གངས་འཚོ།

གཅིག
     དཔྱིད་དཔལ་བཞད་པའི་ལྗང་མདོག་གི་ནས་མྱུག་ལྡེམ་ལྡེམ་དུ་གཡོ་བའི་ཞིང་དཀྱིལ་ན་ཡུར་མ་རྒྱག་བཞིན་པའི་བུ་མོ་དེ་གངས་འཚོ་རེད། ཨ་ལྗོངས་སྡེ་པའི་ནང་ན་ལོ་མཉམ་བུ་མོ་ཚོའི་ཁྲོད་དུ། གཟུགས་མཛེས་པ་ལྷ་མོ་དང་འདྲ་བ། སྐད་སྙན་པ་ཁུ་བྱུག་དང་འདྲ་བ་ཞིག་ཡོད་པ་ནི་ཁོ་མོ་གཅིག་པུ་ཡིན་པས་སྡེ་པ་གོང་འོག་ནས་གཉེན་སློང་ཚོས་འཚང་ག་ཤིག་ཤིག་གིས་བཙན་པོས་དཔའ་ངོམ་དང། ཕྱུག་པོས་ནོར་ངོམ་བྱས་ཀྱང༌། ད་ལྟ་ཨ་མགོན་གྱི་ཆུང་མར་བླངས་ཡོད་པ་མ་ཟད། བུ་ཆུང་བཀྲ་ཤིས་སྐྱེས་ནས་ལོ་ངོ་གསུམ་ཏག་ཏག་འགོར་གྱིན་ཡོད།
    ཞོགས་པའི་ཨ་ལྗོངས་སྡེ་པ་ནི་ཞོ་ལྟར་ཆགས་པའི་སྨུག་ལོང་གི་ཁྲོད་དུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་མོད། ཧ་ཅང་ཆ་མི་སྙོམས་པ་ཞིག་ལ་རྒྱལ་རྔ་ཞིང་ཟེར་བའི་ནས་ཞིང་སྒོར་མོའི་འགྲམ་དེར་མདོག་ཤོར་པའི་ས་ཁང་ཆུང་ཆུང་ཞིག་འདུག་ལ། ས་ཁང་དེའི་སྒོ་དང་སྒེའུ་ཁུང་ཆག་ཅིང་རལ་འདུག་པའི་ཚུལ་ལ་བལྟས་པ་ཡིན་ན། ཁང་བདག་ཅིག་མེད་པ་དང་འདྲ། 
    འོན་ཀྱང་འཁྱག་བསིལ་བསིལ་གྱི་ཁང་ཆུང་ནང་གི་ཉལ་ཁྲི་ཆག་པོའི་སྟེང་ན་ཕོ་ལོ་ཉེར་ལྔ་ཙམ་ཟིན་ཡོད་པའི་གཞོན་ནུ་ཞིག་སྐྲ་རིང་པོ་ཕྲག་པ་གཉིས་སུ་འཛིངས་ཤིང༌། ཉམ་ཐག་པའི་གདོང་བ་ཐེངས་གཅིག་ཀྱང་བཀྲུས་མ་མྱོང་བ་དང་འདྲ་བར་ཚི་དྲེག་གིས་ནག་པོ་ནག་རྐྱང་དུ་གྱུར་པ་དང༌། སྐྱོ་མདངས་ཤར་བའི་མིག་ཟུང་ས་ལ་ཕབ་ནས་ཅེར་འདུག་སྟངས་ལ་དཔྱད་ན་སྙིང་ཁོང་དུ་མི་བཟོད་པའི་སྡུག་བསྔལ་ཞིག་ཡོད་པ་ཐག་བཅད་ཆོག
    ད་ལྟ་ཁོའི་ཁྱིམ་དུ་མགྲོན་པོ་ཞིག་སླེབས་འདུག མགྲོན་པོ་དེས་རྒྱབ་ཁུག་ནང་ནས་ཆང་ཤེལ་དམ་བཞི་བཏོན་ནས་མདུན་ཅོག་སྟེང་དུ་བསྒྲིགས་ཏེ། རྡོ་རྗེ་སྨྱོན་པ། ཆང་འདི་ཚོ་རིན་གོང་ཆེ་ཤོས་རེད། བྲོ་བ་གང་འདྲ་འདུག  གཅིག་ཐུངས་དང༌། ཟེར། རྡོ་སྨྱོན་གྱིས་ཆང་དམ་དེ་དག་མཐོང་མ་ཐག་གདོང་ལ་འཛུམ་མདངས་ཤིག་ཤར་ཏེ་ཆང་ཤེལ་དམ་གང་ངལ་གསོ་ཙམ་ཡང་མ་བྱས་པར་འཐུང༌། སླར་ཡང་ཆང་ཤེལ་དམ་གཅིག་གི་ཁ་གཅོད་ཕྱེ་ནས་ཁམ་གང་འཐུང་སྟེ། 
      གནམ་སྐྱབས། གློག་སྒོ་ཕྱེ་དང༌། ཟེར། གནམ་སྐྱབས་ཀྱིས་རང་གི་འཁྲིས་ལ་ཡོད་པའི་སྒྲ་སྡུད་འཁོར་ལོའི་གློག་སྒོ་ཕྱེ་བ་དང༌། སྒྲ་སྡུད་འཁོར་ལོ་ནས་རོལ་དབྱངས་སྙན་མོ་ཞིག་གྲགས་བྱུང༌། ཆང་དང་རོལ་དབྱངས་དེ་ཚོས་རྡོར་སྨྱོན་གྱི་སེམས་ཁོང་གི་སྐྱོ་གདུང་རེ་ཞིག་གར་སོང་ཆ་མེད་དུ་བཏང་བ་དང་འདྲ། ཁོ་ཡར་ལངས་ནས་ལག་ཏུ་བཟུང་བའི་ཤེལ་དམ་གྱི་ཁ་མཐེ་བོང་གིས་གཅོད་ཀྱིན་ཁྱར་ཁྱོར་ངང་བྲོ་འཁྲབ། 
        སང་ཉིན་མནའ་མ་ལེན་ནོ། 
        མནའ་མ་གངས་འཚོ་ལེན་ཡ། 
        གནངས་ཉིན་བག་སྟོན་བྱེད་དོ། 
        བག་སྟོན་ཆང་གིས་བྱེད་ཡ།      
     ཁོས་སྐད་འདར་བའི་གླུ་ངག་དེ་འགུགས་ཅི་ཐུབ་བྱེད་མོད། དེ་ནི་ཁོའི་སྟོང་འདང་ཞིག་ལས་མ་འདས། འོན་ཀྱང་རང་ཉིད་ཆང་གིས་བཟི་ཐེངས་རེ་རེ་ལ་གླུ་དེ་ལེན་པ་གོམས་གཤིས་སུ་འཇགས་འདུག 
     སྔོན་ཆད་ཡིན་ན་རྡོར་སྨྱོན་འདི་ཨ་ལྗོངས་སྡེ་པའི་ནང་ཡ་རབས་བུ་ཕྲུག་གི་ཚད་འཛིན་ས་ཞིག་ཡིན། ཨ་མ་ཤི་རྗེས་རང་ཉིད་བཟའ་རྐྱང་མི་རྐྱང་དུ་ལུས། ཁོས་ཨ་མའི་དོན་དུ་མིག་ཆུ་གཏོར་བ་གྲངས་ཀ་མེད། དེའི་ཐོག་ལ་ཆུང་ཆུང་གི་དུས་ནས་འགྲོགས་ཤིང་འདྲིས་པའི་བུ་མོ་གངས་འཚོ་གཉེན་སློང་ཚོས་སུས་འཐོབ་གང་འཐོབ་ཀྱི་གཡུལ་ཆེན་བཤམས་དུས། ཁོ་ལ་སྤོབས་པ་སྐྱེད་སྤྱད་གང་ཡང་མེད་པས་སེམས་ཁོང་དུ་ཆུད་ཅིང་སྡུག་བསྔལ་གྱིས་ཉིན་མཚན་བསྐྱལ། དེའི་རྐྱེན་གྱིས་སེམས་རྣལ་དུ་མེད་པ་ལྟར་ཁང་ཆུང་ནང་གི་འབྲུ་རིགས་དང་རྒྱུ་དངོས་རྣམས་བཙོང་སྟེ་ཆང་ལ་བརྗེས་ནས་སེམས་ཁ་གསོ་བཞིན་ཡོད་པས་ད་སྐབས་ཁོ་ལ་ཅ་དངོས་མེད་པའི་ཁང་སྟོང་ལས་འཁོར་ས་མེད། 
    སིལ་སིལ། རྡོར་སྨྱོན་གྱིས་རང་གི་ལག་ནང་གི་ཤེལ་དམ་སྟོང་པ་དེ་སྒོ་འགྲམ་གྱི་ཤེལ་ཆག་སྤུངས་པའི་ཁྲོད་དུ་གཡུགས་རྗེས་གཟུགས་ཕུང་ལྗིད་ཏིག་གེར་ཉལ་ཁྲིའི་སྟེང་དུ་འཕངས། ཁོའི་མགོ་བོ་བྲང་དུ་ལྷུང་ཞིང་ཕྱིར་དྲན་གྱི་མེ་ལོང་ནང་དུ་ཆུང་དུས་ཀྱི་བརྒྱུད་རིམ་ཞིག་གཟུགས་བརྙན་བཞིན་ཤར་བྱུང༌། 
     ཨ་མ། ཨུ་ཧུ་ཧུ། གངས་འཚོས་ལག་པས་མིག་མཐའ་སྐྱོར་བཞིན་ངུ༌། ཅི་བྱུང་སོང༌། རྡོ་རྗེས་ཨུ་ཚུགས་ཀྱིས་དྲིས། གངས་འཚོ་ངུ་བཞིན། ངའི་སྨྱུ་གུ་བློ་བཟང་གིས་ཕྲོགས་སོང༌། ཟེར། མ་ངུ་དང་ངས་ཕྱིར་འཕྲོག་ཡོང༌། རྡོ་རྗེས་རྒྱུག་པ་ཕྲ་མོ་ཞིག་བཟུང་ནས་བློ་བཟང་གི་རྗེས་ལ་ཤོར། ཝེ། བློ་བཟང༌། གངས་འཚོའི་སྨྱུ་གུ་ཁྱེར་ཤོག ཅེས་བཤད་པ་ན། བློ་བཟང་ཁ་ཕྱིར་འཁོར་ནས། ཧུན། ཁྱོད་ལ་དགོས་ན་འདི་སྦྱིན། ཞེས་བཤད་དེ་ལག་ནང་གི་རྡོ་ཆུང་ཆུང་ཤུགས་ཀྱིས་འཕངས། རྡོ་དེ་ཐག་སྒྲ་དང་བཅས་རྡོ་རྗེའི་ཐོད་པའི་སྟེང་ལ་ཕོག་སྟེ་རྨ་བཟོས་པ་དང་ཁྲག་ཐོན་བྱུང༌། རྡོ་རྗེས་ལག་པ་ཐོད་པར་གཏུགས་ཙམ་བྱས་ནས་ལག་ངོར་བལྟས། ཨ་མ། ཨུ་ཧུ་ཧུ། ཨ་མ། ཁོའི་ལག་གི་རྒྱུག་པ་ས་ལ་ལྷུང་སྟེ་དཔའ་ཞུམ་ནས་ངུས། གངས་འཚོས་ངུ་ཞོར་ལ་རང་གི་སློག་པའི་གོང་ཁ་ནས་བལ་སྤུ་བཀོག་སྟེ་རྡོ་རྗེའི་ཐོད་པའི་ཁྲག་གཅོད་ཅི་ཐུབ་བྱེད།
   རྡོར་སྨྱོན་་  གནམ་སྐྱབས་ཀྱི་སྐད་སྦོམ་པོ་དེས་རྡོར་སྨྱོན་གྱི་དྲན་པ་དཀྲོགས་སོང་།  ཅི་ཞིག་ལ་འདང་རྒྱག་གི་ཡོད།  ངས་ཨ་མ་དྲན་ཀྱིན་འདུག རྡོར་སྨྱོན་གྱིས་རྫུན་དེ་བཤད།  སེམས་མི་བདེ་ན་ཆང་ཐུངས། གནམ་སྐྱབས་ཀྱིས་བཤད། རྡོ་རྗེ་སྨྱོན་པས་ཤུགས་རིང་ཞིག་བཏང་སྟེ། ང་ལ་གཉིད་འབབ་ཀྱིན་འདུག ཅེས་བཤད་དེ་ཉལ་ཁྲིའི་ཐོག་གན་རྐྱལ་ཏུ་འགྱེལ། མིག་ཟུང་བཙུམས་ཀྱང་གཉིད་མ་ཁུག་པར་སེམས་ནང་ན་སླར་ཡང་གངས་འཚོ་སླེབས།
   རྡོ་རྗེ། ཁྱོད་ལ་ཐབས་ཤེས་རེ་མེད་དམ། ང་ཨ་མགོན་གྱི་མནའ་མར་འགྲོ་མི་འདོད། གངས་འཚོས་ཉམ་ཐག་པའི་མིག་མཐའ་མཆི་མས་སྐོར་བཞིན་དེ་ལྟར་བཤད། རྡོ་རྗེའི་གདོང་ལ་སྐྱོ་ཉམས་ཤིག་བཏོད་དེ། གངས་འཚོ། འཇིག་རྟེན་འདིར་རྒྱུ་ནོར་ལས་བརྩེ་དུང་དབང་བཙན་ཞིང་རིན་ཐང་ཆེ། འོན་ཀྱང་རང་གི་དྲིན་ཆེན་ཕ་མ་ལས་ལྷག་པའི་བྱམས་སེམས་ཅན་ཞིག་བཙལ་ནས་མི་རྙེད། ཁོང་གཉིས་ཀས་ཁྱོད་ཀྱི་མདུན་ལམ་ལ་དམིགས་ཏེ་ཨ་མགོན་གྱི་མནའ་མར་བྱིན་པ་ཡིན་རྒྱུ་རེད། ནོར་མི་འདུག ཨ་མགོན་དེ་འདྲའི་འབྱོར་བ་ཆེ། ཚིག་མཚམས་འདིར་ཐོན་དུས་གངས་འཚོས། 
    མ་རེད། མ་རེད། ཕ་མ་གཉིས་ཀྱིས་ངའི་མདུན་ལམ་བསམས་མི་འདུག གལ་སྲིད་ངའི་མདུན་ལམ་ལ་བསམས་ན་ང་རང་མུ་མཐུད་ནས་སློབ་གྲྭར་འགྲོ་འདོད་ཡོད་ལ། དམིགས་ཡུལ་ཡང་ལག་ཏུ་སྨྱུ་གུ་ཐོགས་པའི་ཤེས་ཡོན་ཅན་ཞིག་བྱེད་འདོད་པ་ལས། རྒྱབ་ལ་སླེ་བོ་ཁུར་བའི་ཞིང་པ་ཞིག་བྱེད་འདོད་རྩ་བ་ནས་མེད། ཁོང་གཉིས་མིག་མདུན་གྱི་རྒྱུ་ནོར་ལ་ཆགས་ཏེ་ང་རང་སྔོན་ཆད་ལོ་ངོ་ལྔ་དྲུག་ཙམ་ལ་སློབ་གྲྭར་སོང་བ་རྩིས་མེད་དུ་བཏང༌། མི་འདོད་བཞིན་དུ་ཨ་མགོན་གྱི་མནའ་མར་འགྲོ་དགོས་ཟེར་གི གངས་འཚོའི་མིག་ཆུ་ཐར་ཐོར་དུ་གཏོར་བཞིན་འདུག 
   གངས་འཚོ། མ་ངུ༌། ངུས་པས་ཅི་ཞིག་ཕན། རྡོ་རྗེས་དབུགས་རིང་ཞིག་བཏང་སྟེ། ངས་ཀྱང་མཐོ་སློབ་འགྲིམ་ཐུབ་ས་མ་རེད། ཨ་མ་ནད་གཞི་ལྗིད་མོ་ཞིག་གིས་ཟིན་འདུག་པས་ངས་ཨ་མ་བཞག་ནས་འགྲོ་མི་ཐུབ། ཟེར། གངས་འཚོས། རྡོ་རྗེ། འུ་གཉིས་ཆུང་དུས་ནས་སློབ་གྲྭ་མཉམ་དུ་འགྲིམས་ཏེ་མཉམ་དུ་ནར་སོན་པ་རེད། དེའི་རིང་ལ་འུ་གཉིས་མཉམ་པོར་རྩེད་མོ་རྩེས། མཉམ་པོར་སྙིང་གཏམ་བཤད། ཞེ་ཐག་པ་ནས་ཁྱོད་རང་ང་ལ་བྱམས། སྙིང་ཐག་པ་ནས་ང་ཡང་ཁྱོད་ལ་དུངས། ལྷག་པར་དུ་ངེད་གཉིས་མི་ཚེ་ཧྲིལ་པོའི་འཚོ་བ་མཉམ་དུ་བསྐྱལ་རྒྱུའི་དམ་བཅའ་བཞག་ཡོད་པ་རེད། ཡིན་ན་ཡང་ད་ལྟ་འདི་འདྲའི་བར་ཆད་ཅིག་སླེབས་དུས་ཁྱོད་ལ་ཐབས་ཤེས་རེ་མེད་དམ། རྡོ་རྗེ། ཞེས་སྐད་འདར་ཞིང་ངུ་ངག་དང་བཅས་མགོ་བོ་རྡོ་རྗེའི་བྲང་ལ་སྦྱར། 
   གངས་འཚོ། ང་ལ་ཐབས་ཤེས་མི་འདུག ཁྱོད་ཀྱིས་བསམས་ན་གང་འདྲ་བྱས་ན་དགའ། རྡོ་རྗེས་མིག་ཆུ་གཏོར་བཞིན་དེ་ལྟར་བཤད། ངའི་བསམ་བློ་ལྟར་ན་ངེད་གཉིས་གནས་སྐབས་ས་ཐག་རྒྱང་རིང་ཞིག་ལ་བྲོས་ན་དགའ། གངས་འཚོས་ངུ་སྐད་དང་བསྡོངས་ནས་ཚིག་དེ་བཤད། མིན། མིན། ངས་ཨ་མ་ཤུལ་དུ་བསྐྱུར་མི་ཕོད། མོ་ལ་འདི་འདྲའི་ནད་གཞི་ཆེ། འོན་ཀྱང་་   མཚམས་འདིར་རྡོ་རྗེས་སྐད་ཆའི་མཇུག་མ་འཁྱོངས། འོ་ན་དེ་ལྟར་བྱ། འུ་གཉིས་ལ་རེ་བ་མི་འདུག ད་ནས་བཟུང་འདས་ཚར་བ་ཐམས་ཅད་སེམས་ནས་དོར་ཅིག གངས་འཚོའི་ཚིག་རྔ་ངུ་སྒྲས་བསྡུས་ཤིང་རྡོ་རྗེ་ལ་འཐམས་པའི་ལག་ཟུང་ག་ལེར་གློད།
  རྡོར་སྨྱོན། ཁྱོད་གཉིད་འདོད་ན་གཉིད། ད་ང་འགྲོ་རྒྱུ་ཡིན། དགོང་མོ་ངའི་ཁྱིམ་ལ་དགོང་ཇ་འཐུང་དུ་ཤོག གནམ་སྐྱབས་ཀྱི་ཚིག་དེས་རྡོར་སྨྱོན་གྱི་སེམས་པ་སླར་ཡང་དཀྲོགས།  ཡ་ཡ། རྡོར་སྨྱོན་གྱིས་ཡ་ལན་གསལ་ལ་མི་གསལ་བ་ཞིག་བཏབ་མོད། མིག་ཀོང་མཆི་མས་བརླན་ཞིང་སྙིང་ཁོང་གྲང་ཤུར་ཤུར་བྱེད། 
   གནམ་སྐྱབས་ནི་རྡོར་སྨྱོན་གྱི་སློབ་གྲོགས་ཤིག་ཡིན་ལ་ད་ལྟ་སློབ་གྲྭར་སྐྱོད་མ་ཐུབ་པར་ཞིང་ལས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། ནམ་ཡིན་ཡང་རྡོར་སྨྱོན་ལ་སེམས་གསོ་དང་བསླབ་བྱ་བརྒྱབ་སྟེ་རོགས་གང་ཐུབ་བྱེད་མོད། འོན་ཀྱང་རྡོ་རྗེ་ནི་རང་གི་དྲིན་ཆེན་གྱི་ཨ་མ་ཤི་བ་དང༌། སྙིང་དང་འདྲ་བའི་གངས་འཚོ་ཤོར་རྐྱེན་གྱིས་སྐྱོ་གདུང་གི་སྡུག་བསྔལ་རི་བོ་འདྲ་ཞིག་སེམས་ལ་ཁུར་ཏེ་ལྟོ་རྒྱབ་ལ་དོ་སྣང་སྤུ་ཙམ་མི་བྱེད་པ་དང༌། སེམས་མ་སྐྱིད་དུས་ཆང་དང་ཐ་མག་ལ་སྤྱོད་ནས་དམིགས་ཡུལ་མེད་པར་གང་ས་གང་ལ་འཁྱམས་ནས་བསྡད་པས། ཨ་ལྗོངས་སྡེ་པས། རྡོ་རྗེ་སྨྱོན་པ། ཞེས་འབོད།
   སྟོན་མཇུག་གི་གནམ་གཤིས་ཧ་ཅང་སྐྱིད་པའི་ཉིན་མོ་ཞིག་ལ། ཨ་ལྗོངས་སྡེ་པས་གདོང་རིའི་ཐང་ཞེས་པའི་སྤང་ཐང་སྟེང་ལ་སྦྲ་གུར་གྱི་སྒར་བརྒྱབ་ནས་སྟོན་ཀའི་ལོ་ཏོག་བསྡུས་ཟིན་པའི་སྤྲོ་སྐྱིད་འགྲུབ་སྟོན་ལ་རྒན་གཞོན་བྱིས་གསུམ་ཕྱོགས་གཅིག་ཏུ་འཛོམས་ནས་གླུ་གར་ལ་རོལ་བཞིན་འདུག རྡོར་སྨྱོན་ལ་འཁོར་ཆོག་པའི་སྦྲ་གུར་ཞིག་མེད་ཀྱང་ཉི་མ་དེར་རང་ཉིད་ཀྱི་སྐྱོ་བ་སངས་ཕྱིར་ལྟད་མོ་པའི་ཁྲོད་དུ་བཙངས། མི་ཚོགས་ཀྱིས། བསྟན་འཛིན་གྱིས་གླུ་ཞིག་ལེན་དགོས། ཞེས་འུར་དིར་རེར་སྐད་བརྒྱབ་པ་ན། བསྟན་འཛིན་ངོ་ཚ་དང་འཚེར་སྣང་གིས་ངས་གླུ་ལེན་མི་ཤེས་ཟེར་བཞིན་པའི་བར་ལ། རྡོར་སྨྱོན་ཚོགས་དབུས་སུ་སོང་སྟེ་ལག་པ་ཡར་བཀྱགས་ནས།
   ངས་གླུ་ཞིག་བླང་ན་ཨེ་ཆོག ཟེར། མི་ཚོགས་ཀྱིས། འོ་རེད། རྡོར་སྨྱོན་གྱི་གླུ་ལ་ཉོན་ཨ། ཞེས་འུར་ཆིལ་ལེར་སྐད་བརྒྱབ། རྡོར་སྨྱོན་གྱིས། ཨུ་ཧི། ཞེས་མགྲིན་ལམ་བསལ་ཞིང་ལག་གཡས་པས་རང་གི་འགྲམ་པ་སྐྱོར་བཞིན་གླུ་ལེན་གྲབས་བྱེད། ལྟད་མོ་པ་རྣམས་འཇམ་ཐིང་ངེར་རྡོར་སྨྱོན་གྱིས་གླུ་ལ་སྒུག 
   མི་འདི་ཚོས་ང་ལ་དྭ་ཕྲུག་ཟེར།། 
       ང་དྭ་ཕྲུག་མ་ཡིན་ཕ་མ་ཡོད།། 
       སྡེ་གཡང་དཀར་སྐྱིད་པའི་ཕ་ཡུལ་རེད།། 
       ནང་རྒན་རྒོན་དྲིན་ཆེན་ཕ་མ་རེད།།
    མི་འདི་ཚོས་ང་ལ་ཁེར་རྐྱང་ཟེར།། 
      ང་ཁེར་རྐྱང་མ་ཡིན་རོགས་པ་ཡོད།།
      ཤིག་སྲོ་མ་མཚན་མོའི་ཉལ་རོགས་རེད།། 
      ལུས་གྲིབ་མ་ཉིན་མོའི་འགྲོ་རོགས་རེད།།
    ཁོས་གླུ་སྐྱོ་མ་དགའ་དེ་བླངས་པ་ན་ལྟད་མོ་པ་ཐམས་ཅད་དལ་ཅག་གེར་ཉན་ཞིང་སེམས་ལ་ཟད་མི་ཤེས་པའི་སྙིང་རྗེ་སྐྱེས་པ་མ་ཟད། མི་ཚོགས་ཀྱི་ཁྲོད་ནས་བུ་མོ་མཛེས་མ་ཞིག་གིས་མིག་ཆུ་འཕྲོ་རིམ་འཕྲོར་ཤོར་གྱིན་འདུག རྡོར་སྨྱོན་ལ་རྔན་པ་ཆང་ཁྱེར་ཤོག སྡེ་དཔོན་གྱིས་སྐད་བརྒྱབ། རྡོར་སྨྱོན་གྱིས་ངལ་གསོ་བྱེད་བཞིན་ཆང་ཤེལ་དམ་གཉིས་ཙམ་སྟོང་པ་བཟོས་ཏེ་ལྟད་མོར་ལྟ། 
  ཝེ། ད་འགྲོ་རན་སོང༌། ངས་ཁྱོད་བསྐྱོར་ནས་སོང་ན་དགའ། གནམ་སྐྱབས་ཀྱི་ཚིག་དེ་རྡོར་སྨྱོན་གྱིས་ཐོས་མ་ཐག འོ་འོ། དེས་ན་ངས་ཡང་བསྐྱར་གླུ་ཞིག་ལེན་དགོས། ཞེས་ཟེར་བཞིན་ཁྱར་ཁྱོར་ངང་ཡར་ལངས་པ་དང་མི་ཚང་མས་དགའ་བསུའི་ཐལ་མོ་བརྡབས།  
སང་ཉིན་མནའ་མ་ལེན་ནོ། 
མནའ་མ་གངས་འཚོ་ལེན་ཡ། 
གནངས་ཉིན་བག་སྟོན་བྱེད་དོ། 
བག་སྟོན་ཆང་གིས་བྱེད་ཡ།  
    གདངས་མི་སྙོམས་ཤིང་ངག་འཛེར་བའི་གླུ་ཚིག་དེས་མི་ཚང་མ་འུར་ཆིལ་ལེར་གད་མོ་ཤོར་དུ་བཅུག གངས་འཚོ་ནི་ངོ་ཚ་དང་འཇིགས་སྣང་གདུང་སེམས་བཅས་མཉམ་དུ་སྐྱེས་ཏེ་མི་ཚོགས་ཀྱི་ནང་ནས་བྲོས། ཨ་མགོན་གྱིས་སྣ་སྒང་གི་མིག་ཤེལ་ནག་པོ་དེ་ལག་པས་ཡར་འདེད་ཙམ་བྱེད་ཅིང་གདོང་བ་ནག་རོག་གེར་སོང༌། ཚུགས་ཀ་ལ་བལྟས་ན་ཁོང་ཁྲོས་ཁོག་པ་སྦོས་ཏེ་རྒྱུ་མ་འགད་གྲབས་ཡོད་པ་འདྲ། 
     ནུབ་ཁའི་ཉི་མ་གླང་ཆེན་གདོང་གི་རི་རྩེར་དམར་ལམ་མེར་ལྷུང༌། མགར་བ་བྲག་ཟེར་བའི་བྲག་རྩའི་གཞུང་ལམ་དཀྱིལ་ན་གཟུགས་པོ་ཁྱར་མ་ཁྱོར་འགྲོ་བཞིན་པ་དེ་རྡོར་སྨྱོན་ལོས་ཡིན། ཨ་མགོན་གྱི་འཕྲུལ་རྟ་གཞུང་ལམ་དེར་འབྱོར་བ་དང་ག་ལེར་འགྲོ་ཞོར་དུ་རྡོར་སྨྱོན་ལ་རྡོག་ཐོས་གཅིག་གཞུས་ཏེ་བསྒྱེལ། རྡོར་སྨྱོན་གྱི་གདོང་བ་རྡོ་ཟོར་རྣོན་པོ་ཞིག་གི་སྟེང་ལ་བརྡབས་ནས་དཔྲལ་བའི་ཐོག་ལ་རྨ་བཟོས་བྱུང༌། མིག་ཤེལ་ནག་པོ་གྱོན་པའི་ཨ་མགོན་གྱིས་འཕྲུལ་རྟའི་སྟེང་ནས་ཡིད་ཚིམ་པའི་བརྡ་ལ་མགོ་བོ་གུག་གེ་གུག་གེར་ལྡེམ། 
     འོན་ཀྱང་འཕྲུལ་རྟའི་ཕྱི་འཕོངས་ན་ཡོད་པའི་བུ་མོ་དེ་དངངས་འཚབ་ཆེན་པོ་སྐྱེས། འཕྲུལ་རྟ་སྔར་བཞིན་མདུན་དུ་སྐྱོད། ཨ་མགོན་གྱིས་བལྟས་བལྟས་རིག་རིག་ལ་འཕྲུལ་རྟའི་མེ་ལོང་ནང་དུ།  མགོ་བོ་ཕྱིར་འཁོར་བྱེད་པའི་བུ་མོ་ཞིག་མཐོང་ལ། སླར་ཡང་མིག་ཆུས་འགྲམ་ངོས་བརླན་པའི་བུ་མོ་ཞིག་མཐོང༌། ཚུལ་འདིས་ནི་ཨ་མགོན་གྱི་སེམས་ནང་ཁོང་ཁྲོའི་མེ་ལྕེ་འབར་ཏེ་བྲང་ཁོག་སྲེག་གིན་ཡོད་པ་ཐག་ཆོད། བཟའ་མི་གཉིས་ཁྱིམ་དུ་འབྱོར་མ་ཐག ཨ་མགོན་གྱིས་སྒོ་རྭའི་འགྲམ་ནས་གདུང་མ་དུམ་བུ་ཞིག་ཁྱེར་ཡོང་ནས་གངས་འཚོའི་ལུས་ཀྱི་སྟོད་སྨད་བར་གསུམ་གང་འདོད་དུ་བརྡུང་ཞིང༌། སྐྲའི་ལན་བུའི་སྣེ་ནས་འཇུས་ཏེ་གཡས་འདྲུད་གཡོན་འདྲུད་བྱས་པས་སྐྲ་སྦར་མོ་གང་རེ་གང་རེ་ཆད་ཡོང༌། 
   གངས་འཚོས་ངུ་སྐད་དང་བསྡོངས་ནས་རང་ཉིད་གཙང་མ་ཡིན་ཚུལ་ཅི་ཙམ་བཤད་ཀྱང༌། ཨ་མགོན་གྱིས་ངོས་ལེན་གཏན་ནས་མ་བྱས། ཉིན་དེ་ནས་བཟུང་གངས་འཚོ་དང་ཨ་མགོན་གྱི་བར་དུ་བརྩེ་དུང་ཞིག་སྐྱེ་ཐབས་མེད་པར་གྱུར། 
   དགོན་པའི་རི་ཞོལ་གྱི་མགར་བ་བྲག་རྩར་ཕྲུ་གུ་མང་པོ་འཚང་ཁ་ཤིག་ཤིག་གིས་ཅི་ཞིག་ལ་བསྐོར་འདུག གནམ་སྐྱབས་མགྱོག་པོར་སོང་སྟེ་ཕྲུ་གུ་ཚོའི་ལྟག་རྒྱབ་ནས་རྐང་པའི་ཕྱི་རྟིང་བཀྱག་སྟེ་བལྟས་པ་ན། རྡོར་སྨྱོན་བཟི་གཏམ་སྨྲ་བཞིན་འགྱེལ་འདུག་པ་ཤེས་ནས་ཡིད་ཐང་ཆད་བཞིན། ཝེ་ཝེ། ཨ་རོག་ཚོ། སོང་སོང༌། བཟི་བོ་ལ་ཅི་ཞིག་བལྟ་རྒྱུ་ཡོད། ཅེས་ཁྲོ་ཉམས་དང་བཅས་བཤད་པ་ན། ཕྲུ་གུ་ཚང་མས་གནམ་སྐྱབས་ཀྱི་གདོང་ལ་ལྟ་གིན་ལྟ་གིན་ཕྱིན་སོང༌། ཝེ། རྡོར་སྨྱོན། ཡར་ལོངས། ཁྱོད་ལ་བཤད་ཀྱིན་ཡོད། ཝེ། ངོ་མི་ཚའམ། རང་མཚང་བསྟན་ནས། ཝེ། རྡོར་སྨྱོན་གྱིས་གནམ་སྐྱབས་ཀྱི་སྐད་གདངས་ངོས་ཟིན་པ་དང་མྱུར་དུ་མགོ་ཡར་བཀྱགས་ཏེ། ཨ་རུ་རུ། ང་ལ་མགོ་ཡོམ་འཁོར་གྱིན་འདུག ཡར་ལངས་ཐུབ་ས་མ་རེད། ཅེས་སྨྲ་བཞིན་གནམ་སྐྱབས་ཀྱི་ཕྱོགས་སུ་གདོང་བ་བསྟན་མ་ཐག གནམ་སྐྱབས་ཀྱིས་རྡོར་སྨྱོན་གྱི་གདོང་བ་ཁྲག་གིས་ཚོས་པ་མཐོང་སྟེ། གདོང་ལ་ཅི་བྱས་པ་རེད། ཅེས་དངངས་འཚབ་ཆེན་པོས་དྲིས། འདི། འདི་ང་ལ་ཨ་མགོན་གྱིས་བཟོས་པ་རེད། ཅེས་ཚིག་ལན་ལྡབ་ལྡིབ་ཅིག་བརྒྱབ། 
   གནམ་སྐྱབས་ཀྱིས་ཚིག་དེ་ཐོས་པ་ན་ཨ་མགོན་གྱི་ཐོག་ལ་ཁོང་ཁྲོ་གཏིང་ནས་སྐྱེས། ཁོས་རྡོར་སྨྱོན་རྒྱབ་ཏུ་ཁུར་ཏེ་རང་གི་ཁྱིམ་དུ་བསྐྱལ། ཉི་མ་དེར་ཨ་མགོན་གྱིས་གངས་འཚོ་དང་རྡོར་སྨྱོན་གཉིས་ཀའི་སེམས་སྟེང་ན་གཏན་དུ་ཡལ་མི་ཐུབ་པའི་ནག་ཐིག་རེ་བཞག་ཡོད་པ་མ་ཟད། ལྷག་པར་དུ་རྡོར་སྨྱོན་ལ་འཇིག་རྟེན་འདིའི་ཐོག་དགྲ་བོ་ཞིག་ཡོད་པར་གྱུར། 
   སྟོབས་འབྱོར་ཆེ་བའི་ཨ་མགོན་ནི་ཚོང་བ་ཞིག་ཡིན་སྟབས་མནའ་མ་གང་འདྲ་ཞིག་དགོས་ཀྱང་དཀའ་ངལ་མེད་པས་གངས་འཚོ་ལ་དམིགས་བསལ་གྱིས་བརྩི་མཐོང་ཅུང་ཟད་ཙམ་ཡང་མི་བྱེད་པར་ཁྱིམ་ལས་ཐད་གཡོག་མོ་ཞིག་གི་གོ་ས་ལས་མ་སྤྲད། གནམ་སྐྱབས་ཀྱི་བྱམས་བརྩེའི་འོག་རྡོར་སྨྱོན་གྱི་གདོང་གི་རྨ་དང་མགོ་བོ་བདེ་ཐང་དུ་སོང་ཡང༌། རྡོར་སྨྱོན་གྱི་སེམས་སུ་ཨ་མགོན་ནི་ཆ་གང་ཐད་ནས་རང་ཉིད་ཀྱི་གོང་གི་མི་ཞིག་ཡིན་སྣང་ཤར་ཏེ་འཁོན་ལན་རྩོད་མ་ཐུབ།  
     ཉིན་ཞིག་གི་ཞོགས་པར། ཨ་ལྗོངས་སྡེ་པ་གྲག་འགུལ་མེད་པར་འཇམ་ཐིང་ངེར་གནས། རྒྱལ་རྔ་ཞིང་འདབས་སུ་སླེ་བོ་རྒྱབ་ལ་ཁུར་བའི་བུ་མོ་ཞིག་ཨོང་བ་བསྡུ་ཞོར་ལ་རྡོར་སྨྱོན་གྱི་ཁང་ཆུང་དང་ཉེ་རུ་ཉེ་རུ་བཅར། རྡོར་སྨྱོན་གྱིས་སྒེའུ་ཁུང་དྲ་མིག་ལས་མིག་ཡ་གཅིག་བཙུམ་ཞིང་ཡ་གཅིག་ཕྱེ་ནས་ཁ་གདངས་བཞིན་ལྐོག་ལྟ་བྱས་འདུག བུ་མོ་དེ་རྡོར་སྨྱོན་གྱི་སྒོ་འགྲམ་དུ་འབྱོར་བ་དང་ཡར་ལྟ་མར་ལྟ་ཞིག་བྱས་ཏེ་ནང་དུ་འཛུལ་བྱུང༌།  
      གངས་འཚོ། རྡོར་སྨྱོན་ཧ་ལས་ཧོན་འཐོར་བའི་ངང་དགའ་སྐྱོ་མཉམ་དུ་འཕེལ་ནས་རང་དབང་མེད་པར་གངས་འཚོའི་བྲང་ཁར་ལྷུང༌། ངུ་མ་དགོད་ཀྱིས་སྐྱ་ཐིང་ཐིང་གི་འགྲམ་པ་གངས་འཚོའི་འགྲམ་པར་སྦྱར་ཞིང་ལག་གཡས་པས་གངས་འཚོའི་མགོ་སྐྲ་བྱིལ་བྱིལ་གཏོང༌། ཡང་བསྐྱར་ངུ་མ་དགོད་ཀྱིས་གངས་འཚོ་ཁྲིད་དེ་ཉལ་ཁྲི་ཆག་པོའི་ཐོག་སྡོད་དུ་བཅུག མཚམས་དེར་གངས་འཚོ་ཡང་མིག་མཐའ་མཆི་མས་བསྐོར་འདུག རྡོར་སྨྱོན་གྱིས་རང་གིས་ཡུན་རིང་བསགས་པའི་སྡུག་བསྔལ་དང༌། ཡུན་རིང་བསགས་པའི་སྨྲེ་ངག་ཆ་ཚང་ལྷག་ཆད་མེད་པར་གངས་འཚོ་ལ་བཤད། གངས་འཚོས་ཀྱང་རང་གི་སེམས་ནང་གི་གདུང་བ་ཡོད་ཚད་རྡོར་སྨྱོན་གྱི་རྣ་རྩར་བླུགས། རྡོར་སྨྱོན་གྱིས་གངས་འཚོ་ལ་བཅིངས་པའི་དུང་སེམས་ཅི་འདྲ་ཞིག་ཡོད་པ་གངས་འཚོ་མ་ཟད་ཨ་ལྗོངས་སྡེ་པའི་རྒན་གཞོན་ཀུན་གྱིས་ཤེས་མོད། གངས་འཚོས་རྡོར་སྨྱོན་ལ་བཅིངས་པའི་བརྩེ་ཞེན་ཅི་འདྲ་ཞིག་ཡོད་པ་ནི་རྡོར་སྨྱོན་རང་གིས་ཀྱང་ད་བར་དུ་ཤེས་མེད། 
     དེ་རིང་རྡོར་སྨྱོན་གྱི་སེམས་སྟེང་གི་ན་ཚ་ཕལ་ཆེ་བ་སངས་ཐུབ་པ་ནི། གངས་འཚོས་རང་ཉིད་སེམས་ནས་དོར་མེད་པར་ཞེ་ཐག་པ་ནས་བྱམས་བརྩེས་འཆིང་བཞིན་པ་ཧ་གོ་བས་རེད། 
   གངས་འཚོ། ད་ཁྱོད་སོང་ན་ཆོག ངའི་ཡིད་ཚིམས་སོང༌། ད་ཕྱིན་ཆད་ངའི་སེམས་སྐྱིད་པ་ཡིན། རྡོར་སྨྱོན་གྱིས་བཤད། རྡོ་རྗེ། ངའི་མི་ཚེ་ང་ལ་མ་དབང་བས་ངེད་གཉིས་ཀྱི་འདོད་དོན་མ་གྲུབ། ཡིན་ན་ཡང་དེ་རིང་ཁྱོད་ཀྱིས་ང་ལ་ཅི་བྱེད་འདོད་ན་བྱོས། ང་མི་སྐྲག གངས་འཚོས་ཚིག་དེ་བཤད་ནས་རྡོར་སྨྱོན་གྱི་བྲང་ཁར་མགོ་བོ་སྦྱར།    སྙིང་རྩ་དྲག་ཏུ་ལྡིང་བཞིན་པའི་རྡོར་སྨྱོན་སྐྲག་ཐག་ཆོད་ནས། མིན། མིན། ངས་བསམ་བསམ་པ་ནི་ངེད་གཉིས་སྔར་བཞིན་གཅིག་གིས་གཅིག་ལ་བྱམས་རྒྱུ་ཙམ་ཡིན། ཞེས་སྙིང་པོ་གང་ཡང་མེད་པའི་ཚིག་དེ་ཤོར།  འོ་ན་ང་འགྲོ་རྒྱུ་ཡིན། རྗེས་མར་སླར་ཡང་ཐུག་ཆོག གངས་འཚོས་དེ་ལྟར་བཤད་ནས་ཆང་དུད་ཀྱི་དྲི་མ་ལས་མར་རྩམ་གྱི་དྲི་མི་བྲོ་བའི་ཁང་ཆུང་དེར་ཞིབ་ལྟ་ཞིག་བྱས་རྗེས། སྒོ་འགྲམ་དུ་ཤེལ་དམ་ཆག་འཕྲོ་སྤུངས་འདུག་པ་མཐོང་སྟེ་ཧ་ལས་སོང༌། རྡོ་རྗེ། འདི་འདྲའི་ཆང་དམ་མང་པོ་ཞིག ཨ་ཨ། མོའི་བློ་ཕམ་བཞིན་སྒོར་ཕྱིན་སོང༌། 
    སྟབས་མ་ལེགས་པ་ཞིག་ལ། ཁྱིམ་མཚེའི་རྒན་མོ་གསེར་སྐྱིད་ཁང་ཐོག་ཏུ་འབྲུ་རིགས་འཕྱར་བཞིན་གངས་འཚོ་རྡོར་སྨྱོན་གྱི་ཁྱིམ་ནས་ཐོན་ཏེ་འཚབ་འཚུབ་ཀྱིས་འགྲོ་བ་མཐོང༌། མོས་མྱུར་དུ་མ་མཐོང་ཁུལ་གྱིས་གདོང་བ་གཞན་དུ་ཕྱོགས་མོད། སེམས་ནང་ལ་ལྷ་སྲིན་སྡེ་བརྒྱད་འཁྲུགས་ནས་ཅི་ཡིན་གང་ཡིན་གྱི་དྲི་བ་མང་པོས་འཚང་ཁ་རྒྱག མགོ་བོ་ལྡེམ་ལྡེམ་གཡོ་བའི་ཚུལ་ལ་བརྟགས་ན་ཡོད་ཚད་ཤེས་སོང་ཟེར་བ་འདྲ། མོས་ཕྱུག་པོ་སུ་ཡིན་ཡང་གུས་གུས་ཞུམ་ཞུམ་བྱེད་ལ། དབུལ་པོ་སུ་ཡིན་རུང་མཐོང་ཆུང་དང་ཟུར་ཟ་བྱེད། ལྷག་པར་དབྱེན་དཀྲུག་གཏོང་རྒྱུར་ཧ་ཅང་དགའ། 
    གངས་འཚོ་ཞིང་ཁར་ལས་ཀར་སོང་བའི་སྐབས་དང་བསྟུན་ནས་གསེར་སྐྱིད་ཨ་མགོན་གྱི་ཁྱིམ་དུ་འཛུལ། ངས་རྫུན་གཏན་ནས་མིན། མིག་གིས་མཐོང་སོང༌། སྔོན་མར་རྡོར་སྨྱོན་གྱི་བཟི་གླུ་ཤོར་ཚུལ་དང༌། ཁ་སང་ངས་མཐོང་ཚུལ་ལ་བསམ་དུས། གངས་འཚོས་ཁྱོད་མི་ཕར་ཞོག ཁྱིའི་སར་ཡང་འཇོག་གིན་མེད་པ་འདྲ། ཁྲེལ་མེད་མ་དེས་གཤིས་བཟང་ཁྱེད་ལ་འདི་འདྲའི་མཐོང་ཆུང་བྱས་ན། རྒན་མོ་ང་ཡིན་རུང་ཁོང་ཁྲོ་གཏིང་ནས་ཟ་གི གསེར་སྐྱིད་ཀྱི་ཚིག་དེས་ཨ་མགོན་ཞེ་སྡང་གིས་སྲེག་ལ་ཁད་དུ་བྱེད། ཉིན་དེར་གསེར་སྐྱིད་ཀྱིས་ཨ་མགོན་ཚང་ནས་ཇ་དྲི་རྩམ་དྲི་ཞིག་རག་པ་ནི་གཏམ་ངན་དེའི་མཐར་ཐུག་གི་རིན་འབབ་ཡིན། དགོང་མོ་དེར་ཨ་མགོན་ཚང་གི་ཟིང་ཆས་ཁྱིམ་མཚེས་ཚོ་ཡང་འདུག་བཟོད་མེད་པ་བཟོས།   
   ཕྱི་ཉིན་ནམ་ལངས་པ་ནས་རྒན་མོ་གསེར་སྐྱིད་ཀྱི་གཏམ་དེ་གཅིག་ཁར་གཉིས་སྣོན་གྱིས་ཨ་ལྗོངས་སྡེ་པའི་ཉིན་སྲིབ་གཉིས་ལ་ཁྱབ། ཉིན་ཞིག་ཨ་མགོན་གྱིས་གངས་འཚོའི་ཕ་མ་གཉིས་ལ་བུ་མོའི་ངན་མཚང་མང་པོ་བྲུས་ཏེ་ཕྱིན་ཆད་འགྲོ་སྟངས་ལ་བསླབ་བྱ་གནང་དགོས་པར་བཤད། ཕ་མ་གཉིས་ཀྱང་གངས་འཚོའི་ཐོག་ལ་མི་བཟོད་པའི་ཁོང་ཁྲོ་ལངས་ཤིང་བུ་མོ་སྒྲོལ་མ་བརྒྱུད་ནས་ཡི་གེ་ཞིག་གངས་འཚོ་ལ་བསྐུར། 
   ཡིག་ཐོག་ཏུ། གངས་འཚོ། མི་འཁྱམ་རྡོར་སྨྱོན་དང་འགྲོགས་ནས་ཁྱོད་ཀྱི་མི་ཁ་ས་སྟེང་ལ་ཁྱབ། ལྷག་པར་དུ་བུ་མོ་ཆུང་བ་སྒྲོལ་མའི་ཁ་ལས་དབང་ཐང་ཡང་གནམ་ནས་ས་ལ་འཕངས། སྨྱོན་མ་ཁྱོད་ཀྱིས་ད་ནས་བཟུང་ཨ་མགོན་གྱིས་ཅི་བཤད་བསྒྲུབ་པ་ལས་རྡོར་སྨྱོན་གྱི་གཏམ་ལ་ཉན་ན། དྲིན་ཆེན་ཕ་མ་ཟེར་བའི་འཁོར་ས་ཞིག་གཏན་ནས་མེད། ཅེས་བྲིས་འདུག གངས་འཚོའི་སེམས་གཏིང་ནས་མིག་ཆུ་བསླངས། མཚན་མོ་ཉལ་སའི་ནང་དུ་སྐྱོ་གདུང་གསོག་གིན་གསོག་གིན་ཕ་མ་གཉིས་ཀྱི་སྟེང་དུའང་འཚིག་པ་ཟོས། ལྷག་པར་དུ་ཨ་མགོན་ནི་རང་གི་དགྲ་ཞིག་གི་འདུ་ཤེས་ལས་མ་ཤར་སྟབས། མོས་བསམ་བློ་ཡར་སྐོར་མར་སྐོར་གྱིས་འདང་བརྒྱབ་བརྒྱབ་པའི་མཇུག་ཏུ། མལ་སའི་ནང་དུ་གཉིད་སྐྱིད་པོ་ཁུག་བཞིན་པའི་བུ་ཆུང་བཀྲ་ཤིས་ཀྱི་གདོང་ལ་འོ་ཞིག་བྱས་ནས་སྐྱུར་བཟོད་ལ་མ་བཟོད་པའི་ངང་ནམ་སྨད་ཙམ་ལ་ལྐོག་ཏུ་འཇབས་ནས་སྒོ་རུ་ཕྱིན་སོང༌།
    ཕྱི་ཉིན་ཞོགས་པར་གངས་འཚོ་མི་འདུག་ཟེར་བའི་སྐད་ཆ་ཞིག་སྒྲོག་གིན་ཡོད་ལ། རྡོར་སྨྱོན་མི་འདུག་ཟེར་བའི་སྐད་ཆ་ཞིག་ཀྱང་སྒྲོག་གིན་འདུག ཉིན་གུང་མ་ཟིན་ཙམ་ལ་ཨ་མགོན་ལ་རྔ་བ་རྫོང་མི་མང་ཁྲིམས་ཞིབ་ཁང་དུ་འབྱོར་དགོས་ཞེས་ཁ་པར་སླེབས། ཨ་མགོན་གྱིས་རིན་གོང་ཆེ་བའི་སྟོད་གོས་དང་སྐང་སྣམ་གྱོན་ཞིང་གསེར་གྱི་སོར་གདུབ་དང་ལག་གདུབ་དཀྲིས། གཟི་དང་བྱུ་རུའི་སྐེ་རྒྱན་ཉིས་རིམ་ཞིག་བཏགས། ཝ་ཞྭ་སེར་པོའི་འོག་ནས་མིག་ཤེལ་ནག་པོ་ཞིག་གྱོན། ཁེངས་དྲེགས་ངང་སྦག་སྦག་ཞོན་ནས་བསྐྱོད། 
    ཁྲིམས་ཞིབ་པ་ཚོས་ཨ་མགོན་དང་གངས་འཚོ་གཉིས་གཅིག་གིས་གཅིག་མཚང་བཏོན་པ་ལ་ཉན་རྗེས། ཁོང་གཉིས་འཐད་མོས་ཀྱིས་གཉེན་སྒྲིག་བྱས་པ་མིན་པ་དང༌། གཉེན་སྒྲིག་དཔང་ཡིག་ཀྱང་མེད་སྟབས་རྡོར་སྨྱོན་དང་གངས་འཚོ་གཉིས་ཀྱི་རང་དབང་ལ་འགལ་རྐྱེན་སུས་ཀྱང་གཏོང་མི་ཆོག་ཅེས་པ་ནི་དགའ་འོས་པའི་གཏམ་ཞིག་ཡིན་མོད། བུ་ཆུང་བཀྲ་ཤིས་གསོ་རིན་དུ་གངས་འཚོ་དང་རྡོར་སྨྱོན་གཉིས་ཀྱིས་ཨ་མགོན་ལ་སྒོར་ཉིས་སྟོང་སྤྲོད་དགོས་པའི་མཐའ་བསྡོམས་བྱས། གངས་འཚོས་ལོ་དུ་མའི་རིང་ཨ་མགོན་ཚང་ལ་གཡོག་བྱས་ཚུལ་དང༌། ཨ་མགོན་གྱིས་སྡེ་པ་གོང་འོག་གི་བུ་མོ་ཚོར་ངན་འབྲེལ་བྱས་ཚུལ་མང་དུ་བཤད་ཀྱང༌། ཨ་མགོན་གྱིས་མི་བདེན་ཞེས་པའི་ཚིག་དེ་ལ་མཐའ་གཅིག་ཏུ་ངོས་ལེན་བྱེད་པ་ནི་ཁྲིམས་ཞིབ་པ་ཚོས་ཨ་མགོན་གྱི་ཕྱི་གོས་དང་གཟུགས་བཟོ་ལྟ་ལ་བལྟས་པ་ཡིན་སྲིད།   
   གངས་འཚོ་དང་རྡོར་སྨྱོན་གཉིས་ཡར་རྒྱུག་མར་རྒྱུག་བྱས་ཏེ་སྒོར་མོ་ཉིས་སྟོང་གཡར་ནས་ཨ་མགོན་གྱི་རྙོག་གླེང་མེད་པ་བྱས། དུས་དེ་ནས་བཟུང་གངས་འཚོ་དང་རྡོར་སྨྱོན་གཉིས་ཀྱི་སེམས་ཁོང་གི་གདུང་བ་མཉམ་དུ་སངས། 
   ཨ་ལྗོངས་སྡེ་པའི་དམིགས་བསལ་རེ་འདོད་ལྟར་རྡོར་སྨྱོན་ས་གནས་སློབ་གྲྭའི་བོད་ཡིག་དགེ་རྒན་དུ་འདེམས་བསྐོ་བྱས་པས་གངས་འཚོ་ཡང་ནམ་ལངས་པ་ལྟ་བུའི་དགའ་སྤྲོ་འཕེལ། རྡོར་སྨྱོན་ནི་ལས་བྱེད་པའི་གོ་ས་ཞིག་གློ་བུར་དུ་ཐོབ་པ་དང་ང་རྒྱལ་དང་སྤོབས་པ་ཆེ་རུ་སོང༌། གངས་འཚོས་ཨུ་ཚུགས་མང་པོ་བརྒྱབ་ནས་རྡོར་སྨྱོན་ལ་ཆང་རག་སྤང་དགོས་པར་བཤད་ཀྱང༌། རྡོར་སྨྱོན་གྱིས། གངས་འཚོ། ཆང་འདི་ནི་ངའི་མི་ཚེའི་སྡུག་གྲོགས་ཡིན་པ་མ་ཟད་སྐྱིད་གྲོགས་ཀྱང་ཡིན། གཏན་ནས་སྤོང་མི་ཐུབ་པས་དེ་ལྟར་མ་ཟེར་རོགས། ཞེས་བཤད་པས་གངས་འཚོ་རེ་བ་ཆད། 
    རྡོར་སྨྱོན་ལ་ཟླ་རེར་ཟླ་ཕོགས་སྒོར་ཉིས་བརྒྱ་རེ་ཡོད་ཀྱང་དེས་བཟའ་མི་གཉིས་ཀྱི་ལྟོ་རྒྱབ་ལ་རོགས་ཐུབ་རྒྱུ་ཕར་ཞོག རྡོར་སྨྱོན་རང་ཉིད་ཀྱི་ཟླ་གཅིག་རིང་གི་ཆང་རིན་ཡང་ཡག་པོ་མི་འདང།   
   ཡིན་ནའང་གངས་འཚོས་ཕྱོགས་གང་ཐད་ནས་དཀའ་ལས་བརྒྱབ་ནས་བཟའ་མི་གཉིས་ཀའི་ཁ་གསོ་ཐབས་བྱས། ཁོང་གཉིས་སྐྱིད་སྡུག་མཉམ་མྱོང་གི་ལོ་ཟླ་གང་མང་ཞིག་འདས་ཀྱང༌། སྔར་གྱི་རྡོར་སྨྱོན་གྱི་ཁང་ཆུང་ཅུང་ཟད་ཀྱང་རྒྱ་བསྐྱེད་མ་ཐུབ་པ་མ་ཟད། སྔར་གྱི་སྒོར་མོ་གཡར་མ་དེའི་སྐྱིན་ཚབ་ཀྱང་སོད་མེད། ལྷག་པར་དུ་ཁོང་གཉིས་ལ་བུ་གཅིག་ཀྱང་མ་བྱུང་པས་སེམས་ཧ་ཅང་སྐྱོ། 
 གངས་འཚོས་རང་གི་གནས་ཡུལ་སྔོན་མར་ལུས་པའི་བུ་བཀྲ་ཤིས་ཐེངས་མང་པོར་འགུགས་ཐབས་བྱས་ཏེ་མ་བུའི་བརྩེ་དུང་གི་འདུ་ཤེས་ཤིག་བྱུང་ན་འདོད་ཀྱང༌། བཀྲ་ཤིས་ནི་ཨ་ཕ་ཨ་མགོན་གྱིས་བཤད་པ་ལྟར་གངས་འཚོས་ས་རྡོ་བཞིན་དུ་གཡུགས་ནས་སོང་བ་བསམ་ཞིང༌། རྡོར་སྨྱོན་བཟའ་མི་གཉིས་ལ་དགྲ་བོའི་འདུ་ཤེས་བཟུང་ཡོད་པས་གངས་འཚོ་ལ་མིག་ལོག་མ་གཏོགས་མི་ལྟ།
   ཨ་མགོན་གྱིས་གངས་འཚོ་སོང་བ་ནས་མནའ་མ་དཀར་མོ་སྒྲོན་བླངས་ཏེ་རིམ་བཞིན་བུ་དང་བུ་མོ་གསུམ་ཙམ་སྐྱེས། ཁོས་ནམ་རྒྱུན་དཔའ་ངོམ་དང་རྒྱུ་ངོམ་བྱས་ཏེ་རྡོར་སྨྱོན་ལ་མཐོང་ཆུང་དང་འགྲན་སློང་གང་ཐུབ་བྱེད་མོད། རྡོར་སྨྱོན་གྱིས་བུ་ཆུང་བཀྲ་ཤིས་ཀྱི་སེམས་ལ་གནོད་འགྲོ་སྙམ་ནས་ཨ་མགོན་ལ་གཡོལ་གང་ཐུབ་ཐུབ་བྱས་ནས་འཐབ་ཡ་བྱེད་ཀྱི་མེད། 
 འཇིག་རྟེན་འདིར་ང་ལ་བུ་གཅིག་ཡོད་པ་ནི་བཀྲ་ཤིས་རེད། དེས་ང་ལ་ཨ་མར་མ་འབོད། ཤུ་་  གངས་འཚོས་ཤུགས་རིང་དང་བཅས་སྐད་གཉོམ་པོས་དེ་ལྟར་བཤད།  སེམས་སྡུག་མ་བྱེད་དང༌། འུ་གཉིས་ཀས་ད་རུང་ཐབས་ཤེས་འཐེན་ཆོག རྡོར་སྨྱོན་གྱིས་བཤད།  དཀར་མོ་སྒྲོན་གྱིས་རང་གི་བུ་ཚེ་རིང་ལ་ཁྱིམ་སོ་འཛིན་འཇུག་འདོད་ཀྱིས་བཀྲ་ཤིས་ཆུང་དུས་ནས་མིག་ནང་གི་གྲ་མར་གྱུར་ཡོད། གངས་འཚོས་བཤད། འོ་ན་བཀྲ་ཤིས་འུ་གཉིས་ལ་ཐོབ་ན། གངས་འཚོས་རྡོར་སྨྱོན་གྱི་ཚིག་མཇུག་ཕྲོགས་ཏེ། དེ་ལས་སྐྱིད་ཅིག་གང་ན་ཡོད། ཡིན་ནའང་བཀྲ་ཤིས་རང་གི་ཕ་ཨ་མགོན་ལ་བརྩེ་ཞེན་ཧ་ཅང་ཆེ་ལ་ཨ་མགོན་གྱིས་ཀྱང་ཁོ་ཤིན་ཏུ་གཅེས་སྐྱོང་བྱེད་པས་འུ་གཉིས་ལ་འཐོབ་མི་ཐུབ། གངས་འཚོས་བློ་ཕམ་ངང་དེ་ལྟར་བཤད།
   བཀྲ་ཤིས་ལ་གངས་འཚོ་རང་གི་མའི་འདུ་ཤེས་མེད་པ་དེ་གངས་འཚོའི་སེམས་སྟེང་གི་རྨ་ཁ་ཞིག་ཡིན་ལ། རྡོར་སྨྱོན་ཡང་དེའི་དོན་དུ་སེམས་ཁྲལ་ཚད་མེད་བྱེད། ད་དུང་གངས་འཚོ་རྡོར་སྨྱོན་དང་འགྲོགས་པ་ནས་བཟུང་མོའི་ཕ་མ་གཉིས་ཀྱིས་མཽ་ལ་ངའི་བུ་མོ་ཟེར་བའི་སྐད་ཆ་གཏན་མེད་དུ་གྱུར་ཡོད། 

གསལ་བཤད།  མུ་འགོད་སྒྲུང་རྩོམ་འདི་ལ་ཚན་པ་བཞི་ཡོད།
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading