རླུང་རྟ་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དགེ་མཚན་རྒྱས་པའི་འོད་སྣང་ཞེས་བྱ་བ་བཞུགས་སོ།
བསླུ་མེད་བླ་མ་ཡི་དམ་མཆོག་གསུམ་དང་། །
ཕ་རོལ་བདུད་དཔུང་འཇོམས་མཛད་གཡུལ་རྒྱལ་ལྷ་ཁང་། །
རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མཐུ་སྟོབས་ཀྱིས། །
རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་སྐྱེད། །
བློ་གྲོས་ཉིན་བྱེད་གསལ་བའི་འོད་སྣང་གིས། །
མི་ཤེས་རྨོངས་བའི་སྨག་རུམ་མཐར་མཛད་ནས། །
བློ་བཟང་རྒྱལ་བའི་གཞུང་ལུགས་པདྨོའི་ཚལ། །
རྣམ་པར་བཞད་པའི་རླུང་རྟ་ཡར་ལ་སྐྱེད། །
སྡེ་སྣོད་གསུམ་གྱི་དགོངས་དོན་དཀའ་བའི་གནད། །
གཏན་ཚིགས་དགག་སྒྲུབ་སུན་འབྱིན་རིགས་ལམ་ལས། །
ལེགས་པར་དྲངས་པའི་སེང་གེའི་སྒྲ་དབྱངས་ཀྱིས། །
ཕས་རྒོལ་འཇོམས་པའི་རླུང་རྟ་ཡར་ལ་སྐྱེད། །
རྒྱལ་བའི་ལུང་བསྟན་ཀླུ་སྒྲུབ་ཡབ་སྲས་དང་། །
བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་ཀྱི། །
གཞུང་ལུགས་རྟོགས་པའི་ལུང་རིགས་རྔ་གསང་སྒྲས། །
ས་གསུམ་ཁྱབ་པའི་རླུང་རྟ་ཡར་ལ་སྐྱེད། །
བྱང་ཆུབ་སེམས་མཆོག་ཡང་དག་ལྟ་བ་དང་། །
རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །
འབྲས་བུ་འོད་གསལ་ཟུང་འཇུག་ཆོས་ཀྱི་སྐུ། །
མངོན་དུ་འགྱུར་བའི་རླུང་རྟ་ཡར་ལ་སྐྱེད། །
གནས་སྐབས་ཆོས་ཀྱི་ཉེར་འཚེ་ཀུན་ཞི་ཞིང་། །
མཐུན་རྐྱེན་དཔལ་འབྱོར་དབྱར་གྱི་མཚོ་བཞིན་འཕེལ། །
ནད་མེད་ཚེ་བསོད་ཡར་ངོས་ཟླ་བ་ལྟར། །
གོང་དུ་འཕེལ་བའི་རླུང་རྟ་ཡར་ལ་སྐྱེད། །