རྭ་རྒྱའི་ལྔ་རིག་ཕོ་བྲང་། 

གླིང་བ་མཁས་བཙུན་བཟང་བོ།

   རྭ་རྒྱ་དགོན་པའི་ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་ལས་བསྐྲུན་པའི་གཙུག་ལག་ཁང་། མ་ཕུག་གཟིམས་ཁང་ལྔ་རིག་ཕོ་བྲང་ངམ་ལྔ་རིག་ནོར་བུའི་ལྡིང་ཁང་ནི། སྤྱི་ལོ་༡༩༣༣ལོར་ཤིང་བཟའ་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོས་བཞེངས། འདི་ནི་བོད་ཀྱི་དགོན་པའི་ལྷ་ཁང་དང་བླ་མའི་གཟིམ་ཁང་སོགས་ཀྱི་བཞེངས་སྟངས་དང་གཏན་ནས་མི་འདྲ་ལ། 

   འདི་ནི་བོད་ཀྱི་བཞེངས་སྟངས་ལས་བླ་མའི་གཟིམ་ཁང་དང་ལྷ་ཁང་ཞིག་མིན། བཞེངས་སྟངས་རྣམ་པ་གཞན་དུ་བསྒྱུར་ཏེ་སྐབས་དེའི་རྒྱ་ནག་གི་བཟོ་དབྱིབས་བྱས་ནས་གསར་བཏོད་རང་བཞིན་ལྡན་པ་ཞིག་ཡིན། འདི་ནི་བཅུ་ཕྲག་རིག་པའི་གནས་ལ་སྦྱོང་སའི་སློབ་ཁང་དང་། རྒྱ་བོད་སོགས་གསུམ་གྱི་གསུང་འབུམ་མང་བོ་བཞུགས་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་ཀྱང་ཡིན།  

    འོག་ཤོད་ནང་དུ་ཙན་ཏན་གོར་ཥ་ལས་བཟོས་པའི་ཀུན་དགའ་ར་བའི་ནང་དུ་རྒྱ་བོད་མཁས་དབང་མང་བོའི་གསུང་འབུམ་བརྗོད་ལས་འདས་པ་ཡོད། དེ་མིན་ཆེས་ངོ་མཚར་བའི་གནའ་རྫས་སྲུང་སྐྱོབ་ཁང་ཆེན་པོ་ཞིག་ཀྱང་ཡིན་པར་སྙམ། འདིའི་ནང་དུ་རྡོ་ཡེ་ཤེས་ལས་གྲུབ་པའི་མདུན་ཅོག་ཆ། དངུལ་དང་གསེར་སོགས་རིན་པོ་ཆེ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་རིན་པོ་ཆེའི་རིགས་མང་བོ་ཡོད། ར་བའི་ནང་མཚོ་སྔོན་ཞིང་ཆེན་ཀྱིས་ཆེས་ཐོག་མའི་རླངས་འཁོར་གཉིས་ཡོད་པའི་གཅིག་ཤོས་དེ་ཡོད། 

    ལྔ་རིག་ཕོ་བྲང་འདི་ནི་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་བྱེད་མཁན་དག་དང་། ཡིག་རྨོངས་ཀྱི་ཁེངས་བའི་ཕྱི་རབས་པ་མང་བོ་ལ་དམིགས་ནས་བཞེངས་པ་ཞིག་ཡིན་པར་མངོན་ལ། ཁོང་གི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ནང་རིག་གཙོ་བོར་སྦྱངས་པ་དང་། བཅུ་ཕྲག་རིག་པའི་གནས་ངེར་པར་དུ་སྦྱང་དགོས་པར་བསྟན་ཡོད། ཁོང་གིས་སློབ་གཉེར་གྱི་དབུ་སུམ་རྟགས་ནས་བཟུང་འདོན་ཆོས་དང་རིམ་གྱིས་བཀའ་པོད་ལྔ་ལ་སྦྱངས་པ་བྱས། ཞེས་དང་། ཤིང་བཟའ་པཎ་ཌི་ཏ་མཆོག་སྐུ་ན་ཆུང་སྐབས་སྐྱབས་མགོན་དགེ་བཤེས་ཆེན་མོའི་མདུན་དུ་ཕེབས་པ་ལ། དགེ་བཤེས་ཆེན་མོ་མཆོག་གིས་དྲི་བ་ལ། ཡོན་ཏན་ཟེར་བ་དེ་ལ་མང་བོ་ཡོད་གསུང་ནས་། བཟོ་དང་གསོ་བ་སྒྲ་དང་སྙན་ངག གཏན་ཚིག  ནང་དོན་རིག་པ་རྣམས་ཀྱི་མཚན་རེ་རེ་སྨོས་ཏེ། རིག་གནས་སྔ་མ་དག་ལ་བསྔགས་བརྗོད་ཆེ་བ་རེ་མཛད་ནས་དེ་གང་རུང་གཅིག་སློབ་རྒྱུ་ཡིན་ནམ། ནང་རིག་པ་ཞེས་པ་ནི་ཚིག་འཁྲི་སྐམ་པོ་སུ་གཅིག་ལ་མི་དགོས་པ་གྲོང་ཆོག་ལ་ཡང་འདོན་རྒྱུ་མེད་པ་དེ་འདྲ་ཅིག་ཡིན་པས་དེ་སློབ་རྒྱུ་ཡིན་ནམ།  གང་བསམ་པ་ཡིན་ཞེས་དྲི་བ་གནང་བ་ན།  ལན་དུ་ལགས་ངེད་ཀྱིས་དེ་ཐམས་ཅད་བསླབ་དགོས་མོད་ཀྱི། གཙོ་བོ་ནི་ཚིག་འཁྲི་སྐམ་པོ་ཟེར་བ་དེ་སློབ་རྒྱུ་ཡིན་ལགས་ཞུས་པའི་སྐབས། ཁོང་གིས་ནང་རིག་གཙོ་བོར་བཟུང་ནས་རིག་པའི་གནས་མཐའ་དག་ལ་སྦྱངས་དགོས་པར་མཆོག་གིས་བོད་རང་གི་བཅུ་ཕྲག་རིག་པའི་གནས་དང་ཕྱིའི་ཡིག་རིགས་སྦྱངས་སའི་སློབ་གླིང་ཞིག་བསྐྲུན་པ་ཡིན་པར་གསལ། 

    དེ་མིན་ཁོང་གིས་སྤྱི་ལོ༡༩༢༩ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཟིམ་ཁང་། སྟེང་ཤོད་གསུམ་ལ་ཀ་བ་བརྒྱ་དང་གྱ་དགུའི་ས་ཡོད་པ་ཞིག་བཞེངས།  སྟེང་མར་པཎ་ཆེན་རིན་པོ་ཆེ་བཞུགས་ས། གཟིམ་ཁང་སྐལ་བཟང་མཐོང་གྲོལ་ཆེན་མོ། བར་མར་གསེར་ཟངས་ལས་གྲུབ་པའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཆེ་བ་དང་། ལྡེབས་རིས་ལ་སྐྱེས་རབས་སོ་བཞི་སོགས་ངོ་མཚར་བ་མང་བོ་ཡོད། འོག་མར་ཁྱམས་རའི་ཕྱོགས་ངོས་སུ་རྒྱ་ལྷའི་གནས་བརྟན་བཅུ་དྲུག་གསེར་བྲིས་མ་སོགས་གང་མང་ཡོད། ཤིང་བཟའ་འཇམ་པའི་དབྱངས་ནི་མཁྱེན་པའི་ཡེ་ཤེས་ཟེར་ནའང་ཆོག་ལ་དཔྱད་པའི་འདུ་ཤེས་ཡོད་མཁན་ཞིག་ཡིན་ལ། ཁོང་་གིས་པཎ་ཆེན་རིན་པོ་ཆེ་ཞུ་ཐུབ་པ་དང་དགོན་པར་ཕེབས་ཐུབ་པ་ངེས་པར་ཤེས་ནས། སྔོན་དུ་པཎ་ཆེན་གཟིམ་ཁང་བཞེངས་ལ།  རྗེས་ནས་སྤྱི་ལོ༡༩༣༤ལོར་སྐུ་འབུམ་དུ་ཕེབས་ནས་པཎ་ཆེན་རིན་པོ་ཆེ་ལ་མཇལ་འཕྲད་གནང་། ཁོང་གིས་པཎ་རིན་པོ་ཆེ་མཆོག་གི་ཞབས་ཀྱི་པདྨོ་ཅི་ནུས་ཀྱང་འགོད་དགོས་ཀྱི་སྙན་བསྐུལ་ཕུལ་བར་ཞལ་བཞེས་གནང་བ་བཞིན། སྤྱི་ལོ༡༩༣༦ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ཉིད་ཀྱི་ཞབས་ཟུང་དགེ་མཚན་གྱི་རི་མོ་གདན་ས་བཀྲ་ཤིས་འབྱུང་གནས་སུ་མངོན་པར་བཀོད། 

    སྐབས་དེར་དགེ་འདུན་ཆིག་སྟོང་སུམ་བརྒྱ་ལྷག་གི་དམིགས་བརྩེ་མའི་མགུར་དབྱངས་ཁྲོད་སེར་སྦྲེང་དང་། རྟ་བ་ཁྲི་སྟོང་མང་བོས་ཆིབས་སུ་བྱས། དེའི་སྐབས་སུ་མི་ཚོགས་ཀྱི་འུར་ཟིང་དང་རྟ་བ་མང་བོའི་རྨིག་སྒྲ། དེ་མིན་ཁོང་གི་གཟི་བརྗིད་དང་སྐུ་དྲག་མི་དྲག་ཚོའི་བརྗིད་ཉམས་སོགས་ནི་བརྗོད་ལས་འདས་པ་ཞིག་ཡིན་སྲིད། ས་འདིར་མཇལ་མ་ཐུབ་པའི་དད་འདུན་སྟོང་གི་མཆོད་ཡུལ་ཞིག་དང་། འདུ་མ་མྱོང་པའི་མི་ཚོགས་དང་། རིག་མ་མྱོང་བའི་ངོ་མཚར་བའི་ལྟད་མོ་མང་བོ་ཞིག་བསྐྲུན་མྱོང་། ཉིན་འགའི་རྗེས་མ་ཕུག་གཟིམ་ཆུང་ལྔ་རིག་ཕོ་བྲང་དུ་ཕེབས་ཏེ་དབང་ལུང་རྗེས་གསུམ་གནང་ལ། འོན་ཀྱང་དབང་ལུང་རྗེས་གསུམ་དགོན་པར་མང་བོ་གནང་ལ། ལྔ་རིག་ཕོ་བྲང་དུ་དབང་ལུང་གཅིག་པའི་ཆེད་ག་ལ་ཡིན། དེ་ནས་བཅུ་ཕྲག་རིག་པའི་ལུང་དང་ཤེས་རིག་གི་སློབ་གླིང་ཞིག་ཏུ་འཁྲུངས་པར་ཐུགས་སྨོན་རྒྱ་ཆེར་གནང་བར་གསལ།  འོན་ཀྱང་དུས་ཀྱི་འགྱུར་བ་དང་ཀྱག་ཀྱོག་གི་ལམ་འཕྲང་བར་ནས་བོད་གངས་ཅན་གྱི་འདུན་ལམ་གྱི་འོད་ཀྱི་སྣང་བ་དེ། དུས་འགྱུར་མུན་པའི་སྒྲུབ་རྐྱེན་གོ་སྐབས་དེ་ག་ལ་སྲིད།  

ཡོང་ཁུངས་རྭ་རྒྱ་དང་འབྲེལ་བའི་རྩོམ་རིག་སྤྱི་སྟེགས།

དཔྱད་མཆན་སྤེལ།

%d bloggers like this: