རབ་གནས་རྟ་ཐོག་མ།

      རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཅེས་རང་ཉིད་ཡི་དམ་དུ་བསྐྱེད། ནང་མཆོད་བྱིན་རླབས་བྱེད། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་པུཥྤེ་ཨཱཿཧཱུཾ། ༀ་དྷཱུ་པེ་ཨཱཿཧཱུཾ། ༀ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་གནྡྷེ་ཨཱཿཧཱུཾ། ༀ་ནཻ་ཝི་དྱ་ཨཱཿཧཱུཾ། ༀ་ཤཔྟ་ཨཱཿཧཱུཾ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་བྱིན་གྱིས་བརླབ་ཅིང་། སྤྱན་གཟིགས་ཀྱི་མཆོད་པ་གཞན་ཡོད་ན། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ས་དང་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱེ་ནུད་པན་ན་ཏྭད་ཨོཾ་ཨཱཿཧཱུཾ་ཕཊ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་སརྦ་ཨརྠ་ས་དྷ་ནི་སྭཱཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག ། ཅེས་བྱིན་གྱིས་བརླབས། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནང་རྟེན་གྱི་དྲི་མ་ཐམས་ཅད་སྦྱང་བར་ནུས་པའི་ཆུ་དང་བཅུད་ཀྱིས་གང་བར་གྱུར། ཡེ་དྷརྨཱ་དང་། ཧྲཱིཿཥྚྲཱིཿཅི་འགྲུབ་རེ་བཟླས་ཏེ་བྱིན་གྱིས་བརླབས། མེ་ཏོག་སྒྲུབ་པ་ནི། ལས་སྔགས་ཀྱིས་བསངས། ཡི་གེ་རྣམས་གྱེན་དུ་འགྲེང་ཞིང་གཟི་བྱིན་འབར་བའི་འོད་ཟེར་གྱིས་སྲིད་པ་དང་ཞི་བའི་ཡོན་ཏན་ཐམས་ཅད་དང་། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་སྤྱན་དྲངས་ཏེ་སྔགས་མེ་ཏོག་དང་བཅས་པར་ཐིམ་པར་གྱུར། ཡེ་དྷརྨཱ་བརྗོད། གུལ་ཡུངས་གཉིས་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་བསྟོད་བྱ། ཨོཾ་ཧྲཱིཿཥྚྲཱིཿསོགས་བརྗོད། དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ཞུ་བ་ལས་གུ་གུལ་དང་ཡུངས་ཀར་གདོན་བགེགས་འཇོམས་པའི་ནུས་པ་དང་ལྡན་པར་གྱུར། དེ་ནས་རྟེན་སྐུ་བརྙན་རྣམས་བསྐྱེད་ཆོག་ཤེས་ན་ལྷ་གང་ཡིན་གྱི་སྐུ་བརྙན་ཡིན་པའི་ལྷ་དེར་བསྐྱེད་ཀྱང་རུང་ལ་མི་ཤེས་ཤིང་མི་སྤྲོ་ན། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཧཱུཾ༑ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་གསོལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཀ་མ་ལ་ཡེ་སྟྭཾ། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། སྔགས་དེ་ཉིད་ལ་འབྲུ་གསུམ་སྦྱར་བས་ནང་མཆོད་འབུལ། ཧཱུཾ༑ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་ལས་བྱུང་ཞིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱངས་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། ། ཧཱུཾ༑ འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། ། ཞེས་རྒྱབ་དཔུང་དུ་ཁྲོ་བོ་སྤྱན་དྲངས་ཏེ་མཆོད་ཅིང་བསྟོད། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱཱེ་ནུད་པན་ན་ཏྭད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་བགེགས་གཏོར་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་མདུན་དུ་བཀུག་པར་གྱུར། ༀ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྷྲི་ཧཱ་ན་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ་གྱིས་གཏོར་མ་བསྔོ། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྷྲི་ཧ་ན་གྷྲི་ཧ་ན་ཧཱུཾ། གྷྲི་ཧ་ན་པ་ཡ་གྷྲི་ཧ་ན་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛཱ་ཧཱུཾ་ཕཊ། ལན་གསུམ་གྱིས་ཏིང་ལོ་ཆངས་བུ་དང་བཅས་པ་བསྔོ།

དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རྟེན་ལ་རབ་གནས་བགྱིད། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་བགྱི། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་། ཉན་རང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པའི་མཐུ་ལ་བརྟེན་ནས་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་བར་གདོན་མི་ཟའོ། །སུམྦྷ་ནི་དྲག་ཏུ་བརྗོད། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱས་ཏེ་བགེགས་བསྐྲད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། འདི་ནི་སྦྱིན་པའི་རང་བཞིན་ཆུས། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུས། །ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །སྲུང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་བཟོད་པའི་རང་བཞིན་ཆུས། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བྱམས་པ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་བརྩོན་འགྲུས་རང་བཞིན་ཆུས། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་བསམ་གཏན་རང་བཞིན་ཆུས། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །ཏིང་འཛིན་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་ཤེས་རབ་རང་བཞིན་ཆུས། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་སོགས། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། ། ཞེས་སྔགས་ཀྱི་སྐབས་སུ་བུམ་ཆུས་མེ་ལོང་ལ་གཟུགས་བརྙན་ཤར་བའི་སྟེང་དུ་བླུགས་ལ་བཀྲུ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་དར་གྱིས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཕྱི་ཚུལ་བྱ། སྐུ་དབྱི་བ་འདི་ལོང་ཡོད་ན་གོང་གི ། སརྦ་ཏ་ཐཱ་ག་ཏ་ཚར་རེ་རེའི་མཇུག་ཏུ་རེ་རེ་སྦྱར་ཀྱང་རུང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། ། ཞེས་དྲི་བཟང་གིས་བྱུགས། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག ། ཅེས་གོས་ཟུང་འབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཞིང་། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག ། ཅེས་རྒྱན་འབུལ། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་བྱང་སེམས་དང་ཉན་རང་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤོས་དྲིལ་ཐོགས་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ མཧཱ་ཀཱ་རུ་ནི་ཥ་ཨཏྨ་ཀྭ་ཨེ་ཧྱེ་ཧི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཀ་མ་ལ་ཡེ་སྟྭཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །བདག་ཀྱང་བློ་དང་ལྡན་པར་མཛོད། ། ཅེས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་ཕྱི་འབྲང་གི་བགེགས་བསྐྲད། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པའིི་བར་གྱིས་མཆོད་པ་ཕུལ། ཐུགས་རྗེ་ཡིས་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང་། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟ་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་མི་བསྐྱོད་པས། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །ད་ལྟར་ཡང་དག་བགྱིས་པར་འགྱུར། །དེ་ཕྱིར་སློབ་མར་བཅས་རྣམས་དང་། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་རླབས་པར་མཛད་པར་འོས། ། ཞེས་ལན་གསུམ་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར་པར་བསམས་ལ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཞེས་དབང་ལྷ་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་སོགས་ཀྱིས་མཆོད། དབང་གི་ལྷ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱི་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་རང་གི་རིགས་བདག་གིས་རྒྱས་གདབ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་ལས་རྣམས་སྒྲུབ་པའི་དོན་དུ་སྦྱིན་བདག་ལ་སོགས་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ལྷུར་མཛད་པར་གྱུར། ཅེས་སྤྱན་དབྱེ་བྱ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཕཊ། དེ་བཞིན་དུ་སྔགས་ཀྱི་ཞབས་བསིལ། པཱ་དྱཾ། ཞེས་འདོན་པ་སྤོས་ཏེ་ཆུ་གཉིས། ལྷ་ཡི་མེ་ཏོག་དམ་པ་འདི། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །པུཥྤེ། དེ་བཞིན་དུ། བདུག་སྤོས། དྷཱུ་པེ། སྣང་གསལ། ཨཱ་ལོ་ཀེ ། དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། སིལ་སྙན། ཤཔྟ་ཞེས་སྦྱར་ཏེ་ཉེར་སྤྱོད་རོལ་མོ་རྣམས་འབུལ། ཨོཾ་ཧྲཱིཿཥྚྲཱིཿས་ནང་མཆོད་འབུལ། གཉིས་མེད་མཐུན་མོང་མ་ཡིན་ཁྱབ་པའི་སྐུ། ། ཞེས་པ་ནས། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། དཔལ་རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྟེན་དང་བརྟེན་པ་སོ་སོའི་རྣམ་པར་གྱུར། ཡེ་དྷརྨཱ་ཚར་གསུམ་བརྗོད་དེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་ཤིང། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བར། །འཇིག་རྟེན་གསུམ་དུ་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། ། ཞེས་ཤོ་ལོ་ཀ་གསུམ་གྱིས་ཤིས་པ་བརྗོད། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། ། ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པའི་བར་ཚར་གསུམ་དང་། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་བའི། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། ། ཅེས་ཡིག་བརྒྱ་ཚར་གསུམ་དང་། མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། ། ཅེས་བརྗོད་དེ་བརྟན་བཞུགས་བྱ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། ཚར་བདུན་སོགས་བརྗོད་དེ། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡིས་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆེ་བའི་ཆེ་མཆོག་སྟོན་པ་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག ། ཅེས་རབ་གནས་མདོར་བསྡུས་ཀྱི་འདོན་འགྲིག་རྣམས་ནག་འགྲོས་སུ་བཀོད་པས་དགེ་བར་གྱུར་ཅིག། །། ༈ འདི་ནི་ཆུ་བཟང་བླ་མ་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་པོད་གཉིས་པའི་ང་པར་བཞུགས།

 

ཡོང་ཁུངས་ཙོང་ཁ་དྲ་ཚིགས།

 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s