དར་ལྕེ་ཟད་པོ།

    མཐའ་བཞི་ས་འཛིན་དཀར་པོས་ཡོངས་སུ་དཀྲིགས་པའི་བསིལ་ལྡན་ཁ་བའི་ཞིང་ཁམས་སུ་མཁས་དབང་གསེར་རིའི་ཕྲེང་བའི་དབུས་ན་གསེར་གྱི་ལྷུན་པོ་ལྟར་མངོན་པར་འཕགས་པ།  མདོ་རྒྱུད་དགོངས་པ་རང་དབང་དུ་འགྲེལ་བའི་འོད་སྣང་མཆོག་ཏུ་འབར་ཞིང་གདུལ་བྱའི་བློ་མུན་རྣམ་པར་སེལ་བ་ལ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ།  

ཉེས་ལྟུང་གི་དྲི་མ་ཙམ་ཡང་གོས་མ་མྱོང་བའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡལ་འདབ་སྡུག་གུ་རྣམ་པར་བཀྲ་བའི་འདོད་དགུ་འཇོ་བའི་དཔག་བསམ་ལྗོན་པ་ཆེན་པོ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་དབུ་མའི་གྲུབ་མཐའ་གཞན་དང་མ་འདྲེས་པ་ཐལ་འགྱུར་བའི་ལུགས་སུ་གསལ་བར་བཀྲལ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། མཁས་དང་གྲུབ་པའི་ཡོན་ཏན་གྱིས་སྙེམས་པའི་དྲན་དབང་།   ཐོབ་དང་གོ་སས་དྲེགས་པའི་ས་སྐྱོང་།   སྟོབས་དང་འབྱོར་པས་མཛེས་པའི་མི་དབང་སུ་ཞིག་གང་གི་མདུན་ན་ཉེ་བར་ལྷགས་པར་གྱུར་ན་ཁེགས་པའི་རལ་པ་ས་ལ་ཉིལ་མ་མྱོང་བ་མེད་པའི་འཇིག་རྟེན་དྭངས་བ་འདྲེན་པའི་སྐྱེས་མཆོག  །གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱན་ཙམ་མིན་པར་གཙུག་གི་རྒྱན་དུ་གྲགས་པ་རྗེ་བདག་ཉིད་ཆེན་པོ་ལ་དད་པའི་རླུང་གིས་མ་ལ་ཡ་ཡི་ནགས་ཀླུང་དྲག་ཏུ་བསྐྱོད་པས་ལུས་ཀྱི་བ་སྤུ་འཁྲི་ཤིང་གི་ཟློས་གར་བྱེད་ཅིང་།  འདྲེན་བྱེད་པད་དཀར་གྱི་འདབ་མར་ཆགས་པའི་དད་པའི་ཉིང་ཁུ་མིག་ཆུའི་ཟིལ་བ་དབང་མེད་དུ་འཛགས་ཏེ་རྗེས་དྲན་སྙན་ཚིག་མེ་ཏོག་གི་མགོ་ལྕོག་ལྡེམ་བཞིན་འདི་སྐད་དུ།


འཇམ་དཔལ་དབྱངས་ཀྱིས་གནག་སྣུམ་ཟུར་ཕུད་ཆོས་རྗེ་དོན་རིན་ཕྱག་ལ་བྲེགས།།  

ཁམས་གསུམ་རྨོངས་པ་ཟས་ལ་རོལ་བའི་རལ་གྲི་ངུར་སྨྲིག་ཕག་ཏུ་བསྐུངས།།  

ཟབ་གསལ་མྱུར་བའི་ཡེ་ཤེས་མེ་ལོང་གླེགས་བམ་གཅིག་ལ་བསྡུས་ཏེ་འཛིན།།

བརྟན་པའི་འཁོར་ལོ་དགེ་སྦྱོང་གཟུགས་ལ་སྙན་ཚིག་ནོར་བུའི་དོ་ཤལ་སྤེལ།།

 

དཔྱོད་པའི་རླབས་ཀྱི་གཤོག་ཟུང་བརྐྱངས་ཏེ་མདོ་སྔགས་རིག་པའི་མཁའ་ཀློང་ཉུལ།།  

རིགས་འཕྲུལ་གདོང་ལྔའི་གད་རྒྱངས་རེ་རེས་ལག་ལྡན་རྩོད་པའི་སྣ་ཞགས་འཁུམས།།

གནས་གསུམ་གཞལ་བྱའི་ཕ་མཐའ་རིང་མོ་བློ་གྲོས་འོད་ཀྱིས་བསྙབས་པར་མཛད།།

འཕགས་བོད་མཁས་གྲུབ་ཡོངས་ཀྱི་ཕྱག་རྗེས་ལྕི་ཡང་རིགས་པའི་སྲང་ལ་བཅལ།།

 

ཤེས་རིག་ནོར་གྱིས་གྱེན་དུ་བཏེགས་པའི་ཙོང་ཁའི་གསེར་ལྡན་དགའ་མ་རུ།། 

རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་མངལ་གྱི་ཉ་ལྕིབས་ཁོག་པ་ནས།།

རྒྱལ་བའི་ཐུགས་བསྐྱེད་དྲོད་ཀྱིས་སྨིན་པའི་ལུང་བསྟན་ཆོས་དུང་དཀར་པོ་ཞིག།།

མཐོ་སྒང་འཛིན་མའི་དཔང་དུ་ལྷུང་པས་དུས་གསུམ་རྒྱལ་བའི་གདུང་སྲས་གྱུར།།

 

བརྒྱད་ཁྲི་བཞི་སྟོང་མངའ་དབང་སྒྱུར་བའི་དཔྱོད་ཤེས་གོམ་ཁ་དབུས་ལ་ཕྱོགས།།

རྒྱང་རིང་གནམ་སའི་བར་གྱི་སྤྲིན་དཀར་སྤྱན་ཞགས་རིང་པོས་དམིགས་པར་བཟུང་།།

དབུས་འགྱུར་ཆོས་ཀྱི་སྒར་ཆེན་དག་ལ་རྣོ་དབལ་རིགས་པས་ཉུལ་བའི་སྐབས།།

མཁས་རྣམས་ཕྱག་གི་སྙིམ་པ་སྦྱོར་བཞིན་གསེར་གྱི་ཁྲི་འཕང་མཐོ་ལས་བབས།།

 

བློ་གྲོས་ཕྱོགས་ཀྱི་ལྷ་ལམ་ཡངས་པོར་ཕར་ཕྱིན་གནམ་གྱི་སྐེད་རགས་བཀྲོལ།།

ལེགས་བཤད་གསེར་གྱི་ཕྲེང་བའི་འོད་ཟེར་གློག་ཕྲེང་དྲག་པོའི་ཚུལ་གྱིས་འཁྱུགས།།

རྩོད་པའི་གྲགས་སྙན་དབྱར་སྐྱེས་རྔ་གསང་ནམ་མཁའི་མཐོངས་སུ་ལྡིར་བའི་སྒྲས།།

ཡུམ་དོན་རྒྱ་མཚོའི་གཏིང་ལ་གནས་པའི་མཁས་དབང་ཀླུ་རྒྱལ་གཉིད་ལས་དཀྲོགས།།

 

ཚད་མའི་གཞུང་ལ་དཔྱད་པས་འདའ་བའི་སུམ་རྩེན་མལ་གྲོ་ལྷ་ཡུལ་དུ།།

སྐྱེས་སྟོབས་བློ་གྲོས་དར་ལ་བབ་པའི་གསུང་རབ་ལྟ་བའི་མིག་སྟོང་ལྡན།། 

རླབས་ཆེན་བརྩོན་པའི་ས་སྲུང་ལ་བཞོན་གཏན་ཚིགས་རྡོ་རྗེ་རྩེ་བརྒྱ་འཛིན།།

སྔོན་བྱོན་ཚད་མའི་བཤད་སྲོལ་རི་བོ་འགྲོ་མེད་བཅོམ་པ་སྒྲོས་སུ་གླེང་།།

 

སངས་རྒྱས་རྒྱལ་བྱེད་ཚལ་དུ་གཤེགས་ལྟར་མོན་མཁར་གདོང་ལ་ཕེབས་པའི་ཚེ།།

གཞུང་ཆེན་བཅུ་བདུན་དུས་གཅིག་འཆད་པས་ལ་ལ་དད་པའི་མཆི་མ་འབྱིན།།

ལ་ལ་ངོ་མཚར་ཧད་ཀྱིས་གཡེངས་ནས་གཡོ་མེད་བརྟུལ་ཞུགས་དང་དུ་བླང་།།

ལ་ལ་མ་བསམ་བརྗོད་ལས་འདས་ནས་སྒྱུ་འཕྲུལ་འདྲ་བས་མགོ་བོ་འཐོམས།།

 

ཐེག་གསུམ་ཆོས་ཀྱི་གྲུ་ཆར་འཇོ་བའི་འོ་དེ་གུང་རྒྱལ་དབེན་གནས་སུ།།

རྒྱུ་ཚོགས་གསུམ་གྱིས་སྟོང་པ་འཚོལ་ལ་རྟེན་འབྱུང་རིགས་པ་གྲོགས་སུ་སྦྲན།།

ཐལ་རང་རིགས་པའི་རྩེད་འཇོའི་གསེང་ནས་ཐ་སྙད་མི་སླུ་ངེས་སྟོབས་ཀྱིས།།

མནན་ཀྱང་མི་ནོན་དད་པའི་ཚོར་འདུས་རྟེན་འབྱུང་བསྟོད་པ་ཐོལ་བྱུང་མཛད།།

 

སྟོབས་བཅུ་མངའ་བའི་མཁྱེན་རབ་ཟབ་མོ་གངས་དཀར་རི་བོའི་དལ་འབབ་ཀླུང་།།

གྲུབ་མཐའ་རྣམ་བཞི་སོ་སོར་གྱེས་པའི་རྩོད་པའི་རྦ་རླབས་ཀློང་རོལ་ནས།།

རྟེན་འབྲེལ་རིགས་པ་སྲུབས་ཤིང་ཟོལ་གྱིས་མདོ་རྒྱུད་རོལ་མཚོ་དཀྲུགས་པ་ལས།།

ཀླུ་དབང་རྒྱལ་པོའི་མཛོད་ན་སྦས་པའི་ཟབ་མོའི་ནོར་བུ་གཏེར་ནས་ཕྱུངས།།

 

གསུང་རབ་མ་ལུས་འགལ་མེད་སྨྲ་ལ་སྤོབས་པའི་གཡུ་རལ་གནམ་ལ་གསིག།།

དབུ་སེམས་དཀའ་གནད་མདུད་བརྒྱ་གཅོད་ལ་མཆེ་སྡེར་རལ་གྲིའི་རྩེ་ལས་རྣོ།།

ལུང་རིགས་སྨྲ་བའི་མཁས་པའི་དབུས་ན་འཇིགས་མེད་སེང་ཆེན་འགྱིངས་འགྲོས་མཛད།།

དྲང་ངེས་འབྱེད་པའི་རིགས་པའི་གད་རྒྱངས་རལ་ཁ་བྲག་གི་ཁོངས་ནས་བསྒྲགས།།

 

མཚན་འཛིན་ཐོགས་རེག་དབེན་པའི་དབྱིངས་ན་རིམ་གཉིས་ཆུ་ཁུར་འཛིན་པ་ལས།།

མ་དག་སྒྱུ་ལུས་ཞིང་སར་གནས་པ་རིགས་ཀྱི་ས་བོན་བརླན་པར་བྱས།།

ཐ་མལ་སྣང་ཞེན་དྲི་མའི་སྦུབས་བཅད་ཏིང་འཛིན་འབྲས་བཟང་སྨིན་པའི་མཐུས།།

སྔགས་ཀྱི་སྡེ་སྣོད་འཛིན་ཚད་ཀུན་གྱི་རལ་པའི་ཐོར་ཅོག་གདན་དུ་བཏིང་།།

 

བྱིང་རྒོད་གང་གིས་དམིགས་པ་མི་ལྷོད་རྒྱ་སོག་ཕུ་ཡི་གནས་མཆོག་ཏུ།།

འཇུག་ཅིང་ལྡང་བའི་སེམས་ལ་དབང་འབྱོར་ཏིང་འཛིན་སྒོ་མོ་སྟོང་ཕྲག་བྱེ།།

རྟོགས་ལྡན་གངས་ཀྱི་སེང་གེ་ལྟ་བུས་ལྷག་མཐོང་ཚད་ལྡན་མ་འགྲུབ་པས།།

དཔྱད་འཇོག་ཟུང་གི་གདམས་པ་མནོད་ཕྱིར་བསམ་གཏན་པ་ཡི་ཁྱུ་ཚོགས་འདུ།།

 

མཁས་མཆོག་ངང་པའི་དེད་དཔོན་ཆེ་གསུམ་གནམ་རྩེ་ལྡེང་ལ་གདན་འཛོམས་པས།། 

མདོ་རྩའི་བཤད་པ་ཆུ་ཤེལ་དྭངས་མས་འདུལ་བསྟན་རྙོག་མ་ཀུན་གྲུངས་ནས།།

དམར་སེར་འདུས་སྡེ་གུར་ཀུམ་ཚོས་ཀྱིས་གངས་རིའི་མདོག་ཀྱང་སྒྱུར་བཞིན་དུ།།

ཉེ་འཁོར་གྲུབ་མཐའ་རིས་མེད་དག་ཀྱང་ཚུལ་ཁྲིམས་དཔལ་དང་ལྡན་པར་བྱས།། 

 

མདོ་སྔགས་ཐོས་སྒོམ་འགལ་བ་འཛིན་པའི་སྨག་རུམ་མུན་པ་སྟུག་པོའི་ཁྲོད།།

སྔོན་མེད་ལེགས་བཤད་ཉི་མ་བརྒྱ་ཕྲག་ཐུབ་བསྟན་མཁའ་ལ་ཤར་བའི་ཚེ།།

ལོག་རྟོག་སྲིན་བྱའི་མིག་གིས་མ་བཟོད་རྩོད་པའི་ཧབ་གཤགས་འགྱེད་ན་ཡང་།།

ཇི་ཙམ་མཁས་གྲུབ་ཡོན་ཏན་ལྡན་ན་དེ་ཙམ་གྱིས་ནི་དད་པ་བརྟན།། 

 

ས་མཚམས་རལ་བའི་ངུར་སྨྲིག་རྒྱལ་མཚན་བུ་དང་ཆུང་མས་མཐའ་བསྐོར་བ།།

སྔགས་འཆང་གླེན་པས་གཏོ་ཆོས་ཁོ་ན་ཐུབ་པའི་དགོངས་པར་རློམ་པའི་ཚེ།།

སྲེག་བཅད་བརྡར་བས་ཐུབ་བསྟན་གསེར་གྱི་ཡང་ཞུན་དྭངས་མའི་མདངས་བཏོན་པས།།

མ་བསླབས་ཀུན་མཁྱེན་མ་སྒོམ་གྲུབ་ཐོབ་ཐུབ་བསྟན་ལྕགས་རིའི་མཐའ་རུ་བུད།།

 

ཕྱག་རྗེས་རྡོ་ལ་བཞག་པ་མ་ཡིན་འཆད་རྩོད་རྩོམ་པའི་ཡུལ་ལ་བཞག།།

མཁའ་ལ་འཕུར་བའི་རྣམ་ཐར་མེད་ཀྱང་རྐང་གཉིས་མཁས་པའི་གཙུག་ནོར་ཡིན།།

དངོས་མེད་འདྲེ་སྲིན་འདུལ་བ་མེད་ཀྱང་རིགས་པས་བདག་འཛིན་འགོག་ཚུལ་བསྟན།།

ཟབ་ཆོས་བྲག་ཕུག་སྦས་པ་མ་བཏོན་ཤེར་མདོའི་སྦས་དོན་གསལ་བར་བཀྲལ།།

 

ལུང་རྟོགས་ཡོན་ཏན་རལ་པར་རློམ་པའི་ཁྲོམ་པའི་དཀྱིལ་གྱི་སྦལ་པ་མིན།།

བདག་འཛིན་རྡོ་ལ་ས་བོན་བཏབ་འདྲའི་རྨོངས་པ་སྒོམ་པའི་ཉམས་རྟོགས་མིན།།

ཐོས་གྲོལ་མཐོང་གྲོལ་སྟག་མོ་མཆོང་སར་ཝ་མོ་མཆོངས་པའི་མྱུར་ལམ་མེད།།

ཕྲ་ཞིབ་རིགས་པས་ཞིབ་ཏུ་དཔྱོད་དང་མཁས་པ་མགུ་བའི་གནས་ལུགས་ཡོད།།  

 

རིགས་དང་རུས་ལ་མཐོ་དམན་མི་འབྱེད་ཕ་ཁྲི་བུ་ཡིས་འཛིན་ས་མེད།།

ཐོབ་དང་འབྱོར་པའི་ཁྱད་པར་མེད་པ་སྤྲང་པོ་སྒོ་ནས་འགོག་མཁན་མེད།།

ཕྱི་རུ་ཉན་ཐོས་ཇི་བཞིན་སྤྱོད་པས་ཁྱིམ་པས་གྲལ་འགོ་འཛིན་ས་མེད།།

རྟོགས་པ་ཁོག་ཏུ་སྦེད་པའི་བྱིས་པ་དགའ་ལྡན་གསེར་ཁྲིར་འགྱིངས་ས་མེད།།

 

མཐོ་རམས་འབུམ་རམས་ཐམ་ཀ་མི་དགོས་ཐོས་བསམ་སྒོམ་གྱིས་རྒས་པ་དགོས།།

མོ་དང་ལུང་གི་བཀའ་ཡིག་མི་དགོས་མདོ་རྒྱུད་གདམས་ངག་ཤར་བ་དགོས།།

དོན་དམ་མཁས་དང་གྲུབ་པའི་ཡོན་ཏན་ཨ་མའི་བུ་ལ་ལྡན་འགྱུར་ན།།

དགའ་ལྡན་གསེར་ཁྲི་བདག་པོ་མེད་ཀྱང་འཛེགས་མཁན་སེངྒེ་སྲབ་མེད་དགོས།།

 

མཚན་མོ་མཐོང་བའི་འདབ་ཆགས་འགའ་རེ་ཉིན་མོ་ལོང་བའི་ངང་ཚུལ་བཟུང་།།

དཔྱོད་པའི་འགག་འཕྲང་དོག་པོར་གཤགས་ཚེ་ཕོ་རོག་དཀར་པོར་གྱུར་པ་མང།།

སེམས་ཅན་མོས་པ་སྣ་ཚོགས་ཁྲོད་ནས་དཀར་གསལ་འབའ་ཞིག་ཁྲི་ཐོག་ནས།།

གངས་ཅན་ཞིང་དུ་ལམ་གསར་འབྱེད་པ་ངོ་མཚར་ལས་ཀྱང་འདི་ངོ་མཚར།།

 

གང་ལ་དད་པའི་རིགས་སུ་སྐྱེས་པས་དལ་འབྱོར་ཐོབ་པ་འདི་ཡིས་འཚེངས།།

གང་གི་གཞུང་ལུགས་ཡན་ལག་བརྒྱད་ལྡན་ཐོས་པའི་གྲུ་ཡིས་ལེགས་བསྐྱོད་ཅིང་།།

ཡུན་རིང་སྤྱད་པས་ངོམས་པ་མེད་པ་དོན་མཆོག་བདུད་རྩི་རབ་མྱོང་བས།།

གཞན་གཞུང་འདམ་རྫབ་རྙོག་མའི་ཆུ་ལ་འཐུང་འདོད་ཞེན་པ་གཏིང་ནས་ལོག།།

 

བསྟོད་ཆེན་བཞི་ཡི་བསྟན་བྱའི་ལུས་ལ་བརྗོད་བྱེད་ལང་ཚོ་རབ་རྒྱས་ཤིང་།། 

སྡེབ་ལེགས་སྣ་ཚོགས་གོས་ཀྱིས་བརྒྱན་ཏེ་ཉམས་འགྱུར་སྟོང་གི་གར་སྒྱུར་བ།།

ཁ་བའི་རིག་གཞུང་རྒྱ་མཚོའི་དབུས་སུ་ཚངས་སྲས་ལྷ་མོ་ཟོལ་གྱིས་འཁྲུངས།།

སྙན་འགྱུར་སྟོང་གི་རྒྱུད་མང་འཁྲོལ་བས་མཁས་དགུའི་རྣ་ལུང་མཛེས་པར་བྱས།།

 

གང་ཉིད་དགའ་ལྡན་གནས་སུ་གཤེགས་ནས་དྲུག་བརྒྱ་འཁོར་བའི་དུས་སྟོན་ལ།།

མི་ཕྱེད་དད་པའི་ཟླ་ཤེལ་ངོགས་སུ་འབྲོག་རིའི་དགེ་སྦྱོང་གཟུགས་བརྙན་ཞིག།།

དབང་པོའི་གཞུ་ལྟར་རབ་ཏུ་གསལ་བས་ཡིད་ཀྱི་དྭངས་བ་དྲངས་སྟོབས་ཀྱིས།།

ཚིག་ལ་སྙན་འཇེབས་བདོག་པ་མེད་ཀྱང་རིན་ཆེན་མཎྜལ་དོད་དུ་བཏེགས།།

 

དཔྱད་གསུམ་དག་པའི་འདུལ་སྦྱོང་ལེགས་བྱས་ཐུབ་བསྟན་གསེར་གྱི་ཡང་ཞུན་ཉིད།།

རྣམ་དག་སྤྱོད་པས་བཟོ་བཀོད་མཛེས་པ་དགེ་ལྡན་བསྟན་པའི་རྒྱལ་མཚན་མཆོག །

གཟི་འོད་ཕྱོགས་ནས་ཕྱོགས་སུ་མཆེད་དེ་འཛམ་གླིང་མཛེས་པའི་རྒྱན་དུ་གཤམས།།

ཆོས་དང་སྲིད་ཀྱི་དཔལ་ཡོན་གང་ཡིན་མི་ནུབ་སྲིད་མཐར་གནས་པར་ཤོག།།


   རྗེ་བདག་ཉིད་ཆེན་པོའི་ཐུན་མོང་མ་ཡིན་པའི་རྣམ་ཐར་སྨྲ་བའི་དབང་ཕྱུག་མཁས་གྲུབ་ཐམས་ཅད་མཁྱེན་པས་བརྗོད་པར་མ་ནུས་ན་བདག་འདྲའི་མ་རིག་གཟུགས་བརྙན་རོ་འཛིན་ཇི་ལྟར་གཡོས་ཀྱང་བརྗོད་ག་ལ་ནུས།  འོན་ཏེ་ཐུན་མོང་སྣང་ཚོད་ལ་སུས་ཀྱང་བསྒྲུན་དུ་མེད་པའི་ཤེས་རབ་རླབས་པོ་ཆེ་དང་།  ཤེས་རབ་ཟབ་པ་དང་།  གསལ་བ་དང་།  མྱུར་བ་སོགས་ཤེས་རབ་སྐྱོན་ཀུན་ནས་བྲལ་བའི་ས་མཐའི་བྱིས་པ་ཞིག་ལ་སྤྲུལ་སྐུའི་མིང་ཡང་མེད་ལ་རྒྱལ་པོ་དང་གོ་ས་ཅན་གྱི་རིགས་རྒྱུད་དུ་མི་གཏོགས་པ་མ་ཟད།  ཐོག་མར་དབུས་ལ་ཕེབས་དུས་སུ་ཐ་ན་ངོ་ཤེས་པ་ཞིག་ཀྱང་ཡོད་པ་དཀའ་བའི་གཞོན་ནུ་ཤེས་རབ་ལ་འགྲན་ཟླ་བྲལ་བ་དེས་བདག་ཉིད་བདག་གི་མགོན་དུ་མཛད་དེ།  རང་ཉིད་ཀྱིས་མ་ཤེས་པ་ལ་གཞན་ལ་འཆད་མི་ཤེས་པས་དང་པོ་རྒྱ་ཆེར་ཐོས་པ་མང་དུ་བཙལ།   རང་ཉིད་མ་དུལ་བར་གཞན་འདུལ་བའི་སྐབས་མེད་པ་གཟིགས་ཏེ་བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།   གཞུང་ལ་ཕྱོགས་རེ་བ་དང་རགས་པ་ཙམ་ལ་མཁས་པ་དང་།  ཟ་ཟིའི་ཉམས་རྟོགས་ཙམ་ལ་གྲུབ་ཐོབ་ཏུ་རློམ་པ་རྣམས་ཀྱིས་སངས་རྒྱས་བསྟན་པ་དྲི་མེད་པད་དཀར་ཚལ་ལ་ལྟར་སྣང་རྡུལ་གྱིས་དྲི་མས་སྦགས་པ་ཀུན་བསལ་ཏེ།   དྭངས་གཙང་ལྷད་མེད་གསེར་གྱི་ལྷུན་པོ་ལྟ་བུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་དེ་དགའ་ལྡན་གསེར་གྱི་ཁྲི་ལ་མངའ་དབང་བསྒྱུར།  གྲུབ་མཐའ་འདི་ལ་རིགས་དང་རུས་མི་གཙོ།  དབང་དང་འབྱོར་པ་མི་གཙོ།  མཁས་དང་གྲུབ་པའི་ཡོན་ཏན་གཙོ་ཞེས་རྗེས་འཇུག་རྣམས་ལ་ ”མཁས་པ་མ་འཆལ་བཙུན་པ་མ་རྨོངས་” ཞེས་དོན་དམ་པའི་མཁས་གྲུབ་ཀྱི་ཡོན་ཏན་ཞིག་སྤྲང་པོའི་བུ་ལའང་ལྡན་ན་དགའ་ལྡན་ཁྲི་ལ་འཛེགས་ཆོག་ཅིང་།    མདོ་དབུས་ཁམས་གསུམ་དང་།  སོག་པོ་དང་།  མོན་དང་ལ་དྭགས་སོགས་ནས་གྲྭ་གསར་ཤེས་རབ་མེ་ལྟར་འབར་བ་ཞིག་བྱུང་ན་གདན་སར་མངགས་པའི་ལུགས་སྲོལ་དར་ཞིང་།  ཕ་ཡུལ་ནས་གྲྭ་སར་ཐོན་ཁར་གཉེན་ཉེས་སྐེ་ལ་ཁ་བཏགས་བསྒྲོན་ནས་རིག་པ་སྒྲིམས་ཤིག  “ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲི་བདག་པོ་མེད”་ཅེས་གདམས་སྲོལ་ཡོད།  དེ་ཡང་ཁྲི་ཆེན་ངག་དབང་མཆོག་ལྡན་ལྟ་བུ་དང་པོ་ས་མཐའི་སྤྲང་ཕྲུག་ཅིག་གདན་སར་འབྱོར་ཞིང་།  གདན་ས་ལ་ཐོབ་དང་།  གོ་ས་དང་།  ལོངས་སྤྱོད་དང་གཉེན་ཉེ་སོགས་གང་ལ་ཡང་རྣམ་གཡེང་གི་གཞན་དབང་དུ་གྱུར་ས་མེད་པས་བདག་ཉིད་ཆེན་པོའི་གཞུང་ལ་ཐོས་བསམ་སྒོམ་གསུམ་ཁོ་ནས་དུས་འདའ་བར་མཛད།  མཐར་བགྲེས་སོང་དུ་གྱུར་དུས་མཁས་དང་གྲུབ་པའི་ཡོན་ཏན་གྱི་བང་མཛོད་འཛིན་པར་གྱུར་ནས་དགའ་ལྡན་གསེར་ཁྲིར་ཕེབས་ནས་མཁས་པའི་བྱ་བ་གསུམ་གྱིས་དགེ་ལྡན་རིང་ལུགས་རྒྱས་པར་མཛད།  དེ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱིས་དགའ་ལྡན་གསེར་ཁྲི་ལ་དབང་སྒྱུར་བའི་ལོ་རྒྱུས་མང་ཞིང་།  མ་འོངས་པ་ནའང་དེ་ལྟ་བུའི་སྐྱེས་ཆེན་དམ་པ་དག་གིས་འཛིན་པར་གྱུར་ཅིག་ཅེས་གང་ཉིད་དགའ་ལྡན་ཞིང་དུ་ཕེབས་ནས་བགྲང་བྱ་དྲུག་བརྒྱ་འཁོར་བའི་དུས་དྲན་ལ་སྙིང་ཁུངས་རུས་རྐང་གི་གསེང་ནས་མི་ཕྱེད་དྭངས་བ་ཆེན་པོས་སྨོན་པའི་འབྲས་བུ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།།    །།

བདག་དབང་ངེད་དྲ་ཚིགས་ལ་ཡོད།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading