༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༩ དང་བོད་ཟླ་ ༡༠ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མ་དང་ལམ་གཙོ་རྣམ་གསུམ། ལམ་རིམ་བསྡུས་དོན་བཅས་ཀྱིས་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་བཅུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་དྲ་ལམ་བརྒྱུད་ཞལ་འདོན་གསུང་འདོན་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དྲ་ལམ་བརྒྱུད་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཆོས་ཚོགས་མ་གསུངས་འདོན་དང་འབྲེལ་བཀའ་སློབ་སྩལ་དོན།

དེ་རིང་དགའ་ལྡན་ལྔ་མཆོད་ལ་འཁེལ་ཡོད་པ་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ཚེས་ཆགས་ཡོད། ནམ་རྒྱུན་ང་ཚོས་དགའ་ལྡན་ལྷ་བརྒྱ་མ་འདོན་པའི་སྐབས་སུ། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།། ཞེས་པ་འདི་ཧ་ཅང་གནད་ཆེན་པོ་རེད། མང་དུ་ཐོས་པ་དང་། ཐོས་དོན་ལག་ལེན་ནམ་སྒྲུབ་ལ་གཞོལ་བ་ཞེས་པ་དེ་རེད། སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་ཀྱི་བསྟན་པ་གཉིས་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། འཆད་ཉན་གྱིས་ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། འཆད་ཉན་བྱས་པའི་དོན་རྣམས་སོ་སོས་ལག་ལེན་ལ་བསྐྱལ་ཏེ་དེའི་ཐོག་ནས་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད། དེར་བརྟེན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མྱང་འདས་དུས་ཆེན་དགའ་ལྡན་ལྔ་མཆོད་ལ་སོ་སོས་དྲན་གསོ་གཏོང་དགོས།

ང་ཚོས་ཞྭ་མོ་སེར་པོ་འདི་གོན་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་ཅིག་དང་། དེ་རིང་དགའ་ལྡན་ལྔ་མཆོད་དྲན་གསོ་བྱེད་ཀྱི་ཡོད། རྗེ་རིན་པོ་ཆེ་དྲན་གསོ་བྱེད་ཐབས་གཙོ་བོ་དེ་གོང་དུ་ཞུས་པ་ལྟར་སྒྲུབ་པ་ཉམས་ལེན་བྱེད་པ་དང་། སློབ་གཉེར་བྱ་རྒྱུ་དེ་རེད། ངོས་རང་ལ་ཆ་བཞག་ན་ལོ་ངོ་འདི་དག་རིང་གཙོ་བོ་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་དང་། དེའི་ནང་ནས་གླིང་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆུང་ཆུང་སྐབས་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློ་ལ་བཟུང་། རྒྱན་འཇུག་གཉིས་ཀྱི་བཤད་ལུང་ཐོབ་ཡོད། ད་ལྟ་ཡིན་ནའང་དུས་ཚོད་ཡོད་དུས་རྒྱན་འཇུག་གཉིས་པོ་འདོན་གྱི་ཡོད།  འཇུག་པ་རང་འགྲེལ་ནི་ངོས་ཀྱིས་ཉིན་ལྟར་ཉུང་ཙམ་རེ་ཀློག་གི་ཡོད། མང་ཐོས་སྒྲུབ་ལ་བརྩོན་ཞེས་རྗེ་རིན་པོ་ཆེར་བསྟོད་པ་དེ་སོ་སོས་ལག་ལེན་ལ་བསྐྱལ་དགོས། ཁ་ཙམ་ཚིག་ཙམ་གྱི་བསྟོད་པ་མ་ཡིན་པར་ངོ་ཐོག་ལག་ལེན་གྱི་ཐོག་ནས་མང་ཐོས་སྒྲུབ་ལ་བརྩོན་པ་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་ཆོས་གྲོགས་རྣམ་པ་ཚོས་མང་ཐོས་སྒྲུབ་བརྩོན་ཞེས་པའི་ཚིག་གཉིས་པོ་སེམས་ལ་བཞག་ནས་སློབ་གཉེར་ཐོག་ཤུགས་རྒྱག་དགོས།

གདན་ས་གསུམ་གཙོ་བོར་གྱུར་པའི་དགེ་ལུགས་ཀྱི་དགོན་པ་རྣམས་ལ་བཤད་གྲྭ་ཧ་ཅང་ཡག་པོ་རེད། ཐོས་དོན་སྒྲུབ་ལ་གཞོལ་ནས་ཐོས་བསམ་གྱིས་གཏན་ལ་ཕབ་པ་ལག་ལེན་དུ་བསྐྱལ་ནས་ཉམས་ལེན་བྱེད་དགོས། དེ་རིང་དགའ་ལྡན་ལྔ་མཆོད་ལ་ཁ་ཡོད་ལག་ཡོད་ཀྱིས་རྗེས་དྲན་བྱེད་སྟངས་ནི་སློབ་གཉེར་ཡག་པོ་ཞིག་བྱོས། སློབ་གཉེར་བྱས་པའི་དོན་རྣམས་རྒྱུད་ཐོག་ལ་བཞག་ནས་སེམས་ལ་འགྱུར་བ་འགྲོ་བ་ཞིག་བྱུང་དགོས། རྗེ་རིན་པོ་ཆེ་ལ་ང་ཚོས་ཉིན་རེ་བཞིན་དུ་མང་ཐོས་སྒྲུབ་ལ་བརྩོན་ཞེས་བསྟོད་བསྔགས་བྱས་པ་ནང་བཞིན། སོ་སོས་ཀྱང་ལག་ལེན་ལ་བསྐྱལ་ནས་འགྲོ་རྒྱུ་བྱུང་ན་ཧ་ཅང་ཡག་པོ་རེད། གཞན་སངས་རྒྱས་བསྟན་པ་དང་། བོད་གངས་ཅན་གྱི་སངས་རྒྱས་པའི་བསྟན་པ་ཞྭ་མོ་ལ་ཡོད་པ་ལྟར་དགེ་ལུགས་པ་ཡིན་ན་ཞྭ་མོ་སེར་པོ་གྱོན་བསྡད་པ་ཞིག་དང་། རྙིང་མ་བཀའ་བརྒྱུད་ཚོས་ཞྭ་མོ་ཚོས་གཞི་མི་འདྲ་བ་རེ་གོན་དགོས་པ་ལྟ་བུ་མིན། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ལ་ཡོད་པ་མ་གཏོགས་ཕྱི་ལོགས་ཀྱི་ལུས་ཀྱི་རྣམ་འགྱུར་དང་ཞྭ་མོའི་ཚོས་གཞི་མ་རེད། གང་ལྟར་ང་ཚོས་སོ་སོས་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

ད་ནི་ས་བཅད་མ་སྟོང་ཙམ་དུ་རྗེ་རིན་པོ་ཆེའི་ཉམས་མགུར་དུ་མཛད་པ་རྟོགས་བརྗོད་འདུན་ལེགས་མ་ཀློག་གི་ཡིན་ཞེས་བཀའ་ཕེབས་ཏེ་རྟོགས་བརྗོད་འདུན་ལེགས་མའི་བཤད་ལུང་སྩལ་བ་དང་། རྟོགས་བརྗོད་འདུན་ལེགས་མའི་བཤད་ལུང་གྲུབ་མཚམསས་བཀའ་ཕེབས་དོན།  རྗེ་རིན་པོ་ཆེའི་གསུང་ལམ་གཙོ་རྣམ་གསུམ་ནི་འདུས་ཆེན་པོ་དང་། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པ་ཐུན་མོང་མ་ཡིན་པ་ཞིག་རེད། རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་དུ། ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང༌།། ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན།། མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།། བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ།། ཞེས་གསུངས་འདུག ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་ཐུན་མོང་མ་ཡིན་པའི་ཐུགས་ཀྱི་བརྩེ་བ་དང་ཉེ་བོ་ཡོད་པ་ཞིག་ཆགས་འདུག ཅེས་བཀའ་ཕེབས་རྗེས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བཀའ་དྲིན་སྩལ་ཏེ་མཇུག་ལེགས་པར་གྲུབ་མཚམས། ལམ་རིམ་ཉམས་མགུར་གྱི་བཤད་ལུང་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། ལམ་རིམ་རྒྱས་པ་ལམ་རིམ་ཆེན་མོ་དང་།  དེ་ལས་ཅུང་ཙམ་བསྡུས་པ་ལམ་རིམ་འབྲིང་བ། ཚོགས་ལ་འདོན་པ་དང་མདོར་བསྡུས་པའི་ཐོག་ནས་བསམ་བློ་གཏོང་བ་ལ་ལམ་རིམ་ཉམས་མགུར་རེད། ཅེས་བཀའ་སློབ་སྩལ་རྗེས་བཤད་ལུང་གནང་།

ལམ་རིམ་ཉམས་མགུར་གྱི་བཤད་ལུང་བཀའ་དྲིན་སྩལ་གྲུབ་མཚམས་བཀའ་སློབ་སྩལ་དོན། དེ་རིང་དགའ་ལྡན་ལྔ་མཆོད་འཁེལ་ནས་རྗེ་རིན་པོ་ཆེ་ལ་དྲན་གསོ་བྱེད་བཞིན་ཡོད་པས་དྲན་གསོ་ནི་ཞྭ་མོ་སེར་པོ་གོན་པ་ཙམ་གྱིས་ཡོང་གི་མེད། གང་ལྟར་གོང་དུ་ཞུས་པ་ལྟར། མང་དུ་ཐོས་པ་དང་ཐོས་དོན་སྒྲུབ་ལ་གཞོལ་བ་གཉིས་ལ་ཉིན་རེ་བཞིན་ག་ཚོད་ཐུབ་ཐུབ་ཀྱིས་ཡང་ཡང་བསམས་ནས་སེམས་ལ་ག་ལེར་ཉམས་མྱོང་སྐྱེ་བ་ཞིག་དང་། བློ་ལ་འགྱུར་བ་ཐེབས་པ་ཞིག་དགོས། འགྱུར་བ་ཐེབས་རྒྱུ་ནི་ཡོད་ཐག་ཆོད་རེད། གོམས་དགོས་ཀྱི་འདུག འཁྱུག་ཙམ་རིང་ཚིག་ཙམ་བཏོན་ནས་ལམ་རིམ་ལྟ་བུར་བསམ་བློ་བཏང་ནས་སྐྱབས་སུ་མཆི་ཟེར་བ་ཙམ་གྱིས་འགྲིག་གི་མེད། ཉིན་རེ་བཞིན་དུ་བསམ་བློ་ཡང་ནས་ཡང་དུ་བཏང་ཡོང་དུས་བློ་ལ་འགྱུར་བ་ཐེབས་པ་ཞིག་ཡོང་གི་འདུག དེར་བརྟེན། མང་དུ་ཐོས་པ་དང་ཐོས་པའི་དོན་ལག་ལེན་ལ་བསྐྱལ་བ་གཉིས་དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་དང་བསྟུན་ནས་ཁྱོད་ཚོ་ཚང་མར་དྲན་སྐུལ་ཞུ་བཞིན་ཡོད། ངོས་རང་གིས་ཀྱང་ཉིན་རེ་བཞིན་ལམ་གཙོ་གསུམ་དང་། རྒྱ་ཆེན་སྤྱོད་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་ལྟ་རྒྱུད་ཀྱི་སྟོང་ཉིད་སྐོར། རླབས་ཆེན་སྤྱོད་རྒྱུད་ཀྱི་བདག་གཞན་མཉམ་བརྗེ་ལ་ཉིན་བཞིན་བསམ་བློ་གཏོང་གི་ཡོད། བློ་ལ་འགྱུར་བ་འགྲོ་ཐག་ཆོད་འདུག ང་ཚོ་ཚང་མ་མི་གཅིག་པ་དང་། བོད་གངས་ཅན་གྱི་རྗེ་རིན་པོ་ཆེའི་རྗེས་འབྲང་པ་གཅིག་གྱུར་ཆགས་ཡོད། ངོས་ཀྱི་བློ་ལ་འགྱུར་བ་གང་འདྲ་འགྲོ་གིན་ཡོད་མེད་དང་། ཉམས་མྱོང་གང་འདྲ་འབྱུང་གིན་ཡོད་མེད་ང་ཚོ་ཚང་མ་མི་གཅིག་པ་ཡིན་པས་ཐོས་དོན་སྒྲུབ་ལ་གཞོལ་བའི་གཞུང་རྣམས་མཇལ་རྒྱུ་ཡོད་པས་ཚང་མས་ཧུར་ཐག་གནང་ཤོག དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་ལ་ཁ་ཡོད་ལག་ཡོད་ཀྱིས་དྲན་གསོ་ནི་སོ་སོས་དཔེ་ཆ་བལྟ་བ་དང་། ཞག་སྐྱེད་ཐོན་པ་ཁག་པོ་ཡིན་ཡང་། ལོ་སྐྱེད་ཐོན་པ་ཞིག་ཏན་ཏན་ཡོང་གི་རེད། ཚང་མས་ཧུར་ཐག་གནང་ཤོག ཅེས་བཀའ་སློབ་ཕེབས་མཚམས། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་ཀྱིས་དྲ་ལམ་བརྒྱུད་བཀའ་དྲིན་གཏང་རག་གི་མནྜལ་དང་། ཤར་གངས་རི་མ་གསུང་འདོན་གནང་།

དེ་ནས་སླར་ཡང་བཀའ་སློབ་སྩལ་དོན། ཐུགས་རྗེ་ཆེ། ཤར་གངས་རི་མའི་ཚིག་འདི་ཅུང་ཙམ་སེམས་སྐྱོ་བོ་ཞིག་འདུག དགེ་འདུན་གྲུབ་པ་དགའ་ལྡན་ནས་ཡར་ཕེབས་ཏེ་གཙང་གི་ཕྱོགས་སུ་བཞུགས་སྐབས། ཤར་གངས་རི་དཀར་པོའི་རྩེ་མོ་ན།། སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།། དེ་མཐོང་བའི་མོད་ལ་བླ་མ་དྲན།། དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།། ཞེས་སོགས་གསུངས་པ་རེད། ད་ནི་རྗེ་རིན་པོ་ཆེ་མྱ་ངན་ལས་འདས་ནས་མི་རབས་མང་པོ་ཕྱིན་ཟིན་པ་རེད། ཡིན་ནའང་། ཁོང་གི་གསུང་འབུམ་རྣམས་ང་ཚོར་མཇལ་རྒྱུ་ཡོད་པ་རེད། སོ་སོས་མ་བྱས་ན་དེ་ལྟར་རེད་མ་གཏོགས། དགེ་འདུན་གྲུབ་པའི་ཐུགས་སྐྱོ་བོའི་ངང་ནས་གསུངས་པ་ནང་བཞིན་ང་རང་ཚོས་ཀྱང་ཡོང་ཐུབ་པ་ཞིག་འདུག

སངས་རྒྱས་པའི་ཆོས་ནི་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་ཞེས་བློ་སྦྱོང་དགོས་པ་ཡིན་པས་སྦྱོང་ལུགས་རྣམས་ཤེས་པར་བྱས་ཏེ་སྦྱོང་དགོས་པ་མ་གཏོགས་སྨོན་ལམ་རྒྱབ་ནས་ཡོང་བར་ཤོག་ཅེས་པས་འགྲིག་གི་མེད། ང་ཚོ་རྗེ་རིན་པོ་ཆེར་དངོས་སུ་མཇལ་རྒྱུ་བྱུང་མེད་ཀྱང་གསུང་རྣམས་ལ་མཇལ་རྒྱུ་ཡོད་པ་ཙམ་དུ་མ་ཟད། རྗེ་རིན་པོ་ཆེའི་གསུང་ཡོངས་རྫོགས་ལ་བཤད་ལུང་གི་རྒྱུན་ཡོད་པ་རེད། ངོས་རང་ལའང་རྗེ་རིན་པོ་ཆེའི་གསུང་ཆ་ཚང་གི་བཤད་ལུང་ཐོབ་ཡོད། ཉིན་རེ་བཞིན་དུ་རྗེ་རིན་པོ་ཆེའི་ལྷག་མཐོང་ཆེན་མོ་དང་། སེམས་བསྐྱེད་ཀྱི་སྐོར་ལ་ཉིན་བཞིན་བསམ་བློ་གཏོང་གི་ཡོད། བློ་གོམས་པའི་རྗེས་སུ་ཞུགས་གསུངས་པ་ལྟར་གོམས་འདྲིས་མེད་ན་འཁྱུག་ཙམ་རིང་སྐྱབས་སུ་མཆི་ཟེར་བ་དེས་འགྲིག་གི་མི་འདུག དེར་བརྟེན། ཡང་ནས་ཡང་དུ་བསམ་བློ་བཏང་ནས་བློ་ལ་འགྱུར་བ་ཐེབས་པ་ངོས་རང་གི་ཉམས་མྱོང་ལ་ཡོང་ཡོད་པ་ཞིག་རེད། ཁྱོད་རང་ཚོ་ཆོས་གྲོགས་ཚང་མས་དེ་ལྟར་ཉམས་བཞེས་གནང་ཤོག རྗེ་རིན་པོ་ཆེའི་བསྟན་པ་ལ་ཞེ་ནས་དད་པ་ཐོབ་པའི་རྗེས་ལ་སོ་སོའི་རྒྱུད་ཐོག་ལ་ག་ལེར་འགྱུར་བ་ཐེབས་པ་ཞིག་གནང་དགོས། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཏེ་དགའ་ལྡན་ལྔ་མཆོད་ཉིན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།

ཡོངས་ཁུངས་དགའ་ལྡན་ཕོ་བྲང་བོད་ཡིག་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading