སྤྱང་ཀི་བཏུལ་བ་ནས་འགོ་ཚུགས་ཏེ།  ཁྱི་ནི་ང་ཚོ་མིའི་རིགས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན། ལྷག་པར་དུ་བོད་མི་རིགས་ཀྱི་ངོས་ནས་བརྗོད་ན། དེ་བས་ཀྱང་རྩ་ཆེན་གྱི་སྲོག་ཆགས་ཤིག་ཡིན། སྤྱིར་བོད་ཁྱིར་འབྲོག་ཁྱི་དང་ཨ་སོབ།  ལེབ་བེ་སོགས་རྩ་ཆེན་གྱི་རིགས་མང་པོ་ཞིག་དབྱེ་རྒྱུ་ཡོད།  འོན་ཀྱང།  བོད་མིའི་སྲུང་སྐྱོབ་ཀྱི་གོ་རྟོགས་དམའ་བ་དང་ཁོར་ཡུག་གི་འགྱུར་བ་སོགས་ཀྱིས་རྐྱེན་པས།  ད་ཆ་བོད་ཁྱི་ནི་ཧ་ཅང་ཡ་ང་བའི་གནས་བབ་ཏུ་ལྷུང་ཡོད་དེ་རིགས་རྒྱུད་དྭངས་མའི་བོད་ཁྱི་ནི་ཧ་ཅང་དཀོན་ལ།  ཡོད་པ་རེ་གཉིས་ཀྱང་ཕྱི་ཡི་རྒྱལ་ཁབ་ཏུ་གནས་ཡོད།    དེར་བརྟེན།  ང་ཚོས་ད་ལྟ་ནས་འགོ་བརྩམས་ཏེ་བོད་ཁྱིའི་གནས་བབ་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་ནི་གལ་ཆེའོ།


འབྲོག་ཁྱི།

 

      འབྲོག་ཁྱི་ནི་གནའ་བོའི་ཁྱི་རྒྱུད་ཆེ་བའི་རིགས་ཞིག་ཡིན།  གནའ་རྫས་བརྟག་དཔྱོད་པས་འགྱུར་རྡོ་ལ་གསལ་འབྱེད་བྱས་པར་ལྟར་ན། དེ་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན།

      འབྲོག་ཁྱི་ནི་གཟུགས་ཕུང་ཆེ་ལ་ངར་ཤུགས་ལྡན་ཞིང་རྣ་ཅོག་ལྷུག་པའི་ཁྱི་གཏུམ་དྲག་ཅན་ཞིག་ཡིན།  ཁོ་བོའི་གྲ་རིང་པོ་མེད་ཀྱང་སྦོམ་ཞིང་གྱོང་ལ།  གྲང་ངར་ཆེ་བའི་གནམ་གཤིས་འོག་ཏུ།  ཁོ་བོའི་ཁུ་ལུ་ནི་སྟུག་ཅིང་འཇམ་པའི་ལུག་བལ་བཞིན་གྲང་ངར་འགོག་ཐུབ་པས།  ཁ་བ་བུ་ཡུག་ཁྲོད་དུ་རྩེད་མོར་རོལ་ཞིང་བག་ཏུ་ཉལ་པ་མང་དུ་མཐོང་།  ཡིན་ཡང་ཚ་བ་ཆེ་བའི་ཡུལ་དུ་འཚོ་བ་དཀོན།

      འབྲོག་ཁྱིའི་རང་གཤིས་གྱོང་ལ་ངར་ཤུགས་ཆེ། ཀླ་ཀློའི་སྤྱོད་ཚུལ་ལྡན་པས་བལྟས་པ་ཙམ་གྱིས་སྐྱི་གཡའ་བའི་འཇིགས་སྣང་སྐྱེས་པ་མ་ཟད།  ཁོ་ནི་ཁྱི་རིགས་ནང་གི་བཙན་ཤོས་ཀྱང་ཡིན།

      འབྲོག་ཁྱིས་ཆ་རྒྱུས་མེད་པའི་མི་དང་ནང་འཛུལ་པ་ལ་དགྲར་འཛིན་གྱི་ངར་སྒྲ་བསྒྲོགས་མོད།  རང་ཉིད་ཀྱི་བདག་པོར་བློ་དཀར་སེམས་དཀར་དང་སྲི་ཞུ་རྣམ་དག་ཡིན། འབྲོག་ཁྱི་གཅིག་གིས་ཁྱིམ་སྲུང་ཐུབ་པ་མ་ཟད།  གཞིས་ཀའམ་གྲོང་ཚོའང་སྲུང་ཐུབ།  མཚོ་བོད་མཐོ་སྒང་དུ་འབྲོག་ཁྱི་ནི་རྫི་བོའི་གྲོགས་པོ་ཡིན་ལ་གངས་རྡིབ་དང་ས་ཡོམ་སོགས་སྔོན་ཤེས་ཀྱི་ནུས་པའང་ལྡན།


འབྲོག་ཁྱི་ལ་སེང་མགོ་ཅན་དང་སྟག་མགོ་ཅན་གཉིས་སུ་དབྱེ་སྟེ།

དང་པོ། སེང་མགོ་ཅན་ལའང་དབྱེ་ན་སེང་རྒན་ཅན་དང་སེང་ཕྲུག་ཅན་གཉིས།

      སེང་རྒན་ཅན།  ཐོད་པའི་རྩེར(ཀལིའི་མཚམས་སུ)ལི་སྨི5ལྷག་གི་གྲ་སྐྱེས་ཡོད།  རྣ་སྤུའི་རིང་ཚད་ལ་ལི་སྨི10ནས་15བར་དང་། སྐེ་དང་མཇིང་པའི་མཐའ་འཁོར་དུ་ལི་སྨི2ནས་40བར་ཡས་མས་ཀྱི་ཟེ་ལངས་བས་གདོང་ལྔའི་འགྱིང་སྟབས་ལྡན།

      སེང་ཕྲུག་ཅན།  ཟེ་ཕྲུག་ཀྱང་ཟེར།  གཙིགས་དང་།  སྐེ་དང་མཇིང་པའི་གྲ་ཟེ་ཅུང་ཐུང་།  གཟུགས་དབྱིབས་ནི།  མགོ་ཆེ་ལ་ལུས་གྲ་རིང་། དབྱིབས་སེང་གེ་འདྲ་ལ་གཟུགས་སྟག་དང་འདྲ། རང་གཤིས་ལྕགས་ལྟར་ངར་ཞིང་དཔའ་སྟོབས་ལྡན།  ཀླ་ཀློའི་སྤྱོད་ཚུལ་ལྡན་ལ་ནད་འགོག་ནུས་པ་ཆེ།  རང་ས་གྲུ་བཞི་དམ་པོར་སྲུང་ཞིང་འཐབ་རྒོལ་ལ་ཞུམ་པ་མེད།

གཉིས་པ།  སྟག་མགོ་ཅན།
གྲ་ཐུང་བའམ་རིང་བོ་མེད།  གཙིགས་དང་།  སྐེ་དང་མཇིང་པའི་ཟེ་མེད་པའམ་ཐུང་ངུ་ཡིན་ན་སྟག་མགོ་ཅན་ཡིན། འོན་ཀྱང་ཕལ་ཆེ་བའི་མགོ་ནི་སེང་མགོ་ཅན་ལས་ཆེ།  ཁ་ཞེང་ཆེ་ལ་སྣ་ཐུང་ཐུང་དུ་སྣང་།  འགྲོ་ལུགས་སྡོད་ལུགས་སྟག་དང་འདྲ།


འབྲོག་ཁྱིའི་སྤུ་མདོག་ལ་དབྱེ་ན་ནག་པོ་དང་།  ཁམ་པ། དམར་ནག་གམ་སེར་ནག  གངས་དཀར།  སེར་པོ་བཅས་ཡོད།
༡  ནག་པོ། ནག་ཅིང་སྤྱ་ཡན་མེད།  སྐེ་འོག་དང་བྲང་ཁོག་སྟེང་དཀར་ཐིག་ལྡན་ལ་དམིགས་གསལ་དོད་པོ་ཡོད་ཚེ།  སྙིང་དཀར་ཞེས་ལེགས་པར་བརྩི།

༢  ཁམ་པ། སྤུ་མདོག་གླང་དམར་དང་འདྲ་ཞིང་གྲ་རྩེ་ཉུང་ཤས་ལ་ནག་རྩི་ཡོད་པས།  རྒྱང་ནས་བལྟས་ཚེ་འུར་འུར་འབར་བའི་མེ་འདྲ།

༣  དམར་ནག(སེར་ནག)སྒལ་པ་ནག་ལ་རྐང་མདོག་དམར་བོ་ཅན།  མིག་གི་སྟེང་དུ་ཐིག་ལེ་ཁམ་དམར་རེ་ཡོད(ཡང་ན་སྒལ་པ་ནག་ལ་རྐང་མདོག་སེར་པོ་ཅན།  མིག་གི་སྟེང་ཏུ་ཐིག་ལི་ཟངས་མདོག་དང་འདྲ་བ་གཉིས་ཡོད)

༤  གངས་དཀར།   ལུས་གངས་ལྟར་དཀར་བས་གངས་ཁྱིའང་འབོད།   ༥  སེར་པོ།  དེར་རྩྭ་སེར་དང་ཁམ་སེར།  གསེར་མདོག  ལི་ཁྲི་བཅས་ཡོད།

       ལོ་རབས60ནང་དུ།  ཨ་རིའི་ཁྱི་གསོར་དགའ་བ་དག་གིས་འབྲོག་ཁྱིའི་རིགས་རྒྱུད་དྭངས་མ་ཞིག་རག་པའི་ཆེད་དུ།  ལེ་བར་སྟོང་ཕྲག་གི་དཀའ་ངལ་ལ་མ་འཛེམས་པར།  བལ་ཡུལ་ནས་རི་བོ་ཧེ་མ་ལ་ཡ་བརྒལ་ཏེ་བོད་དུ་འཚོལ་བར་ཡོང་།  1973ལོར།  ཨ་རིས་སྟོང་ལ་ཉེ་བའི་ཁྱི་འདི་རིགས་ལ་རྒྱུད་སྤེལ་དང་སྲུང་སྐྱོབ་འཐུས་ཚང་ཡོང་ཆེད།  ཨ་རིའི་འབྲོག་ཁྱི་སྲུང་སྐྱོབ་ཚོགས་པ་བཙུགས་ཤིང་།  དེའི་དམིགས་ཡུལ་ནི་འཛམ་གླིང་སྟེང་གི་སྟོང་ལ་ཉེ་བའི་རིགས་རྒྱུད་དག་ལ་སྲུང་སྐྱོབ་སྐྱེ་འཕེལ་བྱ་རྒྱུ་དེ་ཡིན།  ལོ་རབས་ལྔ་བཅུའི་སྐབས་སུ།  ནུབ་ཕྱོགས་ཀྱི་སྲོག་ཆགས་དང་རྩི་ཤིང་ཞིབ་འཇུག་ཚོགས་པ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་མཚོ་བོད་མཐོ་སྒང་དུ་ཡོང་ནས་དེའི་སྐོར་ལ་ཞིབ་འཇུག་སྤེལ།

      འབྲོག་ཁྱི་ནི་འཛམ་གླིང་ན་ཆེས་ཁྱད་དུ་འཕགས་པའི་སྲོག་ཆགས་ཅིག་ཡིན་ཡང་།  ལོ་ངོ་རིང་བོའི་ནང་།  རྩྭ་ཐང་གི་ཁོར་ཡུག་ཁྱད་པར་ཅན་དང་འབྲོག་པའི་རིགས་རྒྱུད་དྭངས་མར་སྲུང་སྐྱོབ་བྱེད་རྒྱུའི་གོ་རྟོགས་དམའ་བས།  གདོད་མའི་འབྲོག་ཁྱི་དང་ཁྱི་ཕལ་བ་གཉིས་སྡེབ་སྦྱོར་བྱུང་བ་དང་།  འབྲོག་ཁྱི་དྭངས་མ་ཉུང་ནས་ཉུང་དུ་ཕྱིན་ལ།  ད་ལྟ་མཚོ་བོད་མཐོ་སྒང་དུ་འབྲོག་ཁྱི་དྭངས་མ་ནི་ཉིན་མོའི་སྐར་མ་བཞིན་མཐོང་བ་དཀོན།


བོད་ཁྱི་ཨ་སོབ།

      ཨ་སོབ་ནི་དུས་རབས9པའི་ནང་དུ་བོད་དུ་བྱུང་ཞིང་།  ཆོས་ལུགས་ཀྱི་ཆོ་ག་ཟབ་ཅིང་བོད་མིས་བཀྲ་ཤིས་པའི་སྲོག་ཆགས་སུ་བརྩི་བཞིན་ཡོད།  ཁོ་བོའི་མགོ་བོ་ཆེ་ཞིང་སྒོར་བ།  ལུས་ཀྱི་སྤུ་སྟུག་ཅིང་རིང་ལ་ཕྱི་གཟུགས་ནི་སྤོབས་ངར་ལྡན་པའི་སེང་གེ་ཞིག་དང་འདྲ་ལ།  མཚོ་བོད་མཐོ་སྒང་དུ་འབྲོག་ཁྱི་དང་གྲགས་པ་མཉམ་པའི་ཁྱི་ཞིག་ཡིན།

      ཨ་སོབ་དང་འབྲོག་ཁྱི་ལ་འདྲ་བའི་ཆ་མང་པོ་ཡོད་ཀྱང་རིགས་རྒྱུད་གཅིག་པ་མིན།  ཨ་སོབ་ལ་འབྲོག་ཁྱིར་མེད་པའི་ཁྱད་ཆོས་འགའ་ལྡན་ཏེ།
༡  ཨ་སོབ་ཀྱི་གདོང་ལ་སྤུ་རིང་ཡོད་ཀྱང་འབྲོག་ཁྱིར་མེད།
༢  ཨ་སོབ་ཀྱི་ལུས་སྤུ་རིང་ལ་སྟུག་ཅིང་སྙོམས་པས་རྐང་ལག་ཚང་མ་སྤུ་ཡིས་གཡོགས་ཡོད།  ཡིན་ཡང་འབྲོག་ཁྱིའི་རྐང་པར་སྤུ་རིང་མེད།
༣  ཨ་སོབ་ཀྱི་སྤུ་རིང་བའི་དབང་གིས་གཟུགས་དབྱིབས་སྙོངས་པོར་སྣང་ཞིང་བདེ་ལྕགས་འཁྱུག
༤  ང་ཚོས་མངའ་སྦྲུམ་པའི་ཨ་སོབ་ལ་བལྟས་ན།  ཨ་སོབ་ཀྱི་རང་གཤིས་འབྲོག་ཁྱི་ལས་ཁྲོ་སླ་ཞིང་འཐབ་ཉེན་ཆེ།  གལ་ཏེ་སྟོབས་ཤུགས་དང་གཟུགས་ཕུང་མཉམ་ཚེ་ཨ་སོབ་ལ་འགྲན་ཟླ་མེད།  ཨ་སོབ་ལ་ཡང་འབྲོག་ཁྱི་ཡི་གཏུམ་དྲག་དང་འཐབ་རྒོལ་ནུས་པ་ལྡན་ཡོད་ལ།  རང་གི་བདག་པོར་ལྷག་བསམ་རྣམ་དག་ཡིན་པ་མ་ཟད།  འབྲོག་ཁྱི་ལས་སྤྱང་གྲུང་འཛོམས་ཤིང་སྦྱོང་བརྡར་བྱེད་སླ།

       ད་ལྟ།  ཨ་སོབ་རྒྱུད་པ་སྟོང་ལ་ཉེ་བའི་སྐབས་སུ་སླེབས་ཡོད་ཀྱང་།  རྒྱལ་ནང་དུ་དོ་འཁུར་བྱེད་མཁན་ཧ་ཅང་ཉུང་།  ཕྱི་རྒྱལ་དུ་ཁྱིར་དགའ་བའི་མི་ཉུང་ཤས་ཀྱིས་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་མོད།  ཡིན་ནའང་ཕྱི་རྒྱལ་དུ་ཡོད་པའི་ཨ་སོབ་ནི་ཨ་སོབ་དྭངས་མ་དང་བསྡུར་ཐབས་བྲལ།  ད་ལྟ་རྒྱལ་སྤྱིའི་སྟེང་དུ་གྲགས་པ་འབར་བའི་ཁྱི་འདིའི་རིགས་ལ་ལྟ་སྐྱོང་ནུས་པ་ཆུང་དུ་འགྲོ་བཞིན་ཡོད།  དེར་བརྟེན།  མི་རབས་རྗེས་མས་ཀྱང“ཨ་སོབ”ཀྱི་རིགས་རྒྱུད་མཐོང་བའི་ཕྱིར།  ང་ཚོས་ནུས་ཤུགས་ཡོད་དགུས་སྟོང་ལ་ཉེ་བའི་ཁྱིའི་རིགས་རྩ་ཆེན་དག་སྲུང་སྐྱོབ་བྱ་དགོས།


ལྷ་སའི་ཨ་སོབ་དང་གཙང་ཨ་སོབ།

       ལྷ་སའི་ཨ་སོབ་དང་གཙང་ཨ་སོབ་ནི་ལོ་ངོ༢༠༠༠ལྷག་གི་ལོ་རྒྱས་ལྡན་པའི་ཁྱིའི་རིགས་ཡིན་ཞེས་པའི་བཤད་སྲོལ་ཡོད།  ལྷ་སའི་ཨ་སོབ་ངར་པོ་མེད་ཀྱང་ཟུག་སྐད་འདོན་རྒྱུར་འཇོན།  བླ་མ་དང་སྐུ་དྲག་གི་གཞིས་ཀར་མཐོང་རྒྱུ་མང་བས“ གདོན་འགོག་བླ་ཁྱིའི”མཚན་སྙན་ཀྱང་ཡོད།  གཙང་ཨ་སོབ་ནི་རྩེད་མོར་དགའ་བས་བླ་མ་རྣམས་ཀྱིས་དགའ་པོ་བྱེད་ཅིང་ཁྱི་དེས་མི་རྣམས་ཀྱི་རླུང་རྟ་འཕེལ་བས “བླ་ཁྱི”ཞེས་འབོད་སྲོལ་ཡོད།  ད་ལྟ་ཁོ་ནི་མི་ཡི་རྩེ་གྲོགས་ཞིག་ཏུ་གྱུར་ཡོད།

     ལྷ་སའི་ཨ་སོབ་དང་གཙང་ཨ་སོབ་གཉིས་ནི།  1973ལོའི་ཟླ5པའི་ཚེས1དང1935ལོརAKC(ཨ་རིའི་ཁྱི་གསོ་སྤྲོ་ཚོགས) སུ་ཐོ་འགོད་བྱས།

      ལྷ་སའི་ཨ་སོབ་དང་གཙང་ཨ་སོབ་གཉིས་ཧ་ཅང་འདྲ་ཡང་རིགས་རྒྱུད་དབྱེ་སྟངས་དེ་དག་ཡོད་དེ།
༡ གཙང་ཨ་སོབ་ཀྱི་རྐང་ལག་དང་གཟུགས་ཚད་སྙོམས་པས་གྲུ་བཞི་དབྱིབས་དང་འདྲ།  འོན་ཀྱང་ལྷ་སའི་ཨ་སོབ་ཀྱི་ལག་པ་ཅུང་ཐུང་།
༢ གཙང་ཨ་སོབ་ཀྱི་སྤུ་རིམ་གཉིས་ནས་ནང་གི་སྤུ་རིམ་ཁུ་ལུ་ནི་འཇམ་ཞིང་ཐུང་ལ།  ཕྱིའི་སྤུ་རིམ་གྲ་ནི་རྩུབ་ཅིང་རིང་།  ལྷ་སའི་ཨ་སོབ་ཀྱི་ཁྱད་ཆོས་ནི་སྒལ་སྤུ་ལྗིད་ཅིང་གྱོང་།
༣ གཙང་ཨ་སོབ་ཀྱི་མཇུག་མ་ཡར་ཅུང་ཟད་བཏེགས་ཡོད་ཅིང་སྤུ་སུ་ལུ་ཡིན།  ལྷ་སའི་ཨ་སོབ་ཀྱི་མཇུག་མར་སྤུ་སྟུག་ཅིང་མཇུག་མ་སྐེད་པའི་ཕྱོགས་སུ་སྒུར་ཡོད།  མཇུག་རྩེ་ལྕགས་ཀྱུ་འདྲ།
༤ གཙང་ཨ་སོབ་ཀྱི་མགོའི་ཆེ་ཆུང་སྙོམས་ལ་ལྷ་སའི་ཨ་སོབ་ཀྱི་མགོ་རུས་ལྕི་ཞིང་ཁ་སྤུ་སྟུག་ལ་རིང་།

     དུས་རབས20སྔོན་ལ།  ལྷ་སའི་ཨ་སོབ་དང་གཙང་ཨ་སོབ་ནུབ་ཕྱོགས་པས་རྒྱུས་མངའ་མེད་ཀྱང་།  རྗེས་སུMrs A.Mclaren Morrisonདང་རྒྱ་གར་གྱི་དངོས་སྦྱོང་སློབ་མ་ཀ་རི་ཀས་ཡོ་རོབ་གླིང་དུ་རྒྱུད་སྤེལ་བྱས།  ད་ལྟ་བོད་དུ་ཆེད་ལས་པའི་སྲུང་སྐྱོབ་ནུས་པ་ཞན་པའི་རྐྱེན་གྱིས།  གཙང་ཨ་སོབ་དང་ལྷ་སའི་ཨ་སོབ་ཀྱི་རིགས་རྒྱུད་དྭངས་མ་མང་པོ་མེད།  ང་ཚོས་མཐོང་བ་ནི་ཕྱི་རྒྱལ་དུ་རྒྱུད་སྤེལ་བྱུང་བ་དེ་དག་ཡིན།  ཕྱི་རྒྱལ་དུ་རྒྱུད་འཕེལ་བྱུང་བའི་གཙང་ཨ་སོབ་དང་ལྷ་སའི་ཨ་སོབ་མང་ཆེ་བ་རིགས་རྒྱུད་དྭངས་མ་མིན།  གཙང་ཨ་སོབ་དང་ལྷ་སའི་ཨ་སོབ་ཀྱི་འབྱུང་ཁུངས་བོད་ཡིན་ཡང་བོད་དུའང་གྲངས་འབོར་ཐར་ཐོར་ལས་མེད།


བོད་ཀྱི་ལེབ་བེ།

       ལེབ་བེ་ནི་སྤྱི་ལོའི་དུས་རབས7པར་འབྱུང་བར་ཀུན་གྱིས་ཁས་ལེན་བྱེད་ཅིང་།  གནའ་ནས་ད་བར་བོད་ཀྱི་དགོན་སྡེ་ཁག་གིས་གསོ་བ་དང་བླ་མ་རྣམས་ཀྱིས་དགའ་པོ་བྱེད་ལ།  སྔོན་ཆད་གསོལ་འདེབས་ཀྱི་ཁྱི་ཞེས་མ་ཎི་བསྐོར་མཁན་བྱེད་ཀྱི་ཡོད་པའང་ཤོད་ཀྱིན་འདུག  དེ་ཡང་དགོན་པའི་གྱང་སྟེང་དུ་གཙོགས་པོར་བསྡད་པའི་ཚུལ་དེ་ཕར་བལྟས་ན་དགོན་པ་ཁྱོན་ཡོངས་སྲུང་བའི་སྲུང་བདག་གཅིག་འདྲ།

       ལེབ་བེ་ལ་སྤུ་རིམ་གཉིས་ལྡན་ཤིང་ཧ་ཅང་འཇམ།  གདོང་དང་རྐང་སྟེང་གི་སྤུ་འཇམ་ཞིང་གཉེན་ལ་སྤགས་ངོས་ཀྱི་སྤུ་དག་རིང་ཐུང་འཚམས།  རྣ་ཅོག་དང་རྐང་རྒྱབ་ཀྱི་སྤུ་ནི་བྱ་སྤུ་དང་འདྲ་བར་ཚགས་དམ་ལ་ཡིད་འོང་བ།  མཇུག་མ་དང་ཕོངས༼རྐུབ༽ཐོག་གི་སྤུ་ནི་ཅུང་རིང་བར་སྣང་།  འཇིང་སྟེང་དུ་ཟེ་རྔོག་གམ་དཔུང་རྒྱན་མང་ལ་སྤུ་རིང་བ་དེ་ནི་ལེབ་བེ་མོ་ལས་ཕོ་དེ་བས་མངོན་གསལ་དོད་པ་ཡོད།  མཛུབ་མོའི་དབར་གྱི་སྤུ་རྐང་འཐིལ་དུ་འབྲེལ་ཡོད་ཅིང་རྐང་མཛུབ་དབར་གྱི་སྒྲོ་དབྱིབས་ལྟ་བུའི་སྤུ་ནི་སྡེར་མོའི་བར་བསྲིངས་ནས་ཡོད།

ལེབ་བེའི་མགོ་བོ་ཆུང་ཞིང་གཟུགས་ཚད་དང་བསྡུར་ན་འོས་ཤིང་འཚམས་ལ།  མགོ་སྐྱེར་ནས་སྤོབས་ཉམས་དང་ལྡན།  མིག་ནི་སེར་ནག་ཅན་གྱི་སྒོ་ང་དང་འདྲ་ཞིང་མིག་འཁོར་ནག་ལ་གྲུང་ཤ་དོད་ཉམས་ཆེ་བས།  སྐྱེ་བོ་རྣམས་ལ་རྒྱུད་བཟང་བ་དང་སྤུས་དག་པའི་སྣང་བ་བསྟེར།།

ཡོང་ཁུངས་ཚ་ལུ་མ་རྒྱུན་ཤེས་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading