Skip to content
ཤིང་བཟའ་རིན་པོ་ཆེ།
༄༅། །ཚེ་རབས་དུ་མ་ནས་དད་འདུན་དང་དམ་ཚིག་གཙང་མའི་སྨོན་ལམ་གྱི་མཐུས་ཁ་བ་ཅན་གྱི་ལྗོངས་སུ་ཕྱོགས་གཅིག་ཏུ་འཛོམས་པའི་ཤིང་བཟའ་སྐུ་ཕྲེང་གི་སློབ་རྒྱུན་ཡོངས་ལ། མི་ཚེ་ཕལ་ཆེར་ས་མཐའ་ནས་བསྐྱལ་ཅིང་རྒྱལ་ཁམས་ཕྱོགས་ཀྱིས་འགྲིམས་པའི་སྤྲང་འཁྱམས་པ་ཤིང་བཟའ་སྐྱེ་ཕྲིང་དུ་འབོད་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནས།
སྒོ་གསུམ་གུས་པ་ཆེན་པོས་ལྷ་དང་བླ་མར་སྨོན་ལམ་ཤུགས་དྲག་གྱི་འདུན་པ་སྔོན་དུ་བཏང་སྟེ། དེང་གི་དུས་འདིར་རང་ཅག་རྣམས་ལུས་ཐག་རིང་ཡང་སེམས་ཁ་ཉེ་བའི་བསམ་སྦྱོར་བཟང་པོས་རང་ཉིད་ཀྱིས་ལོ་དུ་མར་ནང་ཆོས་སློབ་སྦྱོང་བྱས་ཏེ་བསམ་པ་བཟང་པོར་འབད་བརྩོན་ཅི་ནུས་བྱས་པའི་ཀུན་སློང་དང་། ཕྱོགས་མཐར་འཁྱམས་པའི་མཐོང་ཐོས་མྱོང་གསུམ་སོགས་སེམས་པ་བཟང་བོས་ཡར་སྐུལ་ཀྱི་སྐད་ཆ་འགའ་ཤིན་ཏུ་སྟབས་བདེ་བའི་ཚིག་གི་འགྲོས་ལ་བརྟེན་ནས་ཞུ་འདོད་བྱུང་།
དེ་ཡང་རང་ཅག་རྣམས་ལ་ཐོབ་དཀའ་བ་མི་ལུས་རིན་ཆེན་གྱི་དལ་འབྱོར་བཅུ་ཚང་པའི་རྟེན་བཟང་འདི་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་དང་མཇལ། མཇལ་བ་ཙམ་མ་ཡིན་པར་རང་ཉིད་ཀྱི་འབད་བརྩོན་གྱིས་གྲུབ་ན་ཚང་ལ་མ་ནོར་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པའི་བདེན་བཞིའི་འཇུག་རིམ་དང་ལྡོག་རིམ། རྟེན་འབྱུང་ལྟ་བའི་ཆ། ཞི་ལྷག་སྒོམ་པའི་ཆ། གཞི་ལམ་འབྲས་གསུམ་གྱི་ཆ་སོགས་ལ་ཅི་ལྟར་འབད་ཀྱང་ཆོས་སྟོན་པ་པོ་དང་། ཆོས་རང་ངོས་ནས་ང་ཚོར་དཀའ་ངལ་གང་མེད་པ་མཐོང་ཆོས་མངོན་སུམ་དུ་གྲུབ་ཡོད་པ་འདི་ལགས།
དེ་མིན་སངས་རྒྱས་ཆོས་ལུགས་ཀྱི་ཆ་ཕྱོགས་རེ་བ་ཙམ་ཞིག་ལ་རྨོངས་ནས་དེ་ཉིད་ཆོས་ལུགས་ཀྱི་སྐྱོན་དུ་མཐོང་པ་དང་། ཡང་ན་ཆོས་དངོས་ལ་མཇུག་མ་ཐུབ་པར་ཐ་སྙད་ཙམ་དང་ཟེར་སྒྲོས་ཀྱི་རྗེས་སུ་འབྲང་བ་སོགས་ཀྱིས་སངས་རྒྱས་ཆོས་ལུགས་ལ་སྒྲོ་སྐུར་བྱས་ཏེ་ལས་ངན་བསགས་བཞིན་པ་ནི་ཤིན་ཏུ་ནས་སྐྱོ་དགོས་པའི་སྣང་ཚུལ་ཞིག་ཏུ་མཐོང་། སྟོན་པ་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེ་བ་ལྔ་བརྒྱ་དང་མ་དག་པའི་སྐྱེ་བ་ལྔ་བརྒྱ་སོགས་བླངས་ཏེ་མཐར་ཕྱི་ལོ་སྔོན་གྱི་ལོ ༦༢༣ ཙམ་ལ་རྒྱ་གར་སེར་སྐྱའི་གྲོང་ཁྱེར་ནས་ཡབ་རྒྱལ་པོ་སྲས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྒྱ་གར་གྱི་བྲམ་ཟེའི་རིག་བྱེད་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་།
འགྲོ་བ་མྱི་སྤྱིའི་སྡུག་བསྔལ་སྟེ་སྐྱེ་རྒ་ན་འཆི་སོགས་ཀྱི་འཁོར་བའི་ཆོས་ཉིད་མཐོང་ནས་ཟང་ཟིང་གི་འཁོར་བར་ངེས་འབྱུང་སྐྱེས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་ནས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ལོ་དྲུག་དཀའ་བ་སྤྱད་ནས་མཐར་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་བདུད་བཏུལ། གོང་ལ་མཉམ་པར་བཞག ཐོ་རེངས་ལ་གནས་མཆོག་རྡོ་རྗེ་གདན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཇི་ལྟ་བ་དང་། ཇི་སྙེད་པའི་ཆོས་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་མངོན་པར་གཟིགས། འུ་ཅག་གདུལ་བྱ་རྣམས་ཀྱི་བློ་དང་འཚམ་པར་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བསྟན་པའི་ཆོས་དེ་ཉིད་རིམ་པ་གསུམ་གྱི་དབང་དུ་བྱས་ནས་གསུངས།
རང་ཅག་ཁ་བ་ཅན་རྣམས་ལ་སྔོན་གྱི་ཆོས་རྒྱལ་དང་པཎ་གྲུབ་དག་གི་བཀའ་དྲིན་ལས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོག་མེད་སོགས་ཀྱིས་ཤིང་རྟའི་སྲོལ་ཕྱེས་པའི་ཐེག་ཆེན་གྱི་བསྟན་པའི་གཞུང་ལུགས་ལ་ལེགས་པར་སྦྱངས་རྒྱུའི་སྐལ་བཟང་ཁྱད་པར་ཅན་དང་ལྡན་པ་ནི་ངོ་མཚར་ཞིང་སེམས་ཀྱི་གཏིང་རིམ་ནས་དགའ་བ་སྒོམ་དགོས་པའི་གནས་ལགས།
འཕྲིན་ཡིག་དང་པོ་བླ་སྤྲུལ་རྣམས་ལ།
སྤྱིར་ན་བླ་སྤྲུལ་ཅེས་པའི་ཐ་སྙད་འདི་ལོ་ ༨༠༠ ཙམ་ཞིག་ནས་ཀརྨ་པཀྴི་འམ་ཆོས་ཀྱི་བླ་མ་ཁོང་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་བཟུང་ནས་བོད་ལ་ཡོངས་གྲགས་སུ་སྤྲུལ་སྐུ་ཞེས་པའི་སྐུ་ཕྲེང་རིམ་བྱོན་ངོས་འཛིན་བྱེད་པའི་སྲོལ་འདི་བྱུང་། བར་ལམ་ཕྱི་གླིང་པ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ལ་ ”བླ་མའི་ཆོས་ལུགས།” ཟེར་པའི་ཐ་སྙད་ཀྱི་འཁྲུལ་གཞི་ཡང་སྤྲུལ་སྐུ་ཞེས་པ་འདི་ནས་བྱུང་བར་སྙམ།
དེར་མ་ཟད་བོད་ཀྱི་གཞོན་སྐྱེས་དང་ཤེས་ལྡན་པ་གང་མང་ཞིག་གིས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ལ་མི་འདོད་པའི་རྣམ་འགྱུར་དང་དགག་སྒྲུབ་གྱི་རྩོམ་ཡིག་དང་སྐད་ཆ་ཡང་གང་མང་ཞིག་ཐོན་བཞིན་པ་དག་ནི། གཅིག་ན་སྤྱི་ཚོགས་ཀྱི་འཕེལ་རིམ་ཞིག་མཚོན་ཐུབ་ཀྱི་འདུག་ལ། གཉིས་ན་ཤེས་ཡོན་ལྡན་པའི་བསམ་བློའི་དཔྱོད་ཤེས་ཤིག་ཀྱང་རང་བཞིན་གྱིས་མཐོང་ཐུབ་པ་མ་ཟད། བོད་ཀྱི་བླ་སྤྲུལ་ནང་དུ་ཡང་ཁོ་བོས་མཚོན་པའི་སྤྲུལ་སྐུའི་ལམ་ལུགས་ལ་མི་འདོད་པའི་སྐད་ཆ་བཤད་མཁན་ཡང་གང་ཙམ་ཞིག་ཐོན་བཞིན་འདུག་མོད། སྐབས་རེར་ཞིབ་ཀྱིས་བསམ་བློ་བཏང་ཚེ་དད་པ་དང་དམ་ཚིག་ཅེས་པའི་ཚིག་གིས་དམ་དུ་བཅིངས་པའི་འུ་ཚོའི་སྤྱི་ཚོགས་འདི་ད་དུང་བླ་སྤྲུལ་མེད་པར་རང་མགོ་ཐོན་པའི་དུས་ཤིག་ལ་སླེབས་ཡོད་ན་སྙམ་པའི་འཆར་སྣང་རབ་རིབ་རེ་ཐོལ་གྱིས་དྲན་འོང་གི
རང་ཉིད་ལ་མཚོན་ན་ཁྱི་ལ་སེང་གེ་ཟེར་བའི་མིང་ཆེན་པོ་ཞིག་སྦྱར་བ་དེ་ནས་བཟུང་མི་ཚེའི་ལས་དབང་སྐྱ་མོ་འདི་གང་ལ་བསྐྱོད་བཞིན་པ་དང་། ཅི་ཞིག་གི་ཆེད་གསོན་དགོས་པ་ཡང་སྐབས་རེར་བསམ་གཞིག་ཟབ་མོ་རེ་གཏོང་དགོས་བྱུང་། འོན་ཀྱང་ང་དང་ང་ལྟ་བུའི་སྐྱེ་བོ་ཁྱེད་ཅག་ལ་ཡང་འདི་ལྟ་བུའི་ཐུན་མོང་གི་ལྟ་བྱ་གཅིག་གྱུར་པ་ཞིག་ཡོད་པར་ངེས། ཡིན་ཡང་བོད་ཀྱི་ལོ་ངོ་བརྒྱ་ཕྲག་ནས་སྲོལ་དུ་དར་འོང་པའི་ལམ་ཆེན་འདི་སྐྱེ་བོ་རེ་གཉིས་ཤིག་གིས་བསྒྱུར་ཐུབ་པ་མེད་ན་ལྐུགས་པའི་ཨུ་ཚུགས་བྱས་པ་ནི་བླུན་པོའི་སྣང་ཚུལ་ཁོ་ནར་མཐོང་།
དེའི་ཕྱིར་ང་ཚོས་ཀྱང་གོ་སྐབས་འདིས་སྐྱེ་བོ་དག་ལ་ཕན་པའི་བྱ་གཞག་ཅི་ཞིག་བསྒྲུབ་ཐུབ་པར་འབད་བརྩོན་བྱ་རྒྱུ་ནི་འུ་ཚོར་བོད་ཀྱི་བླ་སྤྲུལ་ཅེས་མང་ཚོགས་མང་པོས་མགོ་བོ་སྒུར་སྒུར་བྱེད་བཞིན་པའི་འགན་ཡིན་ལ། དེ་ལྟར་བྱེད་ཐུབ་ཚེ་སྐྱེ་བོ་མང་ཙམ་ཞིག་ལ་ཕན་ངེས་ཀྱང་རེད། གང་ལྟར་འུ་ཚོ་ལྷ་ཞིག་ཡིན་ཡང་ཆོག་ལ་འདྲེ་ཞིག་ཡིན་ཡང་རུང་། ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞབས་ཞུ་དང་སྟོན་པ་བླ་ན་མེད་པ་མཆོག་གི་གསུངས་པའི་ཆོས་ཀྱི་གནས་ལུགས་ལ་མགོ་སྒུར་མཁན་ཞིག་དང་ཡིད་ཆེས་ཡོད་མཁན་ཞིག་ཡིན་ཚེ། ཁོང་གི་བླ་ན་མེད་པའི་བསླབ་བྱ་དག་སེམས་སུ་ཉར་ནས་མ་རིག་པའི་ཐང་ཆེན་གྱི་འཁོར་བའི་འདམ་ན་གནས་པའི་སྐྱེ་བོ་འདི་དག་སྐྱོབས་པར་འབད་བརྩོན་དང་། སེམས་ཀྱི་གཟབ་ས་ནས་ཁོ་ཚོའི་ཉེ་སར་བཅར་དགོས།
བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ལ་གོམས་པ་དང་མོས་གུས་ཚུན་ཆད་བྱས་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་བའི་ཁ་ཕོ་ཆེན་པོ་སྒྲོག་མ་ཐུབ་ཀྱང་རང་དང་ཁ་ཐག་ཉེ་བའི་དད་པ་གཙང་ཞིང་ཡིད་ཆེས་བྱེད་པའི་སྐྱེ་བོ་དེ་དག་ལ་ཕན་པའི་བྱ་བཞག་རེ་བསྒྲུབ་དགོས་སྙམ་པའི་ཀུན་སློང་བཟང་པོ་ཞིག་ནམ་རྒྱུན་ཁུར་ན། བློ་ནི་གོམས་འདྲིས་ཀྱི་རྗེས་སུ་འབྲང་མཁན་ཡིན་པས་གོམས་པ་བྱེད་རྒྱུ་གལ་ཆེན་ཡིན།
རང་ཉིད་ལ་ཡིད་ཆེས་དང་བློ་གཏད་བྱེད་པའི་སྐྱེ་བོ་དེ་དག་གི་རེ་བ་ཆུ་ལ་སྐྱུར་མི་བྱ་རྒྱུ་ནི་འཇིག་རྟེན་མྱི་ཆོས་ཀྱི་ལུགས་བཟང་ཡིན་ན་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་པར་སྨྲ་ག་ལ་དགོས།
དེའི་ཕྱིར་སྤྲུལ་སྐུ་ཟེར་བའི་མིང་བྱང་ཆེན་པོ་དེ་ཁུར་ནས་ཁྲི་མཐོན་པོ་ཐོག་ནས་གཏམ་ཆེན་པོ་བརྗོད་རྒྱུ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱི་མི་དམངས་ནང་དུ་ཕེབས་ཏེ་མང་ཚོགས་ལ་དགོས་པ་དེ་གང་ཡིན་པ་ཤེས་རྒྱུ་དང་། བོད་ཀྱི་རིག་གནས་དང་གོམས་གཤིས་ལ་སོགས་མི་ཉམས་རྒྱུན་སྐྱོང་ཕྱོགས་ཀྱི་བྱ་གཞག་བསྒྲུབ་ཐུབ་ན་རབ་དང་།
དེ་ལྟར་མ་བྱུང་ཡང་དེའི་ཕྱོགས་སུ་ཕན་ཐོག་བླ་ལྷག་གིས་བསྒྲུབས་དང་སྒྲུབ་བཞིན་པའི་སྐྱེ་བོ་ཚོར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ། མ་མཐའ་ཡང་ཆོས་རྒྱུལ་ཕྱོགས་རེ་བ་ཞིག་དང་དགོན་པ་ཕྱོགས་རེ་བ་ཞིག་གི་ཞེན་ཁོག་སྟོང་པ་ཞིག་ཁུར་ནས་སྤྱི་ཚོགས་ལ་ཚབས་ཆེ་བའི་གནོད་སྐྱོན་དང་། སྐྱེ་བོ་རེ་གཉིས་ཀྱི་ངག་བཀོད་གཅིག་པུར་ཉན་ཏེ་བདེན་ལུགས་ཀྱི་དབྱེ་བ་གང་ཡང་མི་འབྱེད་པར་དགོན་སྡེ་སོགས་འགལ་གཏོར་མི་བྱེད་རྒྱུ་གལ་འགང་ཤིན་ཏུ་ཆེ་བར་མཐོང་།
དུས་རབས་གསར་པའི་འགྱུར་འགྲོས་དང་བསྟུན་ནས་འུ་ཚོས་ཀྱང་བྱ་དངོས་མང་པོ་ཞིག་བསྒྱུར་དགོས་པ་ཆོས་ཉིད་ཡིན་ལ། འོན་ཀྱང་ཅི་ཞིག་བསྒྱུར་དགོས་པ་དང་ཅི་ཞིག་རྒྱུན་འཛིན་བྱ་དགོས་པ་ངེས་པར་ཤེས་དགོས། དེ་མིན་དེང་སྐབས་ཀྱི་གསར་བུ་མགོ་སྟོང་འགས་གསར་གཏོད་དང་དེང་རབས་ཟེར་ནས་འུར་སྒྲོག་བྱེད་བཞིན་ཅི་ཞིག་གསར་གཏོད་བྱ་དགོས་པ་དང་། ཅི་ཞིག་དེང་རབས་ཅན་ལ་བསྒྱུར་དགོས་པ་མ་ཤེས་པར་ཆོས་ལུགས་ཀྱི་ཡོད་ཚད་ཕུང་པར་བརྗོད་བཞིན་པ་ནི་འཛམ་གླིང་སྤྱིའི་གནས་ལུགས་མ་ཤེས་པས་རེད་སྙམ།
དེང་སྐབས་འཛམ་གླིང་གི་སྔོན་ཐོན་དང་པོ་རུ་གྲགས་པའི་ཨ་རི་རྒྱལ་ཁབ་ལ་མཚོན་ནའང་ཆོས་ལུགས་ལ་དད་ཞེན་ཤིན་ཏུ་ཆེ། རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མར་དམ་འབུལ་སྐབས་དཀོན་མཆོག་གི་མདུན་ནས་མནའ་གན་འཇོག་དགོས་ལ། གྲོང་པ་མང་ཆེ་བར་མཚོན་ན་ཁྱིམ་ཚང་སྟོང་ཕྲག་རེར་མཆོད་མཇལ་ལ་འགྲོ་གནས་ཀྱི་ལྷ་ཁང་ཞིག་ཕལ་ཆེར་ཡོད། ཨ་རི་རྒྱལ་ཁབ་ལ་མཚོན་ན་ད་ལྟ་ལྷ་ཁང་འབུམ་བཞི་དང་ཁྲི་ལྔ་ལྷག་འདུག འོན་ཀྱང་ད་བར་ཆོས་ལུགས་ཀྱི་སྐྱོན་བྱས་ནས་ཡར་ཐོན་རྒྱལ་ཁབ་ཆགས་པར་འགོག་རྐྱེན་བཟོས་སོང་ཟེར་མཁན་མེད་པ་མ་ཟད། ད་དུང་ཆོས་ལུགས་ལེགས་པོ་རྣམས་ནང་འདྲེན་བྱེད་དགོས་ཀྱི་འདུག་ཟེར་མཁན་གྱི་མཁས་པ་དང་མི་དམངས་མང་ཉིན་རེ་ནས་གྲངས་འབོར་འཕར་གྱིན་ཡོད་ལ། ལྷག་པར་བོད་བརྒྱུད་ནང་བསྟན་ལ་ཐུན་མོང་མ་ཡིན་པའི་དཔྱོད་ཤེས་ཀྱི་ཆ་ཞིག་འདུག་ཅེས་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད། དེས་ན་ང་ཚོས་རང་ཉིད་ལ་ཡོད་པའི་ནོར་བུ་ནོར་བུ་ཡིན་པ་ངོས་ཟིན་ནས་དེ་ལ་བདག་སྐྱོང་དང་གཅེས་སྤྲས་བྱས་ཏེ་འོད་སྟོང་འབར་བའི་གཟི་བྱིན་འཛམ་གླིང་གི་ཡང་རྩེ་ནས་འཕྲོ་བར་འབད་འབུངས་བྱ་དགོས།
འཕྲིན་ཡིག་གཉིས་པ་དགོན་པ།
རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མེད་པའི་ཨ་རིག་དགེ་བཤེས་ཆེན་མོ་དང་ཤིང་བཟའ་པཎྜི་ཏ་ཡབ་སྲས་གཉིས་ཀྱིས་དཀའ་སྤྱད་དུ་མ་མཛད་པའི་བཀའ་དྲིན་ལས་སྙན་པའི་བ་དན་ཕྱོགས་བཅུར་འཕྲོ་བའི་རྭ་རྒྱ་དགོན་ཞེས་སྐྱེ་བོ་རྣམས་ཀྱི་རྣ་རྒྱན་དུ་གྲགས་བཞིན་པ་འདི་ཉིད་བྱུང་། དུས་དེ་ནས་བཟུང་སྔོན་བྱོན་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དམ་པ་གོང་མ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་གཞལ་དཀའ་བ་བརྗོད་ཀྱིས་མི་ལང་པ་མང་དུ་མཛད། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོ་ལས་ “དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ།” གསུངས་པ་ལྟར་དགོན་སྡེ་འདི་ཉིད་ནས་སློབ་གཉེར་མཐར་ཕྱིན་པ་མཛད་ནས་ཐོན་པའི་སྣོད་ལྡན་གྱི་སྐྱེས་བུ་དམ་པ་དེ་ལྟ་བུ་ཆོས་ཀྱི་དོན་མ་ལུས་པ་མཁྱེན་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་མཁས་ཀྱི་སྐྱེས་བུ་གྲངས་མེད་པ་བྱུང་། དེ་དག་ནི་རང་ཅག་གི་བསོད་ནམས་དང་གཟི་བརྗིད་ཀྱང་རེད། ཁོང་རྣམས་ཀྱི་སྐུ་དྲིན་ལས་དུས་ད་ལྟ་ཡང་མདོ་དབུས་ཁམས་གསུམ་གྱིས་མཚོན་པའི་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་བར་རྭ་རྒྱ་དགོན་ཞེས་པའི་སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་ལ་གྲགས་བཞིན་ཡོད། འདི་དག་ནི་རང་ཅག་གི་དམ་པ་གོང་མ་རྣམས་ཀྱི་མཛད་རྗེས་དང་བཀའ་དྲིན་ཉག་གཅིག་ལས་བྱུང་པ་ལགས།
དེ་ནས་འདིར་བརྗོད་འདོད་པ་ནི་ད་ལྟའི་གནས་བབ་ཡིན། ཕྱི་ལོ་༡༩༩༣ ལོར་བདག་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ ༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤིང་བཟའ་སྐུ་ཕྲེང་ཉི་ཤུ་བའི་སྐྱེ་མིང་བར་ངོས་འཛིན་མཛད་དེ། རྭ་རྒྱ་དགོན་དུ་ཁྲི་སྟོན་བྱས་པ་ནས་དུས་ད་ལྟའི་བར་རང་ལ་མཚོན་ན་སུ་ཞིག་གིས་ཅི་ཞིག་བརྗོད་ཀྱང་ཕྲག་ཏུ་བབ་པའི་འོས་འགན་ལྗིད་མོ་འདི་ནམ་ཡང་སེམས་ནས་བརྗེད་མ་མྱོང་།
ཐེག་པར་དཀའ་བའི་རྐང་ལམ་རེ་རེ་ནས་བརྗོད་ཀྱིས་མི་ལང་པའི་དཀའ་སྡུག་རེ་རེ་སེམས་དཀྱིལ་དུ་སྦས་ནས་ན་ཟུག་གི་ལོ་ཟླ་དལ་གྱིས་འགྲིམས་པའི་མི་ཚེའི་གཏམ་རྒྱུད་རིང་མོ་འདི་ནས། དུས་ད་བར་འུ་ཅག་བླ་སློབ་ཚོ་ལེ་དབར་ཁྲི་ཕྲག་གི་བར་དུ་གནས་དགོས་བྱུང་ཡང་། སྐྱེ་བ་སྔོན་མའི་སྨོན་ལམ་གྱི་མཐུས་དད་པ་དང་དམ་ཚིག་གཅིག་ཏུ་འདྲིས་ཡོད་པར་ཁོ་བོས་ནམ་ཡང་ཡིད་ཆེས་བྱེད་ཀྱི་ཡོད་ལ། དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་གཞི་བཅོལ་ནས་བསླབ་པ་སློབ་གཉེར་གྱི་ཕྱོགས་སུ་འབད་ཀྱི་ཡོད་པར་རེ་བའི་མིག་ཟུང་ཅེར་ནས་ཡོད། དུས་ད་བར་འདི་ཕྱོགས་ནས་འཕྲིན་ཡིག་རེ་འབུལ་དགོས་བསམ་ཡང་ལས་བྲེལ་དང་ལེ་ལོ་གཉིས་ཀྱི་གཞན་དབང་དུ་སོང་བ་དང་། སྐབས་རེར་ཤིན་ཏུ་ནས་མི་སྙན་པའི་གཏམ་གྱི་རླུང་བུ་རེ་རྣ་བའི་བུ་གར་འཛུལ་དུས་རྒྱུན་རིང་པོ་ཞིག་ལ་བསམ་གཞིག་བྱེད་དགོས་པ་སོགས་ཀྱི་རྐྱེན་བྱས་ནས་དུས་ད་བར་ལྷག་སོང་བ་རེད།
དེང་གི་སྐབས་འདིར་སྐྱེ་བོ་སྐོར་ཞིག་གིས་ཉན་ཡང་ཆོག་ལ་མ་ཉན་ཡང་ཆོག་རང་ཉིད་ལ་མཚོན་ན་བསམ་པ་བཟང་པོ་དང་ཀུན་སློང་རྣམ་དག་གཉིས་ཀྱིས་མདུན་བསུས་ཏེ་དུས་རིང་མོ་ནས་སེམས་སུ་སྦས་པའི་སྐད་ཆ་འགའ་བརྗོད་འདོད་བྱུང་། ཡི་གེ་འདིའི་ནང་གཅིག་བྱས་ན་ཐལ་ཆ་དང་། ཡང་ན་ཡུལ་དེའི་གནས་བབ་གསལ་བོ་མ་ཤེས་པའི་ཆ་ཡོད་ན་ཅི་འདོད་ཀྱིས་གད་སྙིགས་སུ་ཕྱི་དོར་བྱོས་དང་སྐྱོན་གང་ཡང་མེད། རང་ཉིད་ས་མཐའི་འཕྱ་སྨོད་དང་དཀའ་སྡུག་གི་ནང་འཚར་ལོངས་བྱུང་པ་ཞིག་ཡིན་པས་མཐོན་པོ་དང་ཆེན་པོ་ཡིན་བསམ་པའི་ཀུན་སློང་འདི་དུས་ཡུན་རིང་མོ་ནས་དོར་ཟིན་པ་ཡིན།
སློབ་གཉེར།
དགོན་པ་འདི་ལ་མཚོན་ན་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གི་སྐུ་དུས་ནས་བཟུང་མཚན་ཉིད་གྲྭ་ཚང་ཞེས་ཚོགས་ཆེན་གྲྭ་ཚང་ནས་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་སྲོལ་དར་ཡོད། ལྔ་བཅུ་ལྔ་བརྒྱད་སོགས་དུས་ངན་གྱིས་རྐྱེན་བྱས་ནས་དགོན་པར་སྐྱོན་ཆག་བྱུང་རྗེས། སྐུ་ཕྱོགས་རྒྱལ་བ། སྐུ་ཕྱོགས་རྒྱ་ལི། ཨ་ལགས་ཙན་གུ། ཨ་ལགས་སྨན་ཤུལ། ཨ་ལགས་གཙོ་རི་སོགས་བླ་སྤྲུལ་འགའ་དང་། ཡོང་འཛིན་འོད་ཟེར་བཟང་པོ་གཙོ་བྱས་པའི་དགེ་འདུན་པ་བཞི་བཅུ་ལྷག་ཞིག་གི་བཀའ་དྲིན་ལས་སླར་ཡང་དགོན་པ་འདི་ཉིད་ནས་མཚན་ཉིད་ཀྱི་སློབ་གཉེར་གཙོས་པའི་གྲྭ་ཚང་ལྔ་སྔོན་ལྟར་བཙུགས་ནས་ཆོས་དང་སློབ་གཉེར་ཕྱོགས་སུ་འབད་སྟེ་དུས་ད་བར་ཉིན་རེ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པ་ནི་ནམ་ཡང་གུས་བརྩི་དང་དགའ་སྤྲོས་ཁེངས་ནས་བསྡད་ཡོད།
བར་ལམ་ནས་དགེ་བཤེས་གཏོང་སྲོལ་ཞིག་བཙུགས་པ་དེ་ཡང་འདི་ནས་ ༧གོང་ས་མཆོག་གི་སྙན་ལམ་དུ་ཞུས་ནས་སྐྱབས་འཇུག་གི་སྨོན་འདུན་ཞུས་ཡོད། གྲྭ་བ་རྒན་པ་ཚོས་མགོ་བྱས་ནས་ཆོས་ཀྱི་སློབ་གཉེར་དང་ཀུན་སྤྱོད་སོགས་ལ་ཕྱོགས་གང་ཐད་ནས་འགན་རང་ལེན་གྱིས་དོ་ཁུར་བྱེད་པར་རེ་བ་དང་སྐུལ་མ་བྱེད་ཀྱི་ཡོད།
ནམ་རྒྱུན་དགོན་པའི་ཕྱོགས་སུ་རྣ་བ་ཡང་ཡང་གཏད་ཀྱི་ཡོད། ཁོ་བོའི་རྣ་ལམ་དུ་གྲགས་བཞིན་པ་ནི་ཁུ་བྱུག་གི་སྐད་སྒྲ་ཁོ་ནར་སོང་། དགོན་སྡེ་ཆེན་པོ་འདི་ལྟ་བུ་ཞིག་ལ་མཚོན་ན་བཟང་ཕྱོགས་ཁོ་ན་ལས་གྲགས་འགུལ་ཅི་ཡང་མེད་ན་དེ་ལས་ལྷག་པའི་དགའ་སྤྲོ་སྐྱེ་གནས་ཞིག་ག་ལ་ཡོད། བར་ལམ་སློབ་གཉེར་གྱི་ཕྱོགས་སུ་འབད་བརྩོན་ཤུགས་ཆེར་བྱེད་རྒྱུ་ཡོད་པ་གོ་ཐོས་བྱུང་། བཟང་ཕྱོགས་ཀྱི་འགྱུར་བ་རེད། ཤེས་རིག་གིས་འཛམ་གླིང་སྲིད་རྩེར་སྙེགས་པའི་དུས་སྐབས་འདིར་ང་ཚོས་ཀྱང་དུས་རབས་ཀྱི་འགྲོས་དང་མཐུན་པའི་སློབ་གཉེར་བྱ་དགོས་ལ། དེ་ལྟར་འོང་པར་ཕྱོགས་གང་མང་ཞིག་ལ་འབད་ནས་འགྱུར་བ་ངེས་ཅན་རེ་ཡང་གཏོང་དགོས་པ་ནི་ཆོས་ཉིད་རེད།
ཡིན་ཡང་ཅི་ལྟར་འགྱུར་བ་གཏོང་དགོས་པ་དང་། གང་ཞིག་འགྱུར་བ་གཏོང་དགོས་སམ་ཟེར་བའི་དྲི་བ་ཆེན་པོ་འདི་སྔོན་ལ་བཏང་སྟེ་བསམ་བློ་བརྒྱ་ལ་གྲོས་ཁ་སྟོང་གི་ཁ་རྒྱན་ནས་ཐག་གཅོད་བྱ་རྒྱུ་གལ་འགངས་ཆེ། སྤྱིར་འཛམ་གླིང་ཤེས་རིག་གི་འགྲོ་ལུགས་དང་། སྒོས་རང་ཅག་རྣམས་ལ་ལོ་ངོ་བརྒྱ་ཕྲག་ནས་བརྒྱུད་འོང་པའི་སྲོལ་རྒྱུན་སློབ་གཉེར་བྱེད་ཕྱོགས་གཉིས་གཞི་གཅིག་ཏུ་འབྲེལ་ནས་རང་ཅག་གི་སྲོལ་རྒྱུལ་སློབ་གཉེར་བྱེད་ཕྱོགས་འདི་ལ་དེང་རབས་ཀྱི་འཛམ་གླིང་སྤྱིའི་སློབ་གཉེར་བྱེད་ཕྱོགས་ཀྱི་ལེགས་ཆ་གང་ཞིག་སྤྱད་དུ་རུང་བ་དང་གང་ཞིག་མི་རུང་བ་སོགས་ལ་ཞིབ་ཀྱིས་བརྟག་ནས་ལེགས་པའི་ཆ་ལེན་ཐུབ་ན་ཕན་ཐོག་ངེས་ཅན་ཞིག་ཡོད་པར་འདོད།
གཞན་ཡང་རང་ཅག་རྣམས་ནི་རྗེ་བདག་ཉིད་ཆེན་པོའི་རྗེས་སུ་འཇུག་མཁན་དང་ཁོང་ཡབ་སྲས་གསུམ་གྱི་གསུང་གཙོ་བོར་བཟུང་ནས་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་ཁོང་རྣམས་ཀྱི་གསུང་གཙོ་བོ་འཛིན་དགོས།
ཕར་ཕྱིན་སྐབས་ལ་མཚོན་ན་རྣམ་བཤད་སྙིང་པོ་རྒྱན་གཙོ་བོར་བཟུང་ནས་ཕར་ཕྱིན་སྤྱི་དོན་གྱི་ཁ་སྐོང་མཛད་ན་གཞུང་ཆེན་མོར་གོ་བ་ཆགས་ཐུབ།
དབུ་མའི་སྐབས་སུ་ཡང་དགོངས་པ་རབ་གསལ། དེ་བཞིན་འདུལ་རིན་ཆེན་ཕྲེང་བ། མཛོད་ཊཱིག་ཐར་ལམ་གསལ་བྱེད་སོགས་རྗེ་ཡབ་སྲས་ཀྱི་གསུངས་གཞི་ལ་འཛིན་དགོས། དེ་ལྟར་བྱུང་ན་འབྲོག་རི་བོ་དགའ་ལྡན་པའི་དགོན་སྡེ་གང་ལ་བསྐྱོད་ཀྱང་དཀའ་ངལ་མེད་ལ་རྗེ་ཡབ་སྲས་གསུམ་དང་རང་ཅག་གི་སྔོན་བྱོན་དམ་པ་གོང་མ་ཚོར་ཡང་འདི་ལྟ་བུའི་སྒྲུབ་པའི་མཆོད་པ་ཞིག་མེད་པ་ཁོ་བོས་ཁ་ཚོན་བཅད་ནས་བཤད་ཐུབ།
དེ་ཡང་གཞུང་ལུགས་སྦྱངས་པ་གཅིག་པུ་མ་ཡིན་པར་གཞུང་ཆེན་མོའི་དོན་སེམས་ལ་ངེས་དགོས། དེ་ཡང་ལམ་རིམ་ལས་ ”རིགས་པའི་ཚིག་མང་དུ་སྨྲས་ཀྱང་བག་མེད་པར་འཇུག་ན་དོན་ཆུང་ལ། ཆོས་ཉུང་ངུ་ལས་མི་ཤེས་ཀྱང་། གང་ཤེས་པ་ལ་འདོར་ལེན་གྱིས་སྒྲུབ་ན་དོན་ཆེའོ་” ཞེས་གསུངས་པ་ལྟར་གཞུང་ཆེན་མོ་ལ་འཇུག་དུས་དེ་དག་སོ་སོའི་སེམས་ལ་སྦྱར་ནས་བསལ་བློ་གཏོང་ཐུབ་ན་ད་གཟོད་ངེས་པ་ཞིག་རྙེད་ཡོང་། དེ་ལྟར་ཡིན་པས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མཆོག་གིས་གདུལ་བྱ་དབང་པོ་རྣོ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར། ང་ཚོའི་མི་མང་པོ་ཞིག་ལ་མཚོན་ན་དབུ་མའི་ལྟ་བ་འཛིན་མཁན་ཡིན་བརྗོད་དུས་ཡག་པོར་སྣང་སྟེ་དོན་དངོས་སུ་རང་ཉིད་ཀྱི་སེམས་ལ་གང་ངེས་བདེ་བོ་ཡོད་པའི་ཕྱོགས་སུ་བསམ་བློ་ཙམ་ཡང་གཏོང་གི་མེད་པ་ནི་ཧ་ཅང་གི་སྐྱོ་བོ་རེད།
རང་ཉིད་ལ་མཚོན་ན་ཕྱི་དོན་གྱི་འཇོག་ཚུལ་འཁོར་ལོ་མཐའ་མའི་སྐབས་སུ་གསུངས་བཞིན་པ་བློ་ལ་འཆར་བདེ་བོ་འདུག་པས་དེ་ཕྱོགས་སུ་བསམ་བློ་གཏོང་གི་ཡོད། དེ་མིན་དབུ་མའི་སྐབས་ཀྱི་ཕྱི་དོན་འཇོག་ཚུལ་སོགས་བློ་ཡུལ་ལ་འཆར་དཀའ་བའི་བསམ་བློ་ཅི་ཙམ་བཏང་ཡང་སེམས་སུ་གང་ཡང་ངེས་རྒྱུ་མེད་ན་དུས་ཚོད་འཕྲོ་བརླག་སུ་མཐོང་། དེ་ལྟར་ཁྱེད་ཅག་གིས་ཀྱང་བསམ་བློ་རེ་ཐོངས་དང་། རང་ཉིད་ཀྱི་བློ་ལ་འཆར་བདེ་བོ་གང་ཡོད་པ་དེའི་ཕྱོགས་སུ་དམིགས་རྣམ་འཇོག་ཐུབ་ན་ཕན་ཐོག་རེ་ཡོད་ངེས་སྙམ།
ལྷག་པར་གཞུང་ཆེན་མོ་སྦྱང་མཁན་ཞིག་ཡིན་ན་ནམ་རྒྱུན་རང་ཉིད་ཀྱི་སེམས་ལ་ཡང་ཡང་བརྟག་རྒྱུ་གལ་ཆེ། གཞུང་ཆེན་མོ་སྦྱང་མཁན་གང་མང་ཞིག་ལ་རང་ཉིད་ཀྱི་ཤེས་ཡོན་ལས་ལྷག་པའི་ང་རྒྱལ་ཆེན་པོ་སྐྱེས་མཁན་མང་པོ་ཡོད། དེ་ལྟར་མི་འབྱུང་བར་རང་སེམས་ལ་རང་གིས་བདག་བྱོས། དགེ་བཤེས་སྟོན་པའི་ཞལ་ནས། “ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྱུང་།” གསུང་པ་ལྟར་ང་རྒྱལ་བྱེད་མི་རུང་། གང་ཤེས་པ་སེམས་ལ་སྦྱོར་དགོས་དེ་ལྟར་བྱུང་ན་ནང་ཆོས་སྦྱངས་པར་དོན་གོ་ཆོད་པ་རེད། དེ་མིན་མཚན་སྙན་དང་གྲགས་པ་འབའ་ཞིག་གི་ཆེད་དུ་ནང་ཆོས་སྦྱངས་པ་ནི་དགོས་པ་མཐོང་མ་སོང་།
གཞན་ཡང་རྒྱུད་པ་གྲྭ་ཚང་ལ་མཚོན་ན་མདོ་སྔག་གཉིས་ཀྱི་གཙོ་བོ་སྔགས་བྱས་ཏེ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་པ་འདུས་པའི་བསྐྱེད་རྫོགས་གཉིས་ལ་སློབ་གཉེར་དང་སྔོན་གྱི་མཐུན་མིན་ཕྱག་ལེན་རྒྱུན་སྐྱོང་། ལྷག་པར་དུ་སྔོན་ནས་སྔག་རིམ་ཆེན་མོར་ལྟ་སྲོལ་ཡོད་པ་མི་ཉམས་རྒྱུན་སྐྱོང་བྱེད་རྒྱུ་གལ་ཆེ།
སྨན་པ་གྲྭ་ཚང་ལ་མཚོན་ན་སྔོན་ཡང་སྨན་སྦྱངས་པའི་ལུགས་སྲོལ་ཡོད་ལ་གྲྭ་ཚང་དེ་ནས་ཐོན་པའི་སྨན་པ་ཡང་གང་ཙམ་རེ་ཡོད་པར་ཐོས་མྱོང་། དེ་ལྟ་ན་དེང་སྐབས་ཀྱང་གྲྭ་ཚང་དེ་ཉིད་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཕྱོགས་སུ་འབད་ནས་སྨན་སྦྱོར་བྱེད་པ་དང་སྨན་གྱི་ཁྱད་ལས་པ་གསོ་སྐྱོང་བྱེད་པར་འབད་ཐུབ་ན་གངས་ཅན་རིག་གནས་ཀྱི་སྙིང་བཅུད་བཅུ་ཕྲག་རིག་པའི་གཞུང་ལུགས་མི་ཉམས་རྒྱུན་སྐྱོང་ལ་ཤིན་ཏུ་ནས་ལེགས་རྗེས་བཞག་པ་རེད།
དུས་འཁོར་གྲྭ་ཚང་འདི་ཉིད་ལ་མཚོན་ན་ ༧ གོང་ས་མཆོག་གི་སྐུ་སྒེར་གྱི་གྲྭ་ཚང་སྟེ་རྣམ་རྒྱལ་གྲྭ་ཚང་ལ་དཔེ་བལྟས་ནས་བཙུགས་པ་ཞིག་ཏུ་མཐོང་། གང་ལྟར་གཙོ་བོ་དུས་འཁོར་ཉམས་ལེན་བྱེད་མཁན་གྱི་གྲྭ་ཚང་ཞིག་ཡིན་པས་དུས་འཁོར་གྱི་རྩིས་གཞུང་འདི་རྒྱུན་སྐྱོང་གནང་དགོས། ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་མཛད་པའི་དཀར་རྩིས་ <<རིགས་ལྡན་སྙིང་ཐིག>> ཀྱི་ཁྲིད་རྒྱུན་མ་ཉམས་པར་ཡོད་པ་དེ་ཉིད་གྲྭ་གཞོན་བློ་གསལ་བ་སྐོར་ཞིག་བཏང་ནས་ཁྲིད་རྒྱུན་ལེན་པའམ། ཡང་ན་དགེ་རྒན་ཞིག་གདན་འདྲེན་བྱེད་པ་གང་རུང་བྱས་ནས་མ་ཉམས་རྒྱུན་སྐྱོང་ངེས་པར་བྱེད་དགོས།
གཞན་ཡང་གལ་ཆེན་ཞིག་ལ་བར་ལམ་ནས་དགོན་པའི་སྐྱིད་སྡུག་ནས་གནས་དབྱུང་བཏང་ཟིན་ཀྱང་ད་དུང་དགོན་པར་བརྟེན། དགོན་པའི་ཆོས་ཁྲིམས་མི་བརྩི་བར་ཧམ་བཤད་བྱེད་མཁན་འགའ་རེ་ཡོད་པ་གོ་ཐོས་བྱུང་། དོན་དངོས་དེ་ལྟར་ཡིན་ན་ཤིན་ཏུ་ནས་སྐྱོ་བོ་མཐོང་སོང་པས་དགོན་པའི་ལས་སྣེ་མོ་གཅིག་པུ་ལ་ཁག་འགེལ་རྒྱུ་མ་ཡིན་པར་དགོན་པའི་བླ་གྲྭ་ཡོངས་དང་ལྷ་སྡེ་མི་མང་ཚང་མས་འགན་ཁུར་དགོས།
དགོན་པ་འདི་ང་ཚོ་ཐུན་མོང་གི་ཆོས་སྡེ་ཞིག་ཡིན་པས་ཤིང་བཟའ་ཚང་གི་སློབ་རྒྱུན་དུ་གཏོགས་པ་ཚང་མས་འདི་ལ་དོ་ཁུར་བྱ་རྒྱུ་རང་བཞིན་གྱིས་བབ་པའི་འོས་འགན་ཞིག་ཡིན། དེ་བཞིན་དགོན་སྡེ་འདིའི་སློབ་གཉེར་གྱི་གཙོས་པའི་ཁྲིམས་དང་དཔལ་འབྱོར་སོགས་རྣམ་དཀར་ཀྱི་བྱ་བ་བཟང་པོའི་ཕྱོགས་གང་ཐད་ལ་ལོ་ངོ་སུམ་བརྒྱ་ལྷག་གི་དད་པ་དང་དམ་ཚིག་གཙང་མའི་གཅིག་ཏུ་འབྲེལ་བའི་རྭ་རྒྱ་དགོན་པའི་བུ་དགོན་རྣམས་དང་ལྷ་སྡེ་མི་སྡེ་རྣམས་ནས་བསམ་པ་ཡར་ཕྱོགས་སུ་སྐུལ་ནས་ཕྱོགས་སོ་སོའི་བླ་མ་ལས་སྣེ་དང་སྡེ་དཔོན་མི་དཔོན་རྣམས་ཀྱིས་འགན་རང་ལེན་གྱིས་འབད་བརྩོན་བྱ་རྒྱུར་སྐུལ་མ་བྱེད་རྒྱུ་ལགས།
འཕྲིན་ཡིག་གསུམ་པ་གྲྭ་བ་ཚོར།
ནང་ཆོས་ལ་སློབ་གཉེར་བྱེད་པའི་གྲྭ་བ་ཚོར་མཚོན་ན་རང་ཉིད་ཀྱི་ཡིག་ཆ་གཅིག་པུ་སྦྱངས་ཏེ་འདོད་པ་ཚིམས་ནས་སྡོད་རྒྱུ་མ་ཡིན་པར་རྗེ་ཡབ་སྲས་གསུམ་གྱི་གསུང་ལ་ལེགས་པར་བལྟས་ནས་དཔྱད། དེ་ནས་གཞུང་ཚན་རེ་རེ་མདོ་རྒྱུད་དང་བསྡུར། དེ་ཡང་སྔོན་གྱི་མཁས་པ་ཞིག་གིས་འདི་ལྟར་གསུངས་འདུག་ཟེར་བའི་ལུང་གི་རྗེས་སུ་འཇུག་པ་ཙམ་མ་ཡིན་པར་རང་ཉིད་ཀྱི་བཀའ་བསྟན་དག་ལ་ལེགས་པར་འཇུག་ནས་གཞུང་ཆེན་མོའི་སྤྱི་ཁོག་ངེས་དགོས།
དེ་མིན་ཆོས་རྒྱུད་འདྲ་མིན་གྱི་མཁས་པའི་ལྟ་བུའི་བཞེད་ཚུལ་དག་ཞིབ་གྱིས་བརྟགས་ནས་ལྟ་དགོས། ཟེར་སྒྲོགས་ཀྱི་རྗེས་སུ་འབྲང་སྟེ་གྲུབ་མཐའི་ཕྱོགས་ཞེན་འབའ་ཞིག་འཛིན་རྒྱུ་ནི་གླེན་རྟགས་སུ་མཐོང་། གྲུབ་མཐའ་གང་ཞིག་ཡིན་ཡང་རང་ཉིད་ལ་མཐུན་མིན་གྱི་རང་སྟོབས་ཀྱི་ཁྱད་ཆོས་རེ་ཡོད། དེས་ན་གཞུང་ཆེན་པོ་དག་གི་དགོང་དོན་མ་ལོན་ན་འགལ་བ་ལྟར་སྣང་ཡང་། དེ་དག་གི་ལྟ་བུའི་འབབ་སོ་དག་ལ་ཞིབ་ཀྱིས་དཔྱད་ན་འཁོར་ལོ་ཐོག་མཐའ་བར་གསུམ་དུ་མ་འདུས་པ་མེད་པས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པར་འགལ་བ་གང་ཡང་མེད།
ཚིག་གི་འགྲོས་དང་མཁས་པ་འགའི་བཞེད་ཚུལ་མ་མཐུན་པ་ཙམ་གྱིས་དེ་ལ་དམའ་འབེབ་དང་ཚིག་ངན་སོགས་བེད་སྤྱོད་གཏོང་རྒྱུ་སོགས་ཚུལ་དང་མ་མཐུན་པའི་སྤྱོད་པ་སྟོན་མི་རུང་། རང་ཅག་ལ་བཀའ་དྲིན་ཆེ་བའི་བླ་མ་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གིས་ལམ་རིམ་ཟིན་བྲིས་ལས ༼ ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལ་གཏན་ནས་སྨོད་མི་རུང་། སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ། སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་ན་ཅི་ཡིན་མི་ཤེས། ༽ ཅེས་གསུངས་པ་ལྟར། ནང་བསྟན་ཆོས་ལུགས་ཀྱི་ཆོས་བརྒྱུད་རེ་རེ་བཤད་ཅི་དགོས། མཐའ་ན་རང་ཅག་གི་ཕྱི་རོལ་པ་ཞེས་འབོད་བཞིན་པའི་ཆོས་ལུགས་གཞན་ལ་ཡང་གུས་བརྩི་དང་མཐུན་ལམ་བྱ་རྒྱུ་གལ་ཆེ།
རབ་བྱུང་ན་ཆོས་ལུགས་དེ་དག་ལས་བཤད་པའི་ལྟ་སྤྱོད་ལ་སྤྱི་ཁོག་ཙམ་ཞིག་འཇུག་ཐུབ་ན་བཟང་། དེ་ལྟར་བྱུང་ཚེ་ད་གཟོད་ང་ཚོས་རང་ཉིད་ཀྱི་ཆོས་ལུགས་འདི་ཡང་དག་དང་གཞན་ལས་ཁྱད་འཕགས་ཡིན་པའི་དངོས་ཡོད་དེ་རྟོགས་ཐུབ། དེ་མིན་རང་ཉིད་ཀྱི་རང་བསྟོད་ཁོ་ན་མཐོང་བསྡད་ན་དོན་དངོས་དེ་ནམ་ཡང་ལྐོག་གྱུར་ཅིག་ཡིན།
ཁོ་བོར་མཚོན་ན་ཡང་ནམ་རྒྱུན་གོ་སྐབས་གང་བྱུང་ན་ཆོས་ལུགས་གཞན་དག་སྐོར་གྱི་ཤེས་བྱ་ཆེ་ཆུང་གང་ལ་ཡང་སྣང་ཆུང་མ་བྱས་པར་དོ་སྣང་བྱེད་ཁུལ་ཡོད། འདི་ལྟ་བུའི་བརྒྱུད་རིམ་ནང་དུ་ཞུགས་ན་ད་གཟོད་རང་ཅག་གི་སྟོན་པ་བཅོམ་ལྡན་འདས་ལ་མི་བྱེད་པའི་དད་པ་ཤུགས་ཆེར་འགྲོ་གི་འདུག ང་ཚོར་སྲོལ་ངན་ཞིག་ཡོད་པ་ནི་ཕྱི་རོལ་པའི་བསྟན་བཅོས་ལ་ལྟ་མི་རུང་པར་བརྗོད་པ་ནི་རང་ཉིད་རང་ཉིད་ལ་ཡིད་ཆེས་མེད་པ་དང་། ཆེ་ས་ནས་བརྗོད་ན་སྟོན་པ་བཀའ་དྲིན་ཅན་ཁོང་དང་། ཁོང་གིས་ཚང་ལ་མ་ནོར་བར་སྟོན་པའི་གཞུང་ལུགས་ལ་ཡིད་ཆེས་མེད་སོང་བ་རེད།
སྟོན་པའི་གཞུང་ལུགས་ལས་ལྷག་པའི་ཡིད་དབང་འགུག་ཐུབ་པའི་བསྟན་བཅོས་ཤིག་ཡོད་ན་ཁོ་བོ་དེ་ལ་འཇུག་ངེས་ཡིན། འོན་ཀྱང་ད་བར་དེ་འདྲ་ཞིག་མཐོང་མ་སོང་པས་རང་ཅག་གི་སྟོན་པ་བཀའ་དྲིན་ཅན་ཁོང་ལ་མི་བྱེད་པའི་དད་པ་སྐྱེས་ནས་ཡོད། དེས་ན་ང་ཚོས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མཆོག་དང་། མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱི་གསུང་ཚད་མར་སྐྱབས་སུ་འཆི་ཟེར་བ་གཅིག་པུ་མ་ཡིན་པར་དེ་དག་ལ་ཤེས་ནས་ཡིད་ཆེས་དང་དད་པ་རྙེད་དགོས།
འཕྲིན་ཡིག་བཞི་པ་སློབ་མ་རྣམས་ལ།
སློབ་མ་ཞིག་ལ་མཚོན་ན་ཤེས་བྱ་སྦྱངས་ནས་མཁས་པའི་སར་བསྙེག་རྒྱུ་དམིགས་ཡུལ་གཙོ་བོར་འཛིན་དགོས། དེང་སྐབས་རྒྱལ་ཁབ་གཞན་དག་ན་མཁས་པ་ཞེས་པ་ལ་རིགས་མང་པོ་ཡོད་ལ་མཁས་པའི་ཚད་འཇལ་བྱེད་ཀྱང་མང་པོ་ཞིག་ཡོད་པར་འདོད།
རང་ཅག་བོད་པར་མཚོན་ན་ས་སྐྱ་པཎྜི་ཏ་དང་འཇུ་མི་ཕམ་གཉིས་ཀྱིས་བརྩམས་པའི་ <<མཁས་འཇུག་>> ཡོད་ལ། དེ་གཉིས་ཀྱི་གཅིག་གིས་རྒྱུ་དང་གཅིག་གིས་འབྲས་བུ་གཙོ་བོ་བྱས་ནས་བརྗོད་ཡོད། འོན་ཀྱང་མཁས་པ་ཞིག་ཡིན་ཚེ་དེ་ནི་འཆད་རྩོད་རྩོམ་གསུམ་ལ་མཁས་དགོས་ཟེར་བ་ནི་གཉིས་ཀའི་ཕྱོགས་མཚུངས་ཀྱི་ལྟ་ཚུལ་ཡིན་པ་སྐབས་དེ་དུས་ཀྱི་གནས་བབ་ནས་བརྗོད་པར་སྙམ།
དེང་སྐབས་མཁས་པ་ཟེར་བ་ལ་ཕྱོགས་མང་པོ་ཞིག་ནས་ལྟ་དགོས། ཕྱོགས་རེ་འགའ་བའི་མཁས་པའམ་ཆེད་མཁས་པ་གང་མང་ཡོད། ལྷག་པར་ཡར་ཐོན་དུ་གྲགས་པའི་རྒྱལ་ཁབ་མང་པོར་མཚོན་ན་ཆེད་མཁས་པ་ཧ་ཅང་གི་མང་། འདི་ལྟ་བུའི་མཁས་པ་གང་མང་ཞིག་གིས་རང་ཉིད་ཀྱི་ཆེད་ལས་ཉམས་མྱོང་ལ་གཞི་བཅོལ་ནས་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ཁེ་ཕན་ལ་ཧ་ཅང་གི་ཚད་མཐོ་བའི་ཕན་ནུས་བསྐྲུན་བཞིན་ཡོད། དེས་ན་འདིར་བརྗོད་འདོད་པ་ནི་ང་ཚོས་ཀྱང་མཁས་འཇུག་ལས་གསུངས་པའི་འཆད་རྩོད་རྩོམ་གསུམ་ཁོ་ནའི་མཁས་པ་ཞིག་བྱེད་དགོས་པ་ལྟ་བུ་མ་ཡིན་པར་རང་ཉིད་ཀྱི་ཉམས་ཞིབ་ལ་ཁ་ཕྱོགས་ངེས་ཅན་ཞིག་བཟུང་ནས་རིགས་མི་འདྲ་བའི་ཆེད་ལས་ཕྱོགས་སུ་འབད་བརྩོན་བྱ་རྒྱུ་ནི་གལ་འགངས་ཆེ་བར་འདོད།
དེ་ལྟར་གོམ་པ་སྤོས་ནས་གསར་གཏོད་ཀྱི་ཁ་ཕྱོགས་བསྐྲུན་ན་ད་གཟོད་འུ་ཚོར་འོད་སྟོང་འབར་བའི་སང་ཉིན་ཡོད་ངེས་ཡིན། དེང་རབས་ཀྱི་སློབ་མ་ཚོས་དེའི་ཕྱོགས་སུ་བསམ་གཞིག་བྱེད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། དེ་མིན་ཡོད་ཚད་རྩོམ་རིག་གི་ཕྱོགས་སུ་འཁོར་ནས་ཁྱེད་དང་ཁོའི་སྣ་སོགས་བརྩད་བསྡད་ན་བོད་སྤྱི་ཚོགས་ཀྱི་ཁ་ཕྱོགས་དེང་རབས་ཅན་ལ་འགྱུར་པར་ཕན་ཆེན་པོ་ཐོག་དཀའ་སྙམ། རྩོམ་རིག་ལ་འཇུག་བཞིན་པའི་གཞོན་སྐྱེས་དག་གིས་ཅི་ཞིག་བཤད་རྗེས་དེ་ལ་འགན་ཁུར་དང་། མ་བཤད་པའི་སྔོན་དུ་དེ་ལ་ལེགས་པར་བརྟག་རྒྱུ་གལ་ཆེ། དེ་མིན་གྲོང་པས་ཆོས་བཤད་རྒྱག་པ་དང་གྲྭ་བས་སྤྱི་ཚོགས་བཤད་པ་ནི་རྒྱ་མཚོའི་ཁ་ནས་བསྡད་དེ་རྒྱ་ཚོའི་གཏིང་ཚོད་དཔག་པར་བྱས་པ་ལྟར་ཡིན་པས་དགོས་པ་ཡོད་པ་ནམ་ཡང་མཐོང་མ་སོང་།
ཤེས་ཡོན་ལ་ཁྱེད་དང་བདག་གི་ཟེར་བའི་གཏན་ཚིག་མེད། དེའི་ཕྱིར་ཁྱེད་ཀྱིས་བོད་ཡིག་དང་དབྱིན་ཡིག་དགྱ་ཡིག དེ་མིན་གྱི་མི་རིགས་གང་འདྲ་ཤིག་གི་སྐད་ཡིག་སྦྱང་ཆོག་ལ། སྤྱི་ཚོགས་ཀྱི་རིགས་མི་འདྲ་བའི་ཤེས་བྱ་ཅི་ཞིག་སྦྱང་ཡང་འཐུས། གཙོ་བོ་དམིགས་ཡུལ་ངེས་ཅན། ཁ་ཕྱོགས་ངེས་ཅན། རེ་སྙེགས་ངེས་ཅན་ཞིག་དགོས། དེ་ལྟར་བརྗོད་ཚེ་ཚང་མ་མཁས་པ་དང་སློབ་སྦྱོང་ཡག་པོ་ཅན་ཆགས་དགོས་རེད་བརྗོད་ཀྱི་མེད། རང་ཉིད་ལ་འདོད་ཕྱོགས་ཀྱི་རེ་སྙེག་དང་དམིགས་ཡུལ་ཞིག་ངེས་པར་དགོས་པ་རེད་། དེ་ལྟ་བུའི་དམིགས་ཡུལ་འགྲུབ་པར་འབད་བརྩོན་བྱེད་དགོས་ལ། མི་ཚེའི་ཡོད་ཚད་དེའི་ཕྱོགས་སུ་གཏོང་དགོས།
སྐབས་དེར་ཁྱེད་ལ་བར་ཆད་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་རང་ཉིད་ཀྱི་བྱ་གཞག་དེ་རླབས་ཆེན་དང་གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པར་ངེས་ཤེས་སྐྱེ་དགོས། དེ་ལྟར་བསྐྱོད་ནས་རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་རིན་ཐང་རྙེད་དགོས། དེ་འདྲ་བྱུང་ཚེ་ཁྱེད་ཀྱི་འཚོ་བར་རིན་ཐང་ཡོད། ཡང་ཁག་ཅིག་གིས་རང་ཉིད་ལ་ཡོན་ཏན་ཅུང་ཙམ་ཞིག་ཡོད་པ་དེ་མི་ཚེའི་ང་རྒྱལ་དུ་རློམ་ནས། སྐྱེ་བོ་གཞན་དག་གིས་ཇི་ལྟ་བུའི་བདེན་གཏམ་ཞིག་བརྗོད་ཀྱང་ཁས་ལེན་མི་བྱེད་པ་མ་ཟད་ད་དུང་འཕྱ་སྨོད་དང་དམའ་འབེབ་བྱེད་པའི་རིགས་འདི་འདྲ་དེང་སྐབས་བོད་པའི་ནང་མང་ཙམ་ཡོད་པས་དེ་ལ་གཟབ་པར་འཚལ།
འཇིག་རྟེན་གྱི་དངོས་པོ་གང་འདྲ་ཞིག་ལ་མཚོན་ན་དེ་ལ་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཆ་གཉིས་ཡོད་པ་ཆོས་ཉིད་ཀྱི་གནད་ཡིན་པར་ངོས་ཟིན་པའི་ཐོག་ནས་བཟང་པོའི་ཆ་དེ་ཉིད་མཐུན་ཕྱོགས་སུ་བསྒྱུར་པར་བརྩོན་ལེན་བྱོས་དང་དེ་ནི་ཡོན་ཏན་གྱི་མཆོག་ཡིན། ཡོན་ཏན་ཟེར་བ་སྐབས་རེར་བྱིས་པ་དག་ལས་ཀྱང་སྦྱང་རྒྱུ་ཡོད་པས་ལེན་ཤེས་ན་ཕ་རོལ་པོར་ཡོན་ཏན་ཡོད་མེད་ལ་རག་ལས་མེད། དེའི་ཕྱིར་ཁྱེད་ཀྱིས་རང་ཉིད་དམན་སར་བཟུང་དང་དེས་ཁྱེད་ལ་ཡོན་ཏན་ཕྱོགས་ནས་ཡོང་འབབ་མི་དམན་པ་རེ་འབྱུང་རྒྱུ་ལས་གྱོང་གུད་ནམ་ཡང་ཡོད་མི་སྲིད་པས། ང་རྒྱལ་བྱེད་མི་རུང་། ང་རྒྱལ་ཅན་ལ་ཅི་ཡང་མི་ཐོབ་ལ་དེ་ལས་ལྡོག་ནས་ད་དུང་ཚབས་ཆེ་བའི་ནོར་འཁྲུལ་འབྱུང་པར་སྣ་འདྲེན་བྱེད་ངེས་ཡིན།
མི་སུ་འདྲ་ཞིག་ལ་ཐུག་ཡང་དེའི་ཐོག་ན་ཁྱེད་ཀྱིས་ཤེས་དགོས་པ་གང་མང་ཞིག་ཡོད་པ་སེམས་སུ་དམ་པོར་ཉོར་དང་། དེས་ཁྱེད་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཡིན་པའི་དོན་གོ་ཆོད་ངེས་ཡིན་ལ། དེ་ལྟར་བྱུང་ཚེ་ཁྱེད་ཀྱིས་མི་རིགས་འདི་ཉིད་ཀྱི་དུས་རབས་གསར་བའི་ལམ་ཆེན་ལ་འོད་ཀྱི་མར་མེ་སྒྲོན་ཐུབ། དེ་མིན་མི་ཚེ་སློབ་སྦྱོང་ལ་བསྐྱེལ་ཁུལ་བྱས། ཕ་མ་དཀའ་སྡུག་ལ་སྦྱར། མཐར་སློབ་སྦྱོང་མཐའ་མ་འཁྱོངས་པར་རྐུ་འཕྲོག་བཅོམ་གསུམ་སོགས་ཀྱི་ལས་ལ་འཇུག་པ་དང་། ཡང་ན་ཆང་དང་ཐ་མག་བག་མེད་དུ་སྤྱད་ནས་གྲོང་དང་གྲོང་ཁྱེར་ནས་ཁྱི་སྡོམ་ལྟ་བུའི་མི་ཚེ་བསྐྱལ་ན་དྲིན་ཆེན་ཕ་མ་དང་རང་ལ་ཤ་ཚ་བའི་མི་རྣམས་ཀྱི་སྙིང་ལ་གྲི་ཤན་བྱས་པ་ལྟ་བུ་ལས་མ་འདས་པས་སློབ་གྲྭ་འགྲིམས་དུས་ཅིས་ཀྱང་གཟབ་གཟབ་བྱེད་དགོས།
ལྷག་པར་གྲོགས་ངན་པ་ལ་གཟབ་གཟབ་བྱེད་དགོས། རྗེ་གུང་ཐང་པའི་ཞལ་ནས། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་ལ། །གཅེས་ཤིང་མཛའ་བའི་ཚུལ་གྱིས་སླུ་བར་བྱེད།། གསུངས་པ་ལྟར་རྣམ་གཡེང་དང་ལེ་ལོ་ཅན་གྱི་གྲོགས་དག་གིས་སྤྲོ་སྣང་བརྗོད་ནས་སླུ། སྐྱིད་པོ་གཏོང་ཟེར་ནས་སླུ། སྐབས་དེར་རང་ཚོད་འཛིན་ཐུབ་ན་རབ་ཡིན།
འཕྲིན་ཡིག་ལྔ་པ་དད་ལྡན་མི་དམངས་རྣམས་ལ།
སྔོན་བསགས་སྨོན་ལམ་བཟང་པོའི་མཐུས་རང་ཅག་རྣམས་བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་འཇུག་པར་སྐྱེས་པའི་སྐབས་བཟང་འདི་ནམ་ཡང་ཆུད་ཟོས་སུ་མི་བཏང་བར། འགྲོ་བ་མི་ཞིག་ཡིན་པའི་དབང་གིས་ནམ་ཡང་ཚོར་ཤེས་ཀྱི་རྣམ་རིག་སྤྱད་ནས་གཞན་ལ་ཕན་མ་ཐོག་ཀྱང་ངན་མི་བྱ་རྒྱུ་གལ་ཆེ། དེ་མིན་དགོས་མེད་ཀྱི་ལུང་ཚན་ཆུང་ཆུང་རེའི་ཞེན་ཁོག་དང་། ཁྱོད་དང་ང་ཞེས་པའི་ཐ་སྙད་བཙན་པོ་བ་ཞིག་གི་རྗེས་སུ་འབྲང་ནས་ཕུ་ནུ་ནང་དམེ་བྱེད་པ། འགྲོ་བ་མིའི་ཤེས་རིག་བཀྲ་བའི་ཀུན་སྤྱོད་ལས་འདའ་བའི་བྱ་བར་ནམ་ཡང་གཟབ་དགོས། ལྷག་པར་དུ་རྒྱན་འཇོག རྐུ་འཕྲོག བཙན་གཡེམ། དབྱེན་དཀྲུག ཆང་དང་ཐ་མག་སོགས་སྨྱོ་རྫས་ཀྱི་རིགས་ལ་བག་མེད་སྤྱོད་རྒྱུ་སོགས་མི་ཆོས་ཀུན་སྤྱོད་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་གང་ལ་ཡང་མི་མཐུན་པའི་ལས་ལ་འཛེམ་དགོས།
སྤྱིར་ན་རང་ཅག་རྣམས་སྔོན་ནས་ཉོན་མོངས་པའི་གཞན་དབང་ལ་སོང་ནས་ལུས་མི་དགེ་བའི་ཕྱོགས་སུ་ངམ་ངམ་ཤུགས་ཤུགས་ཀྱིས་འཇུག་ཅིང་། དགེ་བའི་ཕྱོགས་ཆ་ཕྲ་མོ་ཙམ་ལ་འཇུག་པར་རྐྱེན་མང་པོ་བྱུང་ངེས་ན་ནམ་རྒྱུན་ནས་དགེ་བའི་ཕྱོགས་སུ་འབད་རྩོན་བྱེད་རྒྱུ་གལ་ཆེན་ཡིན། རྣམ་རྟོག་ཉོན་མོངས་བའི་གཞན་དབང་ལ་སོང་ནས་རང་ཉིད་ཀྱི་ཉེ་འདབས་ན་ཡོད་པའི་མི་དག་གིས་རྒྱུན་དུ་ཁྱེད་རང་ལ་བརྙས་བཅོས་དང་དམའ་འབེབ་བྱེད་པ། བརྩེ་བ་མེད་པ། རང་ཉིད་ཁེར་རྐྱང་ཡིན་པ་ལྟ་བུའི་ཚོར་སྣང་མང་པོ་ཞིག་རང་ཉིད་ཀྱིས་བསྐྲུན་བཞིན་ཡོད་ན། ནམ་ཡང་སེམས་ཀྱི་འཆར་སོ་གཅིག་པུར་ཡིད་ཆེས་བྱེད་མི་ཉན། ཕྱོགས་ཡོངས་ཀྱི་འཇིག་རྟེན་སྣང་ཚུལ་ལ་བལྟས་ནས་རང་ཉིད་ཀྱི་འཆར་སྣང་དེ་བདེན་པ་ཡིན་མིན་ལ་བརྡར་ཤ་གཅོད་ཐུབ་པ་བྱེད་དགོས།
དེ་མིན་ཉོན་མོངས་དབང་བཙན་པས་དེའི་གཞན་དབང་ཁོ་ནར་སོང་ན་ཁྱེད་ཀྱི་མི་ཚེ་ལ་སྤྲོ་སྣང་དང་རིན་ཐང་ནམ་ཡང་ཡོད་མི་སྲིད། ད་དུང་རྒྱུ་དང་དཔལ་འབྱོར། མཚན་སྙན་གྲགས་ཁོ་ནར་མགོ་འཁོར་ནས་ཕྱི་མའི་དོན་གང་ཡང་བསྒྲུབ་མ་ཐུབ་ན་རྗེ་ཤིང་བཟའ་པཎྜི་ཏ་མཆོག་གིས། “བདག་ལ་དད་ལྡན་ཁྱིམ་པ་ཕོ་མོ་རྣམས། །བསྙེན་ནས་བསྲུང་ཞིང་རྒྱུན་དུ་མ་ཎི་སྒྲོངས། །ནམ་ཞིག་འཆི་ཚེ་རྟ་ནོར་ཁྲི་ཕྲག་ལས། །མ་ཎི་པད་རྡོག་གཅིག་མཁོ་སྙིང་གཏམ་ཡིན། །” ཞེས་གསུངས་པ་ལྟར་ང་ཚོ་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི་ཁས་ལེན་མཁན་ཞིག་ལ་མཚོན་ན་ཤི་བའི་རྗེས་སུ་གཤིན་ཆོས་ཁོ་ནར་རེ་དགོས་དུས་ཕྱི་སོང་པ་རེད།
དེ་ལས་གསོན་པའི་སྐབས་སུ་བསམ་པ་བཟངས་པོ་ཡར་སེམས་ཞིག་གིས་ནམ་ཡང་མི་ལ་རོགས་བྱེད་པ། རྒྱུན་དུ་བཟང་ཕྱོགས་སུ་འབད། ཆོས་དགེ་བའི་ཕྱོགས་སུ་བློ་འཁོར་བར་ཧུར་བརྩོན་བྱས་ནས་འདི་དང་ཕྱི་མ་གཉིས་ལ་ངོ་མི་གནོང་པ་ཞིག་བྱེད་དགོས། ཁྱིམ་ཚང་ཕན་ཚུན། སྡེ་བ་སོ་སོ། ཆོས་བརྒྱུད་འདྲ་མིན་སོགས་མདོར་ན་ཕྱོགས་གང་ཐད་ནས་ཕན་ཚུལ་བར་མཐུན་ལམ་བྱེད་དགོས། དེ་ཡང་ཁ་ཙམ་གྱི་མཐུན་ལམ་མ་ཡིན་པར་དོན་དང་མཐུན་པའི་མཐུན་ལམ་དགོས།
ཆོལ་ཁའི་ཕྱོགས་ཞེན་དང་། ཆོས་བརྒྱུད་ཀྱི་ཕྱོགས་ཞེན་སོགས་རྩེད་མོ་ཚུན་ཆད་དུ་འཆད་པར་བྱ་མི་རུང་། མི་དང་མིའི་བར། ཚོགས་པ་དང་ཚོགས་སྡེ་སོ་སོའི་བར་མཐུན་ལམ་དང་ཡིད་ཆེས་མེད་ན་བྱ་བ་ཆུང་ཆུང་ཞིག་ཡིན་ཡང་བསྒྲུབ་མི་ཐུབ། མཐུན་ལམ་དང་གཅིག་སྒྲིལ་གྱི་སྟོབས་ཤུགས་ཡོད་ན་རི་བོ་ཐལ་བར་བསྒྱུར་ཐུབ་ལ། ཆུ་ཆེན་གྱེན་ལ་བསྐོར་ངེས་ཡིན། དེ་བས་མཐུན་ལམ་ཡོད་ན་རྟེན་འབྲེལ་གྱི་གནད་མང་པོ་ཞིག་རང་བཞིན་གྱིས་གྲུབ་འོང་པས། བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་བསྒྲུབ་མི་ཐུབ་པ་མེད་ན་མཐུན་ལམ་གྱི་དཔུང་པ་གཅིག་ཏུ་འབྲེལ་རྒྱུ་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་མི་རིགས་འདི་སེམས་ནས་ནམ་ཡང་བརྗེད་མི་ཉན།
བར་ལམ་བྱིས་པས་ཐ་མག་འཐེན་པ་དང་སྐྱེས་པ་ཚོས་བུད་མེད་ལ་གཅར་རྡུང་བྱེད་པ་སོགས་བོད་ཀྱི་ཡ་རབས་སྤྱོད་བཟང་དང་འགལ་བའི་བརྙན་དང་པར་མང་པོ་ཞིག་འདི་ཕྱོགས་སུ་ཁྱབ་བཞིན་འདུག ཧ་ཅང་གི་བློ་ཕམ་དང་དངངས་སྐྲག་བྱུང་། རང་ཅག་གི་ནང་དུ་ཡང་དེ་འདྲ་མེད་མི་སྲིད་པའི་ཅིས་ཀྱང་གཟབ་པར་འཚལ།
དེས་ན་བྱིས་པ་ཚོས་ཐ་མག་འཐེན་པ་དང་རྐུ་བྱེད་པ། ཆང་བཏུང་བ་དང་རྒྱན་འཇོག་པ་སོགས་མ་རབས་སྤྱོད་ངན་གྱི་བྱ་བར་མི་འཇུག་པར་རྒན་དར་གཞོན་གསུམ་གྱིས་འགན་ཁུར་དགོས། བྱིས་པའི་མིག་ལམ་ནས་ཕ་མ་ནི་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། མིག་དཔེར་ལྟ་ས་ཁོ་ན་ཡང་ཡིན། བྱིས་པ་ཚོས་ཕ་མས་ཅི་བྱས་ལ་ལད་མོ་བྱས་ཏེ་རང་ཉིད་ཀྱི་མི་ཚེའི་འཚོ་བའི་ཁ་ཕྱོགས་འཚོལ་སྙེག་གི་ལམ་ཆེན་བཟོ་ངེས་པས་ཕ་མ་ཚོས་བྱིས་པའི་མཐོང་སར་བཟའ་འཁོན་བྱེད་པ། རྡུང་རེས་བྱེད་པ། མི་གཞན་པར་འཕྱ་སྨོད་དང་རྫུན་གཏམ་སྨྲ་བ་སོགས་མི་མཛེས་པའི་ལས་ལ་གཟབ་རྒྱུ་གལ་ཆེ་བར་མཐོང་། བྱིས་པའི་བཟང་ཕྱོགས་ཀྱི་ལས་ཀར་ཕ་མ་ཚོས་རྒྱབ་སྐྱོར་དང་བསྟོད་བསྔགས་བྱེད་དགོས། དེ་ལྟར་བྱུང་ན་ད་གཟོད་བྱིས་པས་རང་ཉིད་ལ་ཡིད་ཆེས་རྙེད་ཐུབ། མི་ལ་ཡིད་ཆེས་ཡོད་ན་འོད་དུ་མཚེར་བའི་མི་ཚེའི་འཚོ་བའི་ལམ་ཆེན་ལ་ཞུགས་ཐུབ་ངེས་ཡིན།
དྲུག་པ་མཐའ་སྡོམ།
མཐའ་དོན་རང་ཅག་ཁ་བ་ཅན་རྣམས་འཕགས་མཆོག་སྤྱན་རིས་གཟིགས་ཀྱི་སྤྲུལ་བ་ ༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་དང་། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་ཀྱི་སྤྲུལ་བ ༧ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་གདུལ་བྱ་ཡིན་པ་དང་། དགོས་སུ་ཤིང་བཟའ་ཚང་གི་སློབ་རྒྱུན་དུ་གཏོགས་པ་རྣམས་བླ་མ་གཅིག་དང་དགོན་པ་གཅིག་གི་ལྷ་སྡེ་ཡིན་ན་ཚང་མས་མཐུན་ལམ་གྱི་ལག་རྡང་གཅིག་ཏུ་འབྲེལ་ནས་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་བཟང་སྤྱོད་ཡར་རྒྱས་གཏོང་བར་འབད་པ་བྱེད་དགོས། དེ་ལྟར་བྱུང་ན་སྡེ་བ་སོ་སོའི་ལ་རྒྱ་ཡང་དེ་རེད་ལ། བོད་གངས་ཅན་ལྗོངས་ཀྱི་ལ་རྒྱ་ཡང་དེ་གས་ཟིན་པ་རེད། བོད་ཀྱི་ཉི་ཟླ་གཉིས་གཙོས་པའི་བླ་ཆེན་དང་སྐྱེས་ཆེན་དག་ལ་བསྒྲུབས་པའི་མཆོད་པ་ཡང་དེ་གས་ཆོག་ན་ཚང་མས་མཐུན་ལམ་བྱེད་རྒྱུར་བདག་གིས་ལག་གཉིས་སྙིང་གར་སྦྱར་ནས་སྐུལ་འདེད་ཡང་ཡང་བྱེད་ཀྱི་ཡོད།
རང་ཉིད་ཀྱི་བསམ་ཚུལ་ཐོལ་གྱིས་ཤོར་བ་འདི་དག་ཁྱེད་ཅག་གི་སེམས་ཀྱི་དཀྱིལ་དུ་བབས་ཤིང་སོ་སོར་ཕན་པའི་སྐད་ཆ་རེ་ཡོད་ན་ནི་ཉམས་སུ་ལོངས། གལ་ཏེ་མེད་ན་ནི་གང་འདོད་ལྟར་གད་སྙིགས་སུ་གཡུགས་ཀྱང་སྐྱོན་གང་ཡང་མེད། བཅོམ་ལྡན་འདས་ཀྱིས་ ”ལེགས་པར་བརྟག་ལ་ང་ཡི་བཀའ་” ཞེས་གསུངས་པ་ལྟར་བཅོས་ལྡན་འདས་ཀྱི་གསུང་ཚད་མ་ལ་ཡང་བརྟག་ཏུ་རུང་ན་ཁོ་བོའི་སྐད་སྐུར་ཞིག་ལ་བརྗོད་ག་ལ་དགོས།
སེམས་ངེས་ཤེས་ཀྱི་སྙིང་གཏམ་ཚིག་མ།།
འབྲི་ཡི་གེར་བཀོད་པའི་འཕྲིན་ཡིག་འདི།།
དུས་ད་ལན་ཕུལ་བའི་སྐལ་བཟང་ཐོབ།།
གཏམ་མཐའ་མར་མི་འགྱུར་སྨོན་ལམ་ཡོད།།
བོད་རྒྱལ་ལོ ༢༡༤༡ ཕྱི་ལོ་༡༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན་ཤིང་བཟའ་སྤྲུལ་མིང་བ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནས་ལེགས་པར་མཇུག་བསྡུས་པ་དགེའོ།།
རྩོམ་ཡིག་འདིས་བདག་དབང་ངེད་དྲ་ཚིགས་ཁོ་ནར་ཡོད་པའི་གང་བྱུང་འགོད་མི་ཆོག
Like this:
Like Loading...