གཉིས
    ཆར་བ་འབབ་རྒྱུན་ཆད་ནས་ཡུན་རིང་སོང༌། སྟོན་མཇུག་གི་གྲང་རླུང་འུར་འུར་དུ་ལྡང་ནས་དགུན་ཁའི་དུས་ཚུགས་ལ་བསུ་མ་བྱེད། གྲང་ཤུར་ཤུར་གྱི་ཁང་ཆུང་ནང་དུ་རྡོ་རྗེ་སྨྱོན་པ་ཆང་འཐུང་རྒྱུ་མ་རག་པར་ཉིན་ཞག་ཁ་ཤས་སོང་བས་བསྡད་ན་སྡོད་མི་ཚུགས། ལངས་ན་ལངས་མི་ཚུགས། ཉིན་མཚན་གཏོང་དཀའ་ཞིང་ཅི་བྱ་འདི་བྱ་མེད་པར་ལུས་འདུག ཁོས་ཟླ་ཕོགས་ལེན་རྒྱུར་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་བྱེད། དེ་ལྟར་ཉིན་ཤས་སོང་རྗེས་ཁོས་ཟླ་ཕོགས་ལེན་ཐུབ་སོང༌།

     ཟླ་ཕོགས་ལག་ཏུ་འབྱོར་མ་ཐག་རྐང་འཁོར་ལ་ཞོན་ཏེ་རྔ་བ་རྫོང་དུ་བསྐྱོད། རྔ་བ་རྫོང་དུ་ཚོང་ཁང་དང་ཟ་ཁང་ཕལ་ཆེར་ལ་ཆང་དང་ཐ་མག་འཚོང་རྒྱུ་ཡོད་མོད། རྡོར་སྨྱོན་ནི་ནམ་རྒྱུན་འགྲོ་གོམས་ཡོད་པའི་དམིགས་བསལ་ཆང་རིགས་ཚོང་ཁང་གི་དྲི་མས་དབང་མེད་དུ་བཀུག ཁོས་རྐང་འཁོར་གྱི་འཕོངས་སུ་བཀལ་བའི་ཏ་ལེན་ཁུག་མའི་ནང་ཆང་རག་ཤེལ་དམ་གྱིས་བཀང་ཞིང༌། དེའི་ཐོག་ལ་ཐ་མག་སྒམ་ཆག་ལྔ་ཙམ་ཐག་པས་བསྡམས། ཕལ་ཆེར་ཟླ་ཕོགས་ཀྱི་སྒོར་མོ་ཆ་ཚང་གིས་ཉོས་པ་ཡིན་སྲིད། ཆང་ཤེལ་དམ་གཅིག་གི་ཁ་གཅོད་ཕྱེ་ནས་སྲིན་ལག་སྟེང་དུ་ཆང་ཐིགས་ཤིག་བསྒོས་རྗེས། དཀོན་མཆོག་གསུམ་ལ་མཆོད། ཅེས་ཟེར་ཞོར་མཛུ་གུའི་སྟེང་གི་ཆང་ཐིགས་དེ་རང་གི་རྣ་རྒྱབ་ཏུ་གཡུགས་མ་ཐག་ཤེལ་དམ་རང་གི་མཆུ་ལ་སྦྱར། ཁོའི་སེམས་སུ། གངས་འཚོ་ལ་སྟོད་ཐུང་ཡག་པོ་ཞིག་ཀྱང་ཉོ་དགོས་འདུག་མོད། ད་རེབ་སྒོར་མོས་མི་འདང༌། ཟླ་རྗེས་མའི་ཟླ་ཕོགས་ལེན་སྐབས་ངེས་པར་དུ་ཉོ་ཐབས་བྱེད་དགོས་སྙམ། ཁོས་ཆང་འཐུང་གིན་འཐུག་གིན་གླུ་དབྱངས་གཏོང་ཞིང༌། ཆང་འཐུང་གིན་འཐུང་གིན་རྐང་འཁོར་ཞོན་ཏེ་རང་ཡུལ་ལ་བསྐྱོད། 
   ཨ་ལྗོངས་སྡེ་པར་མ་འབྱོར་གོང་གི་ལབ་རྩེ་འཕྲང་ཞེས་པའི་བྲག་འཕྲང་དེར་གླིང་སེང་ཆེན་རྒྱལ་པོའི་མདའ་གཞུ་སྐོན་ས་ཟེར་བའི་བྲག་དམར་པོ་འཛེར་མ་འདྲ་བ་ཞིག་རི་ངོས་ནས་འབུར་ཡོད། རྡོར་སྨྱོན་ས་དེར་འབྱོར་བ་དང་རྐང་འཁོར་ལས་བབས་ནས་ལམ་འགྲམ་གྱི་དེའུ་འབུར་སྟེང་དུ་ཆང་འཐུང་ཞོར་ལ་ངལ་གསོ་བྱས། སྐབས་དེར་ཨ་མགོན་ཡང་རྫོང་ནས་འཕྲུལ་རྟ་ཞོན་ཏེ་ས་དེར་འབྱོར་བ་དང༌། ཁོས་རྡོར་སྨྱོན་མཐོང་བ་ན་འཕྲུལ་རྟ་ཇེ་དལ་དུ་བཏང་སྟེ་རྡོར་སྨྱོན་གྱི་རྐང་འཁོར་ལ་ཟུར་ཙམ་རྡུང་ཁ་བརྒྱབ་མ་ཐག རྐང་འཁོར་གཞུང་ལམ་དུ་འགྱེལ་ཏེ་ཆང་རག་ཤེལ་དམ་ཚང་མ་བཅག་ནས་ཧྲུག་ཧྲུག་བཏང༌སོང་།
  འོ་་་འོ་་་་། མ་བཟང་ཐལ། རྡོར་སྨྱོན་གྱི་སྙིང་ནོར་ཁུག་མ་གང་བོའི་ཚེ་རྫོགས་སོང༌། ཨོྃ་མ་ཎི་པདྨེ་ཧཱུཾ། འཚིག་པ་མ་ཟ་ཨ། གཅེས་ཕྲུག ཧིཧི་ཧི། ཨ་མགོན་གྱིས་དགོད་ཞོར་ལ་དེ་ལྟར་བཤད། རྡོར་སྨྱོན་གྱིས་རང་གི་སྲོག་ལྟར་གཅེས་པའི་ཆང་རག་བདུད་རྩི་རྣམས་དྲི་མ་ཐུ་ལུ་ལུར་ལམ་དཀྱིལ་དུ་བཞུར་འགྲོ་བ་མཐོང་ཞིང༌། ཉན་མི་བཟོད་པའི་སྐད་ཆ་དེ་ཐོས་པས་སེམས་གཏིང་ནས་དཀྲུགས་བྱུང༌། དེའི་ཁར་ཆང་གིས་བཟི་ཟིན་པས་ཐེ་ཚོམ་མེད་པར། ཝེ། ཆང་རིན་རྩིས་བརྒྱབ་ནས་ད་ལྟ་ཁུར་ཤོག ཅེས་སྐད་བཙན་དྲག་ངང་བཤད། ཨ། ཆང་རིན་ཟེར་རམ། ཤོག་དང་གཅིན་པ་ལྡུད། ཧི་ཧི། 
    ཨ་མགོན་གྱི་ཚིག་དེས་རྡོར་སྨྱོན་སྡོད་མ་ཐུབ་པར་རང་དབང་མེད་པར་ཡར་བསླངས་བྱུང༌། ཁོས་ལག་ཏུ་བཟུང་བའི་ཤེལ་དམ་ཨ་མགོན་གྱི་མགོ་བོར་གཟས་ཡོང་དུས་ཨ་མགོན་མྱུར་སྟབས་ཀྱིས་རྡོར་སྨྱོན་གྱི་ལག་མཁྲིག་ནས་འཇུས་ཏེ་གཡས་ཕྱོགས་སུ་ཤུགས་ཀྱིས་དཀྱུས།
རྡོར་སྨྱོན་འཁྱར་མ་འཁྱོར་ཁ་སྤུབ་ཏུ་ཐང་ལ་བསྒྱེལ། སྐབས་དེར་ཨ་མགོན་གྱིས་མྱུར་བར་རྡོར་སྨྱོན་གྱི་གཉའ་བ་ནས་མནན་ཅིང་ཤེལ་ཆག་གི་ཁྲོད་དུ་གདོང་བ་བརྡབ་གསིག་བྱེད་ཀྱིན། ཡ་རྡོར་སྨྱོན། ཆང་ཐུངས་དང་ཆང་འདི་ཁྱོད་རང་གི་ཆང་རེད། ཅེས་ཟེར་བཞིན་ཤེལ་ཆག་དང་ཆང་གིས་བརླན་པའི་ལམ་ནང་དུ་རྡོར་སྨྱོན་གྱི་མགོ་བོ་བརྡབས་ཏེ་གདོང་བ་རྨ་དང་ཁྲག་གིས་ཚོས། 
   རྡོར་སྨྱོན་འཕག་སྟངས་ཤིག་གིས་ཨ་མགོན་གྱི་མཛུག་མགོ་རང་གི་ཁ་ནང་དུ་ཐོན་པ་དང་མྱུར་མོར་ཤུགས་ཆེན་པོས་སོ་བཏབ། ཨ་ཚི་ཚི། ཨ་མགོན་གྱིས་སྐད་ངན་ཞིག་ཤོར་བ་དང་མཉམ་དུ་ལག་པ་འཐེན་ཅི་ཐུབ་བྱས་ནས་བླངས། ཁོས་ལག་མགོ་སྐྱོར་བཞིན་རེ་ཞིག་ཟུར་དུ་གཡོལ་བ་ན། རྡོར་སྨྱོན་ཡར་ལངས་ཏེ་སླར་ཡང་ཐེ་ཚོམ་མེད་པར་ཤོར། ཨ་མགོན་ཤེད་ཆེ་བས་རྡོར་སྨྱོན་ལག་པ་གཉིས་ཀྱིས་གནམ་ལ་ཕྱར་ནས་ལམ་འགྲམ་གྱི་རྔ་ཆུའི་ནང་དུ་གཡུགས། 
    རྔ་ཆུ་ལ་སྙིང་རྗེ་མེད་པ་བཞིན་རྡོར་སྨྱོན་ཆུ་འོག་ཏུ་བཅུག་སྟེ་ཡུད་ཙམ་ལ་ཁུར། དེ་ནས་སླར་ཡང་རྡོར་སྨྱོན་གྱི་མགོ་བོ་ཆུ་སྟེང་དུ་ནག་འབུར་རེ་མངོན་པ་དང་རྐང་ལག་གཉིས་ཀ་ཕར་གཡུག་ཚུར་གཡུག་བྱས་མཐར་ཆུ་འདབས་ལ་སླེབས། སྐབས་དེར་ཨ་མགོན་གྱིས། ཧ་ཧ་ཧ། ཧི་ཧི་ཧི། ཞེས་ཡིད་ཚིམ་ནས་དགོད་ཞོར་དུ་ལག་མགོ་དཔྱི་སྒང་ལ་ཁེན་ཏེ་སྡོད། རྡོར་སྨྱོན་གྱིས་ད་གཟོད་དྲན་པ་ལྟར་རྐེད་གསེང་གི་གྲི་ཆུང་གློ་བུར་དུ་བཏོན་ཅིང༌། མ་ཁར་སོ་བཏབ་ཀྱིས་ཤོར་ཡོང༌། ཨ་མགོན་གྱིས་ཀྱང་རྐེད་གསེང་གི་གྲི་རིང་བཏོན་ནས་གཡུག་ཐེངས་གཅིག་གིས་གྲི་སྣེ་རྡོར་སྨྱོན་གྱི་བྲང་གཞུང་དུ་སླེབས་ན་ཡང་ཐེ་ཚོམ་ངང་ཕྱིར་འཐེན་བྱས། ཁོ་ལ་རྒྱུ་ནོར་ཡོད་ཀྱང་སྙིང་སྟོབས་མི་འདུག
    རྡོར་སྨྱོན་གྱིས་གྲི་ཆུང་དེ་སོམ་ཉི་མེད་པར་གཡས་བསྣུན་གཡོན་བསྣུན་བྱས་མཐར་ཨ་མགོན་གྱིས་འགོག་མ་ཐུབ་པར་བྲང་ལ་འཛེར་བྱུང༌། ཨ་མགོན་གྱིས་སྐད་ངན་ཞིག་ཤོར་སྟེ་སྡོང་རྒན་བཅད་པ་ལྟར་ས་ལ་འགྱེལ་ཞིང་ཁ་གཉེར་སྣ་གཉེར་འགའ་བྱས་རྗེས་འགུལ་རྒྱུ་གཏན་ནས་མེད་པར་གྱུར།
    བུ་དཔའ་བོ་སློག་རུལ་འོག་ན་ཡོད། །མཚོན་རྣོན་པོ་ཀོ་ཤུབས་ནང་ན་ཡོད།། ཟེར་བ་དེ་ཅིས་མི་བདེན། རྡོར་སྨྱོན་ཞེ་སྡང་གི་མེ་ལྕེ་ཞི་བ་དང༌། ཆང་རག་གིས་བཟི་བ་ཡང་སངས་སོང༌། ཁོས་སྔ་འདང་ཕྱི་འདང་མང་པོ་བརྒྱབ་སྟེ་གངས་འཚོའི་ཚེ་མཇུག་གི་འཚོ་བ་སྐྱེལ་སྟངས་ལ་སེམས་ཁྲལ་བྱེད། 
    གཏམ་ངན་པ་སྐྱི་བསེར་རླུང་ལས་མགྱོགས་ཟེར་བ་ལྟར་རྡོར་སྨྱོན་གྱིས་ཨ་མགོན་བསད་འདུག་ཅེས་པའི་སྐད་ཆ་དེ་དཀར་མོ་སྒྲོན་དང་གངས་འཚོ་གཉིས་ཀས་ཐོས། དཀར་མོ་སྒྲོན་གྱིས་སྐད་ཤུགས་
དྲག་པོས། ཨ་བཀྲ་ཤིས་ཡ། ཁྱོད་འདི་འདྲར་སྡོད་ཐབས་ཤིག་ག་ལ་ཡོད། ཨ་ཕ་རྡོར་སྨྱོན་གྱིས་བསད་ཚར་བ་རེད། ཕའི་སྙིང་ཁྲག་བུ་ཕྲུག་གི་མིག་ལ་བཤམས་དུས། ཁྱོད་ཝ་མོ་ལྟར་སྡོད་རྒྱུ་ཡིན་ནམ། འདི་ཁྱེར་ལ་མགྱོགས་སུ་རྒྱུགས། ཞེས་བཤད་དེ་ཨ་མགོན་གྱི་གསང་བའི་ཐུང་མདའ་བཀྲ་ཤིས་ཀྱི་ལག་ཏུ་བཞག ནུ་བོ་ཚེ་རིང་གིས་བཀག་ཀྱང་མ་ཁོག་པར་བཀྲ་ཤིས་སྙིང་རླུང་གཏིང་ནས་འཁྲུགས་ཏེ་རྟ་རྒོད་ཕོ་རོག་ཞོན་ནས་ལྕག་གིས་བྲབས་པ་ན། རྨིག་བཞིས་ས་རྡུལ་ནམ་མཁའ་ལ་གཏོར་བཞིན་མཐོང་ལམ་ནས་ཡལ། 
    ནུ་བོ་ཚེ་རིང་གིས་བཀྲ་ཤིས་ཀྱིས་ཆག་སྒོ་ཆེན་པོ་ཞིག་སློང་འགྲོ་བསམས་ཏེ་མི་བཟོད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་མོད། དཀར་མོ་སྒྲོན་ནི་བཀྲ་ཤིས་ཀྱིས་ཆག་སྒོ་ཞིག་བཟཽས་ཏེ་ཕྱིར་ཡོང་རྒྱུ་མེད་ན་འདོད་པའི་ཐོག་ལ་རྟ་རྒྱུགས་པ་ཡིན། 
    བཀྲ་ཤིས་སྐད་ཅིག་ལ་ཨ་མགོན་གྱི་ཕུང་པོའི་འཁྲིས་སུ་འབྱོར་ཏེ་རྟ་ཐོག་ལས་མྱུར་སྟབས་ཀྱིས་བབས་ནས། ཨ་མགོན་གྱི་མགོ་བོ་པང་དུ་སྐྱོར་བཞིན། ཨ་ཕ༌། ཨ་ཕ༌། ཨ་ཕ། ཞེས་སྐད་ཤུགས་ཆེན་པོས་བོས་ཤིང་མིག་ཆུ་འཛད་མེད་དུ་བཞུར་བྱུང༌། དེ་ནས་ལམ་འགྲམ་ལ་ཟུར་ལྟ་ཞིག་བྱས་པ་ན། རྡོར་སྨྱོན་རྐང་འཁོར་གྱི་འཁྲིས་སུ་བློ་ཕམ་བཞིན་འགྲེངས་འདུག ཞེ་སྡང་གིས་མིག་རྩ་དམར་པོར་གྱུར་པའི་བཀྲ་ཤིས་ཀྱིས་རང་གི་ཨ་ཕའི་ཕུང་པོ་བཞག་སྟེ་ཡར་ལངས་ཤིང༌། ལག་གི་ཐུང་མདའི་སོ་མིག་རྡོར་སྨྱོན་ལ་གཏད་པ་ན། རྡོར་སྨྱོན་གྱིས་སྐད་འདར་བཞིན། བཀྲ་ཤིས། ཁྱོད་ལ་ཁག་མེད། ངས་དེ་འདྲ་ཞིག་བྱེད་འདོད་མེད་ཀྱང་ད་ཚར་སོང༌། ང་ལན་པ་རེད། ང་ལན་པ་རེད། ཅེས་ཟེར། སྐག་་་ མདའ་སྐད་དེས་རྡོར་སྨྱོན་འཁྱར་མ་འཁྱོར་དུ་བཟོས། ཡང་བསྐྱར། སྐག་་་  མདའ་སྐད་འདིས་རྡོར་སྨྱོན་ཐང་ལ་བསྒྱེལ་སོང༌། བཀྲ་ཤིས། ཁྱོད་སྨྱོས་སོང་ངམ། 
   རྒྱང་རིང་ནས་དེ་ལྟར་སྐད་ཆེན་པོས་འབོད་ཞོར་ལྭ་བའི་ཐུ་སྣེ་ལག་པས་བཟུང་ནས་རྒྱུག་ཡོང་མཁན་དེ་གངས་འཚོ་རེད། མོས་རྡོ་སྨྱོན་གྱི་མགོ་བོ་པང་དུ་བཀྱགས་ནས་དྲག་ཏུ་གསིག་ཅིང་ངུ་ངག་གིས་མགྲིན་པའང་བརྣངས། བཀྲ་ཤིས་ཀྱིས་ད་དུང་གངས་འཚོ་དང་རྡོར་སྨྱོན་ཕྱོགས་སུ་ཐུང་མདའི་སོ་མིག་གཏད་འདུག བཀྲ་ཤིས། ཁྱོད་ཀྱིས་རང་གི་ཨ་མའང་གསོད་རྒྱུ་ཡིན་ནམ། བཀྲ་ཤིས། 
    གངས་འཚོས་འུ་ཐུག་པའི་ཚིག་དེ་སྐད་ཆེན་པོས་བཤད། རྡོར་སྨྱོན་གྱིས་རང་ཉིད་འཆི་ཉེན་ཡོད་པ་ཚོར་ཏེ་གོང་ཁུག་ནས་ཤོག་བུ་དང་སྨྱུ་གུ་ཞིག་བླངས་རྗེས། ལག་པས་སྨྱུ་གུ་འཁྱོངས་ལ་མ་འཁྱོངས་ཀྱི་སྒོ་ནས། ཨ་མགོན་གསོད་མཁན་རྡོར་སྨྱོན་ང་རང་ཡིན། ངས་ཨ་མགོན་བསད་རྗེས་རང་ཤི་བརྒྱབ་ཡོད་པས། བཀྲ་ཤིས་ལ་ཁྲིམས་ཆད་གཅོད་གཏན་ནས་མི་ཆོག། ཅེས་བྲིས་ཏེ་ཁུངས་སྐྱེལ་བདེན་རྟགས་སུ་རང་ཉིད་ཀྱི་མཐེ་བོང་ལ་བྲང་ངོས་ཀྱི་ཁྲག་དམར་བསྐུས་ཏེ་འཛུབ་ཐེལ་བརྒྱབ། དེ་ནས་ཁོས་སྐད་གཉོམ་པོས། བཀྲ་ཤིས། འདི་ཁྱེར་དང༌། འདིས་ཁྱོད་ལ་ཕན་ཐོགས་སྲིད། ཅེས་ཟེར་བཞིན་ལག་པ་འཕར་མ་འདར་གྱིས་ཡི་གེ་དེ་བཀྲ་ཤིས་ཀྱི་ཕྱོགས་སུ་བསྲིངས། 
  གངས་འཚོས། བཀྲ་ཤིས། དེ་ལོངས་ཡ། ཨེ་གོ་ཐལ། དེ་ལོངས། ཞེས་ངུ་ཞོར་ལ་བཤད། བཀྲ་ཤིས་ཀྱིས་ཡི་གེ་དེ་ཅི་ཡིན་ཐེ་ཚོམ་པའི་ངང་རྡོར་སྨྱོན་གྱི་ལག་ནས་ཧོབ་འཕྲོག་དང་བཅས་ཏེ་བླངས། ཁོས་ཡི་གེའི་བརྗོད་དོན་ཤེས་མ་ཐག་རེ་ཞིག་ཧང་སངས་ཤིང་ཧོན་འཐོར་བ་མ་ཟད། སེམས་གཏིང་ནས་སྐྱོ་བ་སྐྱེས་ཏེ་ལག་ནང་གི་ཐུང་མདའ་ཡང་ས་ལ་ཟགས། 
   རྡོར་སྨྱོན་གྱིས་རེ་བ་ཟད་པའི་མིག་འབྲས་གངས་འཚོ་ལ་ཕྱོགས་ཏེ་དབུགས་འཚུབ་བཞིན། གངས་འཚོ། འུ་གཉིས་ཆུང་བྱིས་པའི་གནས་སྐབས་ནས་གཅིག་སེམས་གཅིག་ལ་འདྲིས་ཤིང་ཕན་ཚུན་དགའ་བརྩེ་དུང་གསུམ་གྱི་སྒོ་ནས་དུས་ད་ལྟ་བར་དུ་བསྡད་པ་རེད། ངས་ཁྱེད་ཀྱི་རེ་འདུན་ལྟར་ཆང་མ་སྤངས་པའི་རྐྱེན་གྱིས་བྱ་ངན་འདི་མི་འདོད་བཞིན་དུ་བྱུང་བ་རེད། ད་ལྟ་མི་ངན་ངས་ཁྱེད་ལ་དགོངས་དག་ཞུ། ལྷག་པར་དུ་ངས་ཁྱེད་ཀྱི་འཚོ་བའི་སྟེང་བདེ་སྐྱིད་སྤུ་ཙམ་སྐྲུན་མ་ཐུབ་པ་ཤིན་ཏུ་འགྱོད། ཡིན་ནའང་བླ་མ་དཀོན་མཆོག་གི་ཐུགས་རྗེས། ཁྱེད་རང་ཚེ་མཇུག་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པར་སྨོན། ང་ལ་འཇིག་རྟེན་འདིའི་ཐོག་ཞེན་ཆགས་བྱེད་ས་ཞིག་ཡོད་པ་ནི་ཁྱོད་གཅིག་པུ་ཡིན་པས་ད་ལྟ་འབྲལ་དགོས་ཟེར་ན་བཟོད་པ་དཀའ་ཡང༌། འཆི་བདག་སླེབས་དུས་མི་འབྲལ་ཐབས་མེད་རེད།  ཅེས་སེམས་བློང་བློང་གིས་བཤད་ཅིང་མིག་ཆུ་ཞམ་ཞམ་དུ་བབས། 
    མིན། མིན། ཁྱོད་ང་དང་འབྲལ་ན་མི་ཆོག རྩ་བ་ནས་འབྲལ་ན་མི་ཆོག ངེད་གཉིས་ད་དུང་མཉམ་པོར་འཚོ་དགོས། གངས་འཚོས་ངུ་རྒྱངས་བྱེད་ཀྱིན་དེ་ལྟར་ཟེར། སླར་ཡང་རྡོར་སྨྱོན་གྱིས་གདོང་བ་བཀྲ་ཤིས་ལ་ཕྱོགས་ཏེ། བཀྲ་ཤིས། གངས་འཚོ་འདི་ངའི་སྙིང་ཡིན་པས་ཁྱོད་ངའི་གཅེས་ཕྲུག་གི་བུ་ཞིག་དང་ཁྱད་པར་མེད། ང་འཆི་ཁའི་རེ་བ་ཆེན་པོ་ནི། ཁྱོད་ཀྱིས་ད་ལྟ་གངས་འཚོ་ལ་ཨ་མ་ཟེར་དང༌། ཨེ་གོ་ཐལ། ཨ་མ་ཟེར་དང༌། ཞེས་ཨུ་ཚུགས་ཀྱིས་བཤད། 
   བཀྲ་ཤིས་ཀྱིས་སྐྱོ་མདངས་ཤར་བའི་མིག་ཟུང་གིས་གངས་འཚོ་ལ་ལྟ་བཞིན་ག་ལེ་ག་ལེར་འོང༌། རྡོར་སྨྱོན་མིག་མི་ཟུམ་པར་བཀྲ་ཤིས་ལ་བལྟས་འདུག བཀྲ་ཤིས་ཀྱིས་གངས་འཚོའི་འཁྲིས་ནས་པུས་མོ་གཉིས་སར་བཙུགས་ནས། ཨ་མ། ཞེས་སྐད་ཆེ་ལ་རིང་བ་ཞིག་བཏབ་སྟེ་གངས་འཚོ་ལ་འཐམས་ནས་ངུས། གངས་འཚོ་ལ་སྔར་མེད་པའི་དགའ་སྐྱོ་དུང་གསུམ་ལྷན་གཅིག་ཏུ་འཕེལ་ནས་བཀྲ་ཤིས་ཀྱི་འགྲམ་པ་ལ་འོ་བྱེད་ཅིང་ལག་པས་བྱིལ་བྱིལ་གཏོང་བཞིན་དྲག་ཏུ་ངུ༌། རྡོར་སྨྱོན་གྱིས་རེ་བ་རྫོགས་པ་དང་ཉམ་ཆུང་ཆུང་གི་གདོང་ལ་འཛུམ་ཞིག་ལངས་ཏེ་དུང་སོ་སུམ་ཅུ་དཀར་ཚོམ་ཚོམ་བསྟན་ནས་འཇིག་རྟེན་འདི་དང་ཁ་བྲལ་སོང༌། རྡོ་རྗེ་་་ གངས་འཚོའི་འབོད་སྐད་ཆེན་པོ་དེ་བྲག་འཕྲང་གིས་ཀྱང་བྲག་ཆ་བརྒྱུད་ནས་སྒྲོག་རོགས་བྱེད། 
    འཁྱུག་ཙམ་ལས་མ་འགོར་བར་བདེ་སྲུང་མི་སྣའི་རླངས་འཁོར་འགའ་ཞིག་མགྱོགས་མྱུར་ངང་ས་དེར་འབྱོར། རླངས་འཁོར་གྱི་སྟེང་ནས་གློག་འོད་དམར་པོ་ཆེམ་ཆེམ་བྱེད་ཅིང་སྐྱི་གཡའ་བའི་སྐད་ངན་ཞིག་སྒྲོག་པ་དང་མཉམ་དུ། བཀྲ་ཤིས་ཀྱི་ལག་སྐེར་ལྕགས་སྒྲོག་བརྒྱབ་སྟེ་རླངས་འཁོར་ནང་དུ་དེད། ཨ་མ། སེམས་ཁྲལ་མ་གནང་དང༌། མཇལ་ཡོང་གི་རེད། བཀྲ་ཤིས་ཀྱི་ཚིག་དེས་གངས་འཚོ་དྲན་པ་འཐོར་གྲབས་བྱས།
   དཀར་མོ་སྒྲོན་གྱིས་གནས་ཚུལ་དེ་གོ་བ་དང་སེམས་དགའ་ལྷང་ངེར་གནས་ཡོད། མོས་བཀྲ་ཤིས་བཙོན་ཁང་ནས་ཕྱིར་ཡོང་མེད་པ་རེ་བ་ཆེན་པོ་རྒྱག་གི་འདུག ཟླ་གཅིག་འདས་རྗེས་ཀྱི་སྔ་དྲོ་ཞིག་ལ། རྔ་བ་རྫོང་མི་མང་ཁྲིམས་ཞིབ་ཁང་དུ་ཚོགས་ཆེན་ཞིག་འཚོགས་འདུག འགོ་གཙོས་སྐད་གསེང་ཅུང་ཟད་མཐོན་པོས་ཁྲིམས་དོན་གསལ་བསྒྲགས་བྱེད་རྒྱུར། ང་ཚོས་གོང་རིམ་ལ་གནས་ཚུལ་ངོ་མ་སྙན་ཞུ་ཕུལ་འབྲས། བཀྲ་ཤིས་ཀྱིས་རྡོར་སྨྱོན་ལ་མེ་མདའ་བརྒྱབ་ནས་བསད་པ་ལས་རྡོར་སྨྱོན་རང་ཤི་བརྒྱབ་པ་མིན་པར་ཐག་ཆོད་ཀྱང༌། ཡི་གེ་དེ་རྡོར་སྨྱོན་རང་གིས་འཆི་ཁར་བྲིས་པར་གསལ་བས་བཀྲ་ཤིས་ཀྱིས་སྒོར་གཅིག་ཁྲི་སྤྲད་ན་སྲོག་ཐར་བཏང་ཆོག་པར་གཏན་འཁེལ་གནང་སོང༌། གལ་སྲིད་སྒོར་མོ་སྤྲོད་མ་ཐུབ་ན་སྲོག་ཆད་གཏོང་རྒྱུ་རེད། ཅེས་ཟེར། 
   བསམ་འཆར་བའི་རྐུབ་སྟེགས་ལ་བསྡད་པའི་དཀར་མོ་སྒྲོན་གྱི་གདོང་ལ་ཁྲོ་ཉམས་ཤིག་ཤར་ཏེ། ཧུན། ངེད་ཚང་སྒོར་མོའི་མཛོད་ཁང་མ་རེད། དེ་འདྲའི་སྒོར་མོ་ཕངས་མེད་ཅིག་གང་ནས་འོང༌། ཁྱོད་ཚོ་ཧམ་པ་ཆེ་བ་ལ། ཟེར། སྐབས་དེར་ཟུར་ཉན་པའི་ཁྲོད་ནས་གངས་འཚོ་ཡར་ལངས་ཏེ། སྲོག་ཆད་གཏོང་མི་དགོས། སྒོར་མོ་ངས་བཀོད་སྒྲིག་བྱེད་ཆོག ཟེར་བ་ན། ཁྲིམས་ཞིབ་པ་རྣམས་ཀྱིས་གངས་འཚོའི་བཟོ་ལྟ་དང་གྱོན་གོས་ངན་ངོན་ལ་ལྟ་བཞིན་མགོ་བོ་ཕར་གཅུ་ཚུར་གཅུ་བྱེད་སྟངས་ལ་གཞིགས་ན་ཡིད་ཆེས་ཀྱི་མེད་པ་འདྲ། 
    དེ་འདྲ་ཡིན་ན་ཉིན་གསུམ་ལས་འགྱངས་མི་ཆོག འགོ་གཙོའི་ཚིག་དེ་གངས་འཚོས་ཐོས་མ་ཐག ལགས་སོ། ཞེས་གུས་ཞུ་བྱས། དཀར་མོ་སྒྲོན་གྱིས་མི་དགའ་བའི་གདོང་གཤིས་སྟོན་བཞིན་ཅི་བྱ་འདི་བྱ་མེད་པར་སར་བསྡད་སོང༌།
    ཉིན་དེར་གངས་འཚོ་སླར་ཡང་སྡེ་པ་གོང་འོག་ལ་བརྒྱུགས་ནས་སྒོར་མོ་གཡར་རྒྱུ་བཙལ་ཀྱང༌། སྡེ་པའི་ནང་གི་མི་ཚང་མས་གངས་འཚོ་ལ་སྒོར་མོ་གཡར་ན་སྐྱིན་ཚབ་རག་དཀའ་བར་བསམས་ནས་གཡར་མཁན་ཧ་ཅང་དཀོན། དེ་ལས་མོའི་གནས་སྟངས་ལ་ཡ་ང་བའི་སེམས་བཟང་ཚོས་སྒོར་མོ་འགའ་རེ་སྦྱིན་མཁན་མང་ཙམ་འདུག 
    མོ་ཉིན་གང་བོར་གང་སར་རྒྱུགས་ཀྱང་སྒོར་བརྒྱད་སྟོང་ཙམ་ལས་འདུ་མ་ཐུབ། ཨ་ལྗོངས་སྡེ་པའི་རྒན་གཞོན་ཐམས་ཅད་ཀྱིས་ཞོགས་ཇ་དང་དགོང་ཟས་སྐབས་གངས་འཚོ་དང་དཀར་མོ་སྒྲོན་གྱི་སྐོར་གླེང་བ་དང༌། ཐམས་ཅད་མ་གྲོས་གཅིག་མཐུན་གྱིས་དཀར་མོ་སྒྲོན་ལ་དམོད་ཅིང་མོའི་ཞེ་ཕུག་ཀྱང་གླེང་བཞིན་འདུག ཚེ་རིང་གིས་སྐད་ཆ་དེ་གོ་ནས་དཀར་མོ་སྒྲོན་གྱི་གམ་དུ་ཕྱིན་ཏེ། 
   ཨ་མ། ཕུ་བོ་བཀྲ་ཤིས་ཀྱི་ཆད་སྒོར་ཁྱོད་ཀྱིས་མི་སྤྲོད་པ་ཅི་ཡིན། གངས་འཚོས་ཕུ་བོའི་དོན་དུ་སློང་མོ་བྱེད་ཀྱིན་འདུག ཨ་ཕའི་སྒོར་སྒམ་ནང་ནས། ཞེས་བཤད་དེ་ཚིག་རྔ་མ་རྫོགས་གོང་ལ་དཀར་མོ་སྒྲོན་གྱིས། ཁ་ཚུམས། ཞེས་ཚེ་རིང་གི་ཚིག་སྣེ་བཀག 
   ཨ་མ། ཁྱོད་ལ་སྙིང་རྗེ་ཞིག་ཡོད་ན། ངའི་ཕུ་བོ་སྐྱོབ་ཐབས་ཤིག་གྱིས་དང༌། ཨེ་གོ་ཐལ། ཨ་མ། ཞེས་བཤད་དེ་ཚེ་རིང་ངུས་སོང༌། དཀར་མོ་སྒྲོན་ཡིད་སུན་ཞིང་ཐབས་ཟད་དེ་རྒྱུན་རིང་ཞིག་ལ་འདང་བརྒྱབ་རྗེས། བདེན་པ་རེད། མ་ངུ་དང༌། ངས་བཀྲ་ཤིས་སྐྱོབ་ཆོག ཅེས་བཤད་དེ་ཚེ་རིང་གངས་འཚོ་འབོད་དུ་བཏང༌། ཚེ་རིང་དགའ་དྲགས་ནས་ས་མཆོང་གནམ་མཆོང་བྱེད་ཀྱིན་བརྒྱུགས་ཏེ་གངས་འཚོ་དཀར་མོ་སྒྲོན་གྱི་འཁྲིས་སུ་ཁྲིད་བྱུང༌། 
   དཀར་མོ་སྒྲོན་གྱིས། གངས་འཚོ། ངའི་ཁྱིམ་མི་ལ་ཁྱོད་ཀྱིས་སེམས་ཁྲལ་དང་ཇུས་གཏོགས་བྱེད་མི་དགོས། དེ་ངས་སྐྱོབ་རྒྱུ་ཡིན། ཁྱོད་ཀྱིས་སྒོར་མོ་གཡར་བ་ཚང་མ་ཕྱིར་སྤྲོད་ཅིག ཅེས་བཤད། གངས་འཚོས་ཡིད་ཆེས་ལ་མ་ཆེས་ཀྱི་སྒོ་ནས། ངོ་མ་ཡིན་ནམ། ཟེར། ངོ་མ་ཡིན། དཀར་མོ་སྒྲོན་གྱི་ཚིག་ལན་དེ་ཐོས་པས་གངས་འཚོ་རབ་ཏུ་དགའ་སྟེ། དྲིན་ཆེན་མ། ཁ་དྲོ་བཀྲ་ཤིས། ངས་ཇི་སྲིད་བར་དུ་མི་བརྗེད། ཟེར། སང་ཉིན་སྔ་དྲོར་ཁྱོད་ཁྲིམས་ཞིབ་ཁང་གི་སྒོ་འགྲམ་ལ་འབྱོར་རྒྱུ་གྱིས་དང༌། འུ་གཉིས་མཉམ་དུ་སྒོར་མོ་སྦྱིན་པར་འགྲོ དཀར་མོ་སྒྲོན་གྱིས་བཤད། 
   ཡ་ཡ། ལོས་ཡིན། ཁ་དྲོ་བཀྲ་ཤིས། གངས་འཚོས་སྒོར་མོ་གཡར་བ་རྣམས་ཕྱིར་སྤྲོད་བཞིན་ཆད་སྒོར་ཚང་མ་དཀར་མོ་སྒྲོན་གྱིས་སྤྲོད་རྩིས་ཡོད་སྐོར་བཤད་པས། ཨ་ལྗོངས་སྡེ་པར་དཀར་མོ་སྒྲོན་གྱི་མི་ཁ་ངན་པ་དེ་ཡལ་ནས་བསྟོད་བསྔགས་བྱེད་ཀྱིན་འདུག དགོང་མོ་དེར་གངས་འཚོ་ལ་བློ་བདེ་བའི་ངང་གཉིད་སྐྱིད་པོ་ཞིག་ཁུག་སོང༌།
གསལ་བཤད།  མུ་འགོད་སྒྲུང་རྩོམ་འདི་ལ་ཚན་པ་བཞི་ཡོད།
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d