Skip to content
༧མེ་ཏོག་དམར་ཆུང་།
མགར་བཟའ།
ལོ་ན་ཕྲ་བའི་འབྲོག་ཐང་གི་བུ་མོ་ཞིག་ལ།
ཆར་རྒྱུན་གྱིས་བཀྲུས་པའི་བཞིན་རས་ཆུང་ཆུང་
གྲང་རླུང་གིས་ཤད་པའི་སྐྲ་ལོ་ནེམ་པོ
ད་དུང་། དྭངས་ཤིང་གཙང་བའི་མིག་ཟུང་གཉིས
ཨ་མའི་སློག་ཧྲུལ་གྱི་ཐུ་འོག་ན
ཅི་འདྲའི་སྙིང་དུ་སྡུག་ཨང་།
མེ་ཏོག་དམར་ཆུང་ ངའི་ཕ་ཡུལ་གྱི་སྣུམ་དྲི་ཁུར་བའི་གཅེས་ཕྲུག་མ
ཁྱེད་མཐོང་བས ངས་སྤྲ་ནག་དང་ཨ་མའི་མར་ལོ་དྲན་བྱུང་ལ།
རི་ལུང་དང་གཙང་བོའི་འབབ་སྒྲའང་ཐོས་བྱུང་།
ཧ་ཅང་ཆུང་ངུའི་དུས་སུ
ངས་ཀྱང་ཕ་ཡུལ་གྱི་མཚན་གཞུང་ནས་རྒྱུ་སྐར་གྱི་ཨང་གྲངས་བརྩིས་མྱོང་ལ།
བྱིས་བློའི་བར་སྣང་ལ་འཕྲུལ་སྣང་གི་རླུང་རྟ་ཡང་སྦུར་མྱོང་།
གནས་དེ་ན། མེ་ཏོག་གི་འཛུམ་ཞལ་རེ་རེ་ཁྱེད་ཀྱི་བཞིན་རས་བཞིན་དྭངས་ཤིང་གསལ།
གནས་དེ་ན། བསིལ་རླུང་གི་རྒྱུ་བ་རེ་རེ་ཁྱེད་ཀྱི་སྐྲ་ལོ་བཞིན་འཇམ་ཞིང་ནེམ།
མེ་ཏོག་དམར་ཆུང་མ། འཚོ་བའི་ནག་ནོག་གིས་མ་གོས་པའི་ཟླ་དཀར་ཆུང་ཆུང་།
ཁྱེད་ཀྱི་ལོ་གྲངས་བཞིན་གཉོམ་པའི་དགོད་སྒྲ་དྭངས་མོ།
བདག་གི་གི་བར་སྣང་ལ་འོ་མའི་མཆོད་ཁ་བཞིན་འཐོར་བྱུང་།
ཁྱེད་ཀྱི་གཤིས་ཀ་བཞིན་དྭངས་པའི་མིག་འོད་རྣོན་པོ།
བདག་གི་དུས་ཚིགས་ལ་དཔྱིད་ཀྱི་རོལ་མོ་བཞིན་དཀྲོལ་བྱུང་།
དོ་དགོང་གི་མཚན་མོ་དོག་དྲག་པས།
ང་རང་གང་དུ་ཡང་འགྲོ་མི་འདོད།
ཆོས་མཚོ། གྲུང་ཤ་དོད་པའི་མིག་ཟུང་གཉིས་ད་དུང་དགོད་དང་།
ངས་ཁྱེད་ལས་ཚེ་སྲོག་དྭངས་མོ་ཞིག་གི་འབོད་སྒྲ་ཐོས་བྱུང་།
འཇིག་རྟེན་ཡངས་མོ་ཞིག་གི་མཁའ་དབྱིངས་མཐོང་བྱུང་།
མེ་ཏོག་དམར་ཆུང་མ། ངའི་སྙིང་ཉེ་བའི་གཅེས་ལོ་མ།
དོ་དགོང་གི་ལྷིང་འཇགས་ཁྲོད་ན།
ང་རང་ ཁྱེད་ཀྱི་མགྲོན་པོ་ཐོག་མ་ཡིན།
སྦྲ་ཁྱིམ་གྱི་ཨ་མས་བསླབས་པའི་གཞས་ཤིག་གྱེར་དང་།
ཕ་ཡུལ་གྱི་ཨ་ཕས་བསླབས་པའི་གླུ་ཞིག་ལོངས་དང་།
དགུན་ཟླ་བཅུ་པའི་མཚན་གཞུང་ན་ཁ་བ་མཐུགས་ཀྱང་།
འུ་གཉིས་མཉམ་དུ་ཕྱི་རོལ་གྱི་ཁ་བར་བརྒལ་དུ་འགྲོ།
ངེད་དྲ་ཚིགས།
Like this:
Like Loading...