ་ཏོ་ལམ་སྐྱོད་དམག་དཔོན་ཝང་ཞོ་ཅེ་མངགས་ནས་ནུབ་ཡུལ་ལ་དམག་དྲངས་ཏེ་བོད་དམག་ཕམ། དེ་ཕྱིར་བོད་ཀྱིས་ལོ་ཉེར་གསུམ་རིང་ལ་དབང་བསྒྱུར་བའི་ཨན་ཞི་སྡེ་བཞི་ཐང་དམག་གིས་ཕྱིར་བླངས། སྤྱི་ལོ་696ལོར་བོད་ཀྱི་བློན་ཆེན་མགར་ཁྲི་འབྲིང་དང་ཁོང་གི་ནུ་བོ་བཙན་བྲོད་གཉིས་ཀྱིས་མཚོ་སྔོན་པོ་མཐའ་རུ་དམག་དཔོན་ཝང་ཞོ་ཅེ་དང་ལོའོ་ཧྲེ་ཏི་ཡིས་དམག་སྣ་དྲངས་པའི་ཐང་དམག་ཕམ་པར་བཏང་། དེའི་རྗེས་ལིང་ཀྲུའུ་ལ་ཕར་རྒོལ་བྱས་ཏེ་བོད་དམག་ལ་རྒྱལ་ཁ་ཐོབ་ནས་རྗེད་འདེད་བྱས་པ་མ་ཟད་ཐང་ཆེན་མོར་ཨན་ཞི་སྡེ་བཞི་ནས་ཐང་དམག་ཕྱིར་འཐེན་བྱེད་དགོས་པ་དང་རུས་ཧྲི་ཅན་གྱི་གྲུ་གུའི་ཚོ་བ་ཕྱིར་བོད་ལ་སྤྲོད་དགོས་པའི་རེ་བ་བཏོན། ཐང་གིས་ཀོ་ཡོན་ཀྲིན་མངགས་ནས་འདུམ་འགྲིག་བྱས་ཏེ་བོད་ཀྱིས་ནུབ་ཡུལ་ལ་དབང་བསྒྱུར་བྱས་ཡོད་པ་ཁས་ལེན་མཛད། སྤྱི་ལོ་701ལོར་ནས་བཟུང་བོད་ཀྱིས་ཨེ་ཤ་ཡ་དབུས་ཁུལ་གྱི་རྒྱལ་ཁབ་དག་གི་བར་ལ་འབྲེལ་བ་དམ་པོ་བྱེད་འགོ་བརྩམས་ཏེ་ཀ་སྨིར་ས་ཁུལ་གྱི་བྲུ་ཤ་(勃律国 ) རྒྱལ་ཁབ་ཆེ་ཆུང་ལ་མནའ་འབྲེལ་བཙུགས། བྲུ་ཤ་ཆུང་བ་བརྒྱུད་ནས་ཨ་རབ་ལ་འབྲེལ་བ་བྱེད་ཐུབ་པ་བྱུང་། སྤྱི་ལོ་717ལོར་བོད་དང་གྲུ་གུ། ཨ་རབ་བཅས་མཉམ་འབྲེལ་སྒོས་ཐང་ཆེན་མོའི་དམག་དོན་ལས་འགུལ་ཞིག་ལ་ཇུས་འདོན་བྱས་ཤིང་བོད་ཀྱིས་ཀ་སྨིར་དང་ཕ་སྨིར་གྱི་ས་ཁུལ་མང་ཆེ་བར་རྦད་དེ་ཚོད་འཛིན་བྱས། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཆེ་ཆུང་གང་ཡིན་ཡང་བོད་དང་མཉམ་འབྲེལ་བྱས་ནས་དམག་དོན་མནའ་འབྲེལ་བཙུགས་ཏེ་གཅིག་གྱུར་གྱིས་ཐང་ཆེན་མོའི་དམག་ལ་རྒོལ་ལན་སྤྲད།

        དེ་སྔ་སྤྱི་ལོ་722ལོར་ཐང་དམག་གིས་བོད་དམག་ཕམ་པར་བཏང་ཡང་ཡུན་རིང་པོ་མ་ལོན་པར་སྤྱི་ལོ་739ལོར་བོད་ཀྱིས་ནུབ་ཡུལ་དང་འབྲེལ་བ་དམ་པོ་ཡོང་ཆེད་དེ་སྔ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བསུ་མཁན་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱིས་རང་གི་སྲས་མོ་རྗེ་བ་འདྲོན་མ་ལོད་བྲུ་ཤའི་གྲུ་གུ་ཧྲི་ཁུ་ཧན་ལ་བཙུན་མོར་གནང་། སྤྱི་ལོ་737ལོར་བོད་དང་བྲུ་ཤའི་གཉེན་གྱི་འབྲེལ་བ་བཙུགས་པ་མཐོང་ནས་ཕ་སྨིར་མཐོ་སྒང་ས་ཁུལ་གྱི་རྒྱལ་ཁབ་ཉི་ཤུ་ལྷག་གིས་བོད་ལ་མགོ་སྒུར་ནས་དུས་ལྟར་སྐྱེས་འབུལ་བྱས། ཐང་ཆེན་མོའི་ཨན་ཞིའི་སྤྱི་ཁྱབ་ལྟ་སྲུང་སྲིད་གཞུང་གིས་རྒྱལ་ཁབ་འདི་དག་ལ་ཐེངས་གསུམ་དུ་དཔུང་འཇུག་བྱས་ཀྱང་ཕམ་སོང་། བོད་ཀྱིས་ད་དུང་སྟོབས་ཤུགས་ལོ་པུའུ་མཚེའུ(罗布泊)་ཡི་ས་ཁུལ་དུ་རྒྱ་བསྐྱེད། སྔོན་ལ་རང་འགུལ་གྱིས་གཞན་ལ་དབང་བསྒྱུར་ཆེད་དང་བོད་གྱིས་ཨ་རབ་(སྔོན་དུས་ཏ་ཟིག་ཏུ་འབོད།)ཀྱི་དམག་དཔུང་དང་མཉམ་འབྲེལ་སྒོས་ཐང་ཆེན་མོར་དཔུང་འཇུག་བྱེད་པ་འགོག་ཆེད་སྤྱི་ལོ་747ལོར་ཐང་གི་རྒྱལ་པོས་བཀའ་བབས་ནས་ཀོའོ་ཅེ་གསར་རྒོད་ཀོའོ་ཞན་ཀྲི་ལ་ཐང་གི་ཨན་ཞིའི་སྤྱི་ཁྱབ་ལྟ་སྲུང་དམག་དཔུང་གི་སྣ་དྲངས་ནས་ཕ་སྨིར་ས་ཁུལ་དུ་དཔུང་འཇུག་བྱས། ཀོའོ་ཞན་ཀྲི་ཡིས་བོད་ཀྱི་རོགས་དམག་མ་སླེབས་པའི་གླགས་དང་བསྟུན་ནས་བྲུ་ཤ་ཆུང་བའི་རྒྱལ་ཁབ་ཚུར་བླངས་ཤིང་བོད་དང་བྲི་ཤ་ཆུང་བའི་བར་གྱི་འགྲིམ་འགྲུལ་འགག་མདོ་བཅད། ཨ་རབ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དག་གཅིག་རྗེས་གཉིས་མཐུད་དུ་བྲི་ཤ་ལ་ཡོང་ནས་ཀོའོ་ཞན་ཀྲི་དང་མཇལ་ཏེ་ཐང་དང་མཐུན་པོ་ཡོང་རྒྱུའི་རེ་བ་བསྟན། ཀོའོ་ཞན་ཀྲི་ནི་མི་གཏུམ་སྤྱོད་ཅན་ཞིག་ཡིན་རྐྱེན་ནུབ་ཡུལ་གྱི་མི་སེར་ནས་བློར་མ་བབས། སྤྱི་ལོ་751ལོར་ཨེ་ཤ་ཡ་དབུས་མའི་མི་སེར་གྱིས་བོད་ཀྱི་རོགས་སྐྱོར་འོག་ཨེ་ཤ་ཡ་དབུས་མའི་ས་ཁུལ་གྱི་ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་མེད་པར་བཟོས་རྗེས་བོད་ལ་མུ་མཐུད་ནས་སྐྱེས་ཕུལ། བོད་ཀྱིས་ཀྱང་རྒྱལ་ཁབ་དེ་དག་གི་མི་སེར་བོད་ཀྱི་མངའ་འབངས་སུ་བཀོད་ནས་ཁྲལ་བསྡུས། བོད་བཙན་པོའི་རྒྱལ་རབས་སྤྱི་ལོ་ 660 ནས་ཨེ་ཤ་ཡ་དབུས་ཁུལ་དུ་སླེབས་ཏེ་སྤྱི་ལོ་ 870 ལོའི་ཉམ་རྒུད་དུ་སོང་བའི་བར་ལ་བོད་ཀྱིས་ཨེ་ཤ་ཡ་དབུས་མར་དབང་བསྒྱུར་བའི་དུས་ཚོད་ཏག་ཏག་དུས་རབས་ཧྲིལ་བོ་གཉིས་ཕྱིན་འདུག་ལ་དེའི་ཁྲོད་དུ་སྐབས་ཐུང་ངུ་རེ་དབང་བསྒྱུར་མ་ཐུབ་པར་བར་ཆད་པའང་ཡོད།

       སྤྱི་ལོ་670ནས་སྤྱི་ལོ་780་བར་ལ་བོད་ཀྱིས་དར་གོས་ཚོང་ལམ་(丝绸之路)ལ་ཅུང་བརྟན་པོའི་སྒོ་ནས་ཚོད་འཛིན་བྱས་པ་སྟེ། ཕ་སྨིས་མཐོ་སྒང་།—–ནུབ་ཡུལ་ལྷོ་ལམ།——རྨ་ལམ་དོག་ལམ། བོད་དང་ནུབ་ཡུལ་རྒྱལ་ཁབ་དག་གིས་དམག་དོན་མནའ་འབྲེལ་བཙུགས་ནས་ཕྱོགས་གང་ལ་དཀའ་ངལ་བྱུང་ཚེ་བོད་ཀྱིས་ངེས་པར་དུ་དམག་དཔུང་མངགས་ནས་རོགས་བྱེད་རྒྱུ་བྱས་ཡོད་ལ། བོད་ཀྱིས་ཨེ་ཤ་ཡ་དབུས་མར་མི་རིགས་རང་སྐྱོང་བྱེད་པ་དང་ཚོ་བ་སོ་སོའི་འགོ་གཙོའི་ཁྲོད་བོད་ལ་མགོ་སྒུར་བ་དག་སྔར་བཞིན་འགོ་གཙོ་བྱེད་རྒྱུ་དང་བོད་རྒྱལ་ནས་དེ་དག་ལ་རྒྱལ་པོའི་ཆོ་ལོ་གནང་རྒྱུ་བཅས་ཀྱི་ལམ་ལུགས་བཙུགས། བོད་ཀྱི་རྒྱལ་བློན་གྱིས་དུས་རྟག་པར་ནུབ་ཡུལ་ལ་སྐོར་གཟིགས་མཛད་ནས་ས་ཁུལ་འདི་དག་ལ་བདག་དོམ་གང་ལེགས་གནང་རྒྱུ་བརྩོན་ལེན་བྱེད་བཞིན་ཡོད། བོད་ཡིག་ནི་ས་ཁུལ་དེ་དག་གི་སྤྱི་་ཆགས་ཡོད་དེ་དེང་སྐབས་ཏུར་ཀི་སྠན་དང་། ཨུ་རུ་སུའི་ལྷོ་ཕྱོགས་ས་ཁུལ། ཏུང་ཧོང་སོགས་སུ་བོད་བཙན་པོའི་སྐབས་ཀྱི་བོད་ཀྱི་རྩོམ་ཡིག་ས་འོག་ནས་ཐོན་བཞིན་ཡོད། བོད་ཀྱིས་ད་དུང་དེར་བང་ཆེན་བྱ་འཕུར་མ་སྟེ་སྦྲག་སྐྱེལ་ས་ཚིགས་ལམ་ལུགས་བཙུགས་ནས་ས་དེ་གའི་འཕྲིན་སྐྱེལ་མ་ལག་ཇེ་ལེགས་སུ་བཏང་བས་དམག་དོན་ལ་ཕན་པ་བསྐྲུན། དེར་མ་ཟད་རྒྱལ་ཁབ་དེ་དག་དང་ནང་བསྟན་སྤེལ་རེ་བྱས་ཏེ་ཨ་རབ་ཤར་སྐྱོད་ཀྱི་རྦ་རླབས་དྲག་པོ་ཡང་བཀག་འགོག་བྱས་སོ།།།།

རྩོམ་ཁུངས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ།

1 Comment on བོད་བཙན་པོའི་ཨེ་ཤ་ཡ་དབུས་མར་དབང་བསྒྱུར།

  1. མ་རྩོམ་གང་ཡིན་ནམ། རྩོམ་པ་པོ་སུ་རེད་དམ།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s