Skip to content
ཤིང་བཟའ་སྤྲུལ་སྐུ།

རྒྱབ་ན་དཔུང་བ་བཙན་པོའི་རྒྱབ་རྟེན་ཞིག་མེད་ཀྱང་།།
རང་སེམས་རང་ལ་དབང་བའི་སྣང་བ་དེ་སྤྲོ་ཡོད།།
མདུན་ན་གཡས་གཡོན་སྐྱོར་བའི་འཁོར་ཚོགས་རེ་མེད་ཀྱང་།།
སེམས་ངོ་ཆོས་ལ་བརྩོན་པའི་སྤྲོ་སྣང་དེ་འཁོར་ཡོད།།
མིང་དང་རྒྱུ་ལ་བྲེལ་བའི་བདག་འཛིན་དེར་འཐབ་ནས།།
འཁོར་བའི་རྩ་བ་དུག་གསུམ་བློ་ངོ་རུ་འཕྲོད་ཡོད།།
ཚེ་འདིའི་འདི་སྣང་ནམ་མཁའི་གློག་འོད་དང་འདྲ་བ།།
མི་རྟག་འཁོར་བའི་ཆོས་ཉིད་སེམས་ངོ་རུ་འཕྲོད་ཡོད།།
ཕ་ཡུལ་ཕ་ཡུལ་ཟེར་ཡང་སྐད་ཅིག་གི་སྡོད་གནས།།
ཉེ་དུ་ཉེ་དུ་བརྗོད་ཀྱང་གནས་སྐབས་ཀྱི་འཚོ་རོགས།།
ལ་རྒྱ་ལ་རྒྱ་ཟེར་ཡང་བདག་འཛིན་གྱི་རྒྱུ་རྐྱེན།།
ཆོལ་ཁ་ཆོལ་ཁ་བརྗོད་ཀྱང་མིང་རྐྱང་གིས་བཏགས་ཙམ།།
ནམ་འཆི་རང་དབང་མེད་པའི་འཁོར་བ་ཡི་གནས་ནས།།
འཁྲུལ་སྣང་མ་རིག་མུན་པའི་འཐོམ་ཞྭ་རེ་གྱོན་ཏེ།།
ཁྱོད་དང་ངེད་ཚོ་ཟེར་བའི་ངར་འཛིན་གྱི་གཏམ་འདི།།
ཤི་དུས་དམྱལ་བར་འགྲོ་བའི་སྔ་ལྟས་དེ་ལོས་ཡིན།།
ཚེ་འདིའི་སྙན་གྲགས་ཕྱི་མའི་ངོ་སྲུང་དེ་མི་ཉན།།
ཚེ་གཅིག་གྲོགས་པོས་ཕྱི་མའི་འགྲོ་རོགས་དེ་མི་ཡོང་།།
ཚེ་འདིས་རྒྱུ་ནོར་ཕྱི་མའི་ལམ་བྲོ་དེ་མི་ཐུབ།།
ཚེ་འདིར་ཤི་དུས་གཅེར་བུར་ཁེར་རྐྱང་དུ་བསྐྱོད་དགོས།།
འཆི་བར་འཇིག་ན་མི་ཚེ་དོན་ལྡན་ལ་འབད་ནས།།
དཀར་ནག་ལས་འབྲས་བསྲུང་བར་ཉིན་མཚན་དུ་བརྩོན་དང་།།
ཤི་དུས་རྒྱགས་བྲོ་ཟེར་བ་འདི་ལྷག་ལས་མེད་པ།།
སྔོན་བྱོན་སྐྱེས་ཆེན་དག་གིས་ཡང་ཡང་དུ་གདམས་སྐད།།
༢༠༡༩།༨།༩ ཉིན་བྲིས།
འོད་དཀར་དྲ་ཚིགས།
Like this:
Like Loading...