རྭ་རྒྱའི་མཁན་ཟུར་རྗེ་འོད་ཟེར་བཟང་པོ།

     དད་པའི་འདབ་གཤོག་བརྐྱངས་ཏེ་རྭ་རྒྱ་དགོན་པའི་ཤ་འཆམ་སྟེང་ཕེབས་པའི་དད་ལྡན་གྱི་མང་ཚོགས་རྣམ་པ་ལགས།  ངས་ཤ་འཆམ་གྱི་ལོ་རྒྱུས་མདོ་བསྡུས་ཤིག་ངོ་སྤྲོད་བྱེད་རྒྱུ་ཡིན་པས།  ཐམས་ཅད་ཀྱིས་བློ་སེམས་བསྒྲིམས་ཏེ་གསན་པར་ཞུ།  

     རྣམ་འབྱོར་ཀྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པས་རྗེ་ལྷོ་བྲག་མ་བ་དང་།   བླ་མ་ཏཻ་ལོ་བ་དང་། ན་རོ་བ་སོགས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་མོས་གུས་ཀྱིས་རྩ་བ་ཚུགས་པ་ན།  འགྲོ་བ་སེམས་ཅན་ཉམས་ཐག་པ་མགོན་དང་སྐྱབས་མེད་པ་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་མནར་བ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཡིད་རབ་ཏུ་དྲན་ཏེ། འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་ཐབས་ཆེད་དུ་གཟིགས་ནས་འཁོར་བའི་གནས་འདི་སྡུག་བསྔལ་གྱི་མེ་འོབ་ལྟ་བུར་དགོངས་ཏེ།  འཇིག་རྟེན་བློས་བཏང་འཁོར་བའི་ཞེན་ཐག་བཅད་ཏེ།ཐར་བའི་དོན་ལ་དགོངས་ནས་བློ་ཕུག་ཆོས་ལ་གཏད།  ཆོས་ཕུག་སྤྲང་ལ་གཏད།  སྦྲང་ཕུག་ཤི་ལ་གཏད་ཏེ།  བྱ་དཀའ་བའི་དཀའ་སྤྱད་དྲག་པོ་བསྟེན་ནས་ཟབ་གསང་ཉེ་ལམ་བརྒྱུད་དེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྗེ་བཙུན་མི་ལ་རས་པ་མ་གཏོགས་འཇིག་རྟེན་འདི་ན་དེ་འདྲ་ཡོད་པ་ཞིག་མ་རེད། དེས་ན་ཤ་ཁྱི་མགོན་པོ་རྡོ་རྗེ་གསུམ་པོ་འདིའི་བྱ་སྤྱོད་ཐམས་ཅད་མི་ལ་རས་པའི་རྣམ་ཐར་ལྟར་ཇི་བཞིན་བཤད་པ་ཡིན་པ་ལས་གང་འདོད་བཞིན་མ་རེད།   ཤྭ་བ་ཟེར་བ་འདི་མི་མང་བོ་ཞིག་འཚོགས་པས་ཆེད་མ་རེད། རྩེ་དགོད་རེ་བྱེད་པའི་ཆེད་ཡང་མ་རེད། རྗེ་བཙུན་མི་ལ་རས་པའི་མཚན་ལན་གཅིག་ཐོས་ན་ཐར་བའི་བག་ཆགས་འཇོག་གསུངས་པ་བཞིན་རེད། དེས་ན་མི་ལ་རས་པ་དང་ཁྱི་ར་བ་མགོན་པོ་རྡོ་རྗེ་ཡི་ལོ་རྒྱུས་རྣམ་ཐར་ལྟར་བཤད་ན། དང་བོ་མི་ལ་ཐོན། དེ་རྗེས་ཤ། དེ་རྗེས་ཁྱི། དེ་རྗེས་མགོན་པོ་རྡོ་རྗེ་ཡོང་ནི་རེད། འདི་ནི་འཆམ་གྱི་རྣམ་པའི་ངང་མཚོན་བྱེད་ཁྱད་པར་བ་ཞིག་ཡིན། རྗེ་བཙུན་མི་ལ་རས་པ་མཐར་ཐུག་གི་ཐོབ་བྱའི་སངས་རྒྱས་སུ་མཚོན། ཤ་སྒོམ་བྱའི་ལྟ་བ་མཚོན། ཁྱི་བགྲོད་བྱེད་ཀྱི་ཐར་ལམ་མཚོན། མགོན་པོ་རྡོ་རྗེ་ཐར་ལམ་ལ་བགྲོད་པ་པོའི་གང་ཟག་ཏུ་མཚོན།  ཐར་ལམ་བགྲོད་པ་བོའི་གང་ཟག་གི་ཐར་ལམ་ལ་བརྟེན་ནས་བསྒོམ་བྱའི་ལྟ་བ་བསྒོམས་ཏེ་སངས་རྒྱས་པའི་དཔེར་མཚོན་པ་རེད།  ཤ་ཁྱི་གཉིས་དུད་འགྲོ་དང་མགོན་པོ་རྡོ་རྗེ་སྡིག་ཅན་ཆོས་ཀྱིས་མ་ཐུལ་བ་ཅིག་ཡིན་ན་ཡང་།  རྗེ་བཙུན་མི་ལ་རས་པས་མངོན་ཤེས་ཀྱིས་གཟིགས་ཏེ་རྒྱུད་བརྟགས་པ་ན།  ན་རོའི་ཆོས་དྲུག་གི་གདམས་པ་ཉུང་ཙམ་བསྟན་ན་ཐེག་པ་ཆེན་པོའི་རིགས་སད་པར་ངེས་པའི་གང་ཟག་ཤ་སྟག་ཏུ་གཟིགས་ནས་ཤ་ཁྱི་མགོན་པོ་རྡོ་རྗེ་གསུམ་ལ་མགུར་ལན་གསུམ་རིམ་བཞིན་གསུངས་པ་རེད།  དེས་ན་མགོན་པོ་རྡོ་རྗེ་དང་བོ་ཡོང་དུས་ཁྱི་འབོད་ལན་གསུམ་བཏང་ནི་རེད།  འདིའི་སྐབས་སུ་རྒྱལ་བའི་སྐུ་གསུམ་འགྲུབ་པའི་ནུས་པ་གསུམ་ཐོབ་ནི་རེད།  ཁྱི་འབོད་དང་པོའི་སྐབས་སུ་སྐུ་དང་བོ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་བཞག  གཉིས་པའི་སྐབས་སུ་སྐུ་གཉིས་པ་ལོངས་སྐུ་ཐོབ་པའི་ནུས་པ་བཞག  གསུམ་པའི་སྐབས་སུ་སྐུ་གསུམ་པ་སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག    དེ་གསུམ་འགྲོ་ཀུན་མ་རིག་པའི་གཉིད་ལས་སད་བྱེད་གྱི་བརྡ་ཡིན་ལ།  ན་རོའི་ཆོས་དྲུག་གི་མགུར་ལན་གསུམ་གསུངས་པ་དེ་མཚོན་པ་རེད།  དེས་སྐེད་ན་ཞག་པ་ནག་པོ་ཨ་ལོང་ཅན་ཞིག་བཏགས་ཡོད་ལ།   དེ་འགྲོ་བ་སེམས་ཅན་འཁོར་བའི་འདམ་ལས་ཡར་བདེ་ཆེན་ཐར་བའི་ལམ་ལ་འདྲེན་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་མཚོན་པ་རེད།  དེའི་ལག་ན་མདའ་གཞུ་གཉིས་ཡོད་པ་ནི་མདའ་གཞི་གཉིས་བོ་དེས་གཞུའི་ཞི་གནས་དང་མདའ་ཡི་ལྷག་མཐོང་མཚོན་པ་ཡིན།   མདའ་འཕངས་པ་དེ་ཡང་ཞི་གནས་ཀྱི་གཞུ་ལ་ཤེས་རབ་ཀྱི་མདའ་སྦྱར་ནས་འཕངས་པར་མཚོན་པ་རེད།  གང་གི་སྟེང་ལ་འཕངས་ན་དཔེ་མི་ལ་རས་བའི་སྟེང་ལ་འཕངས་ཀྱང་དོན་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ཐ་མལ་སྣང་ཞེན་གྱི་དྲི་མ་ཕྲ་མོ་ཟེར་བ་དེའི་སྟེང་ལ་འཕངས་པ་རེད།   མི་ལ་རས་པའི་རྣམ་ཐར་འདི་དཔེ་ཕྱི་འཇིག་རྟེན་སྣང་བ་དང་བསྟུན་ཞིང་དོན་རྒྱལ་བའི་དགོངས་པ་དང་སྦྱར་ནས་བསྟན་པས། དོན་གྱི་གནས་ལ་བསྔགས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་འཆམ་བཞིན་ཡོད་པ་རེད།   ཆོས་རྣམ་པར་དག་པ་ཞིག་བྱེད་ན་རྗེ་བཙུན་མི་ལ་རས་པ་ལྟར་འཇིག་རྟེན་བློས་བཏང་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་མཆོག་ཏུ་གྱུར་བ་མེད་པ་ནི། རྗེ་ལམ་རིམ་ཆེན་མོ་ལས་ཞང་སྣ་ཆུང་སྙོན་པས་ཇོ་བོ་ལ་གདམས་ངག་ཞུས་ཀྱང་འཇིག་རྟེན་བློས་ཐོངས་བྱང་ཆུབ་ཀྱི་སེམས་སྒོམས་བྱ་བ་ཞིག་ལས་མི་འོང་གསུང་པ་རེད།   དེས་ན་མི་ལ་རས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པས་འདི་ལ་རང་རང་གི་སེམས་སྟེང་ནས་རྗེས་སུ་ཡི་རང་བྱས་ཏེ། ནམ་ཞིག་ན་འདི་འདྲའི་རྣམ་ཐར་ཟབ་མོ་ཉམས་སུ་ལེན་པར་ཤོག་ཅིག་ཅེས་སྨོན་ལམ་རྣམ་པར་དག་པ་རེ་བཏབ་ན་དགོས་པ་ཆེན་པོ་ཡོད་པ་རེད།  རང་ཅག་འདིར་འཚོགས་ཐམས་ཅད་ཀྱིས་ད་ནས་བཟུང་སྡིག་སྤོང་དགེ་སྒྲུབ་རེ་བྱེད་རྒྱུ།   ཚེ་ཕྱི་མའི་དོན་ལ་བསམ་བློ་གཏོང་རྒྱུ།   དེའི་ཆེད་དུ་སྐྱབས་འགྲོ་མ་ཎྀ་སྨྱུང་གནས་སོགས་ཚེ་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ཐབས་ཁོ་ན་ལ་འབད་པ་ནི་རེ་བ་ཉག་གཅིག་ཡིན།    དེས་ན་ཤ་བ་རྒན་པོ་འདིའི་བཤད་ཚུལ་སྨྱོ་གཏམ་བྱས་པ་ལྟ་བུ་ཞིག་ཡིན་ཀྱང་།  སྨྱོ་གཏམ་བཤད་པ་མ་ཡིན་པར་གོ་རྒྱུ་ཆེན་པོ་ཡོད་པ་རེད།  དང་བོ་ཡོང་མ་མྱོང་ནས་ས་ཆ། ཡོང་གི་བསྡད་ནས་ས་ཆ།། ཟེར་བས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ། འགྲོ་བ་རིགས་དྲུག་གི་གནས་སུ་འདི་ནས་སྐྱེས་དང་འདི་ནས་མ་སྐྱེས་ཟེར་བའི་ས་འཚམས་འཛིན་རྒྱུ་མེད་པ་བསྟན། རིག་མ་མྱོང་བའི་མི་ཚན། རིག་གི་བསྡད་ནས་མི་ཚན། ཟེར་བས་རིགས་དྲུག་གི་གནས་སུ་སྐྱེ་བ་འདིར་བླངས་འདིར་མ་བླངས་པའི་ཁ་ཚོད་མི་ཆོད་པ་ལ་ཟེར། རྟ་ལམ་ཉི་མ་བཅོ་བརྒྱད་ཀྱི་ཐོན་ས། རྐང་ཐང་ཉི་མ་གཅིག་གི་ཐོན་ས། ཟེར་བ་མདོ་ལུགས་ལ་འཚང་རྒྱ་བ་ལ་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་ལ། སྔགས་ལུགས་ལ་ཚེ་གཅིག་ལ་འཚང་རྒྱ་བ་ཡོད་པས་མདོ་སྔགས་གཉིས་ཀྱི་ས་ལམ་བགྲོད་ཚུལ་གྱི་ཁྱད་པར་བསྟན་པ་ཡིན། དོང་དོང་ཐམས་ཅད་ཞབས་རྗེས་ར་ཕྱག་རྗེས་ཟེར་བས། ཐ་མལ་སྣང་ཞེན་གྱི་དྲི་མ་སྦྱངས་པའི་གང་སྣང་ལྷ་སྐུར་འཆར་བའི་དཔེ་མཚོན་པ་སོགས་རྒྱས་པར་བྱས་ན་མང་བོ་ཡོད།  མཐར་མི་ལ་རས་པའི་མགོ་ཁྲིད་ནས་མགུར་གསུངས་བཞིན་སྐོར་བ་གསུམ་བྱེད་པ་ཡིན། དེ་ནི་འགྲོ་བ་རྣམས་ལ་རང་རང་གི་བསྐལ་བ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཆོས་ཉམས་སུ་བླངས་ཏེ་མ་ཎི་གསུངས་བཞིན་རྗེ་བཙུན་མི་ལ་རིན་པོ་ཆེའི་ཕྱག་ཕྱིར་འབྲངས་ཏེ་བདེ་ཆེན་ཐར་བའི་ལམ་ལ་འདྲེན་པར་མཛད་པ་འདི་ལེགས་སོ།   

ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ་ངས་དགོན་པའི་བླ་གྲྭ་ཡོངས་ཀྱི་ཚབས་བྱས་ཏེ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།    

གསལ་བཤད།

འདི་ནི་སྤྱི་ལོ་༡༩༩༨ལོར་རྭ་རྒྱ་དགོན་པའི་འཛིན་གྲྭ་བཅུ་གསུམ་གྱི་ཡ་གྱལ་༧རྗེ་གཙོ་རི་འཇིགས་མེད་བསྟན་པའི་རྒྱལ་མཚན་མཆོག་གི་འཛིན་གྲྭས་བསྡུས་གྲྭ་ཁག་གསུམ།  ཕར་ཕྱིན་སྐབས་བརྒྱད་ཀ་ཟུར་བཀོད་དང་བཅས་པའི་དམ་བཅའ་བཞག  སྤྱི་ལོ༡༩༩༩ལོར་འཛིན་གྲྭ་དེ་ཉིད་ཀྱིས་སྔོན་གྱི་ཕྱག་སྲོལ་བཞིན་དུ་བྱམས་པའི་ཆོས་ལ་སྦྱངས་པ་མཐར་ཕྱིན་ནས་དབུ་མའི་གཞུང་ལ་ཐོས་སོགས་གསར་དུ་བྱེད་པའི་དུས་སྟོན་ཆེན་མོ་དང་འབྲེལ་ཏེ། ཤ་འཆམ་སྐབས་ལོ་རྒྱུས་མདོར་བསྡུས་ཞིག་དགོས་ཞེས་བསྐུལ་ངོར། འཇམ་མགོན་ཤིང་བཟའ་སྐུ་ཕྲེང་བཅུ་གཅིག་པའི་རིགས་ཀྱི་ཅོད་པན་དུ་བཞུགས་པ་ཡོངས་འཛིན་རིན་པོ་ཆེ། ཡང་དར་བསྟན་པའི་གསལ་བྱེད་ཆེན་མོ། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་དེ་ཉིད་བཅུ་ཟུང་ཚང་བ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་ཞིང་བསྡུ་བའི་བྱེད་པོ་དམ་པ་མཚན་ནས་སྨྲོས་ཏེ་མཚན་བརྗོད་པར་དཀའ་བ་དགོས་པ་དོན་གྱི་ཕྱིར་དུ་མཚན་ནས་སྨྲས་ན་༧རྗེ་མཁན་ཆེན་འོད་ཟེར་བཟང་བོ་མཆོག་གིས་མཛད་ཞེས་གངས་བུ་སྨྱུག་འཛིན་གྱིས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེའོ།།

ཡོང་ཁུངས་རྭ་རྒྱའི་ཡུལ་དང་འབྲེལ་བའི་རྩོམ་ཡིག་སྤྱི་སྟེགས།

དཔྱད་མཆན་སྤེལ།

%d bloggers like this: