རྒྱ་གར་དབྱིན་ཇིའི་གཞུང་དང་། བོད་གཞུང་གཉིས་ཤིང་འབྲུག་ ༡༩༠༤ལྷ་སར་བཞག་པའི་ཆིངས་ཡིག
     སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པའི་དོན་འབྲས་ཆ་གནས་མིན་དང་། ཆུ་སྦྲུལ་ལོ་ནང་ཚོང་གི་འགྲོ་ལུགས་སྐོར་ཆིངས་ལ། བོད་གཞུང་ཕྱོགས་ནས་ཆིངས་ཡིག་འདི་དག་རྣམས་ལ་བརྩི་འཇོག་མེད་པས་ཐེ་ཚོམ་དང་།

    དཀའ་ལས་སོགས་བྱུང་རྐྱེན་གྱིས་ཕྱི་བོད་གཉིས་ཀྱི་སྔར་ཡོད་གྲོགས་ལམ་མཐུན་ཞིབ་སོགས་ལ་ཟིང་འཁྲུག་བྱུང་གཤིས་གོང་གསལ་ཐེ་ཚོམ་དང་དཀའ་ལས་རྣམས་ཐག་གཅོད་དང་མཐུན་ཞིབ་ལེགས་ལམ་ཡོང་ཕྱིར། ཕྱིན་ཆད་གོང་གསལ་ཕྱི་བོད་གཉིས་ནས་ཆིངས་འདུམ་ཞིག་བཞག་རྒྱུར་མཐུན་ལམ་བྱུང་ནས་གཤམ་གསལ་དོན་ཚན་འཁོད་བ་རྣམས་ལ་ཕྱི་གླིང་གོང་མ་ཆེན་པོ་དང་། དེ་གའི་གཞུང་ནས་དབང་ཆ་སྒང་པོ་སྤྲད་པའི་ཀ་ནལ་ཡང་ཧ་སེ་འབེན་ནས་མཐུན་འགྲིགས་ཆ་གནས་ཞུས་ཡོད་པ་དང་། དེ་ལུགས་བཞིན་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་གྱིས་གཙོས་བཀའ་ཤག །གདན་ས་སེ་འབྲས་དགའ་གསུམ་དང་། གཞུང་ཞབས་ཚོགས་འདུ་སེར་སྐྱ་མི་མང་ནས་བོད་གཞུང་གི་ཆེད་དུ་མཐུན་འགྲིགས་ཆ་གཞས་ཞུས་པར། །

དོན་ཚན་དང་པོར། 
    བོད་གཞུང་ནས་ཁས་ལེན་བྱས་པར་སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པ་དེ་ལ་བརྩི་འཇོག་གི་བོད་འབྲས་གཉིས་ཀྱི་ས་མཚམས་གོང་གསལ་ཆིངས་ཡིག་གི་དོན་ཚན་དང་པོའི་ནང་གསལ་བཞིན་ཆ་གནས་ཐོག་ས་མཚམས་ཐོ་བོ་དེ་དོན་ལྟར་བརྩིག་རྒྱུ་དང་།

དོན་ཚན་གཉིས་པར།
     བོད་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་རྩེ། སྟོད་སྒར། སྣ་གདོང་གསུམ་དུ་ཚོང་ར་འཕྲལ་དུ་འཛུགས་རྒྱུ་དང་། བོད་ཕྱི་གཉིས་ཀྱི་མངའ་ཞབས་ཚོང་མི་རྣམས་རང་འདོད་ལྟར་ཚོང་ར་ཐུབ་བསྐྱོད་རྒྱུ། སྣ་གདོང་དུ་ཚོང་འགྲུལ་སྐོར་ཆུ་སྦྲུལ་ལོ་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པར་ཧེ་བག་ཡོད་ཕྱིན་སླད་ཕྱི་བོད་གཉིས་འདོད་མཐུན་བསྐྱུར་བཅོས་བྱ་དགོས་རིགས་ཀྱང་གོང་གསལ་ཚོང་ར་རྣམས་ཀྱི་འགྲོ་ལུགས་ནང་འཁུལ་འཇུག་རྒྱུ་བྱས་ཡོད་པ་དང་། གོང་གསལ་ཚོང་ར་རྣམས་ཚུགས་པ་མ་ཟད། བོད་གཞུང་ནས་སྔར་ཡོད་ཀྱི་ཚོང་ལམ་རྣམས་བཀག་བསྐྱིལ་མེད་པར་ཚོང་ཡར་སྐྱེད་བྱུང་ཚེ་ཚོང་ར་གསར་འཛུགས་བྱ་དགོས་ལའང་འགྲོ་ལུགས་གོང་བཞིན་དགོངས་པ་ཆེ་བཞེས་མཛད་རྒྱུ་ཁས་ལེན་བྱས།

དོན་ཚན་གསུམ་པར།
    ཆུ་སྦྲུལ་ལོ་ནང་རྒྱ་ཕྱི་གཉིས་ནས་བཟོས་པའི་ཚོང་གི་འགྲོ་ལུགས་སྐོར་བསམ་ཞིབ་ཀྱི་བསྐྱར་བཅོས་བྱ་རྒྱུ་ཟུར་དུ་བཞག་གཤིས། རྗེས་སུ་ཞིབ་ཆ་བྱ་དགོས་ལ་བོད་ཕྱོགས་སྐུ་ཚབ་དབང་ཆ་ཡོད་པ་བསྐོས་ཏེ་ཕྱི་གཞུང་སྐུ་ཚབ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་ཁས་ལེན་བྱས།

དོན་ཚན་བཞི་པར། 
    ཤོ་ཁྲལ་དེ་བཞིན་ཕྱི་བོད་བཀའ་མོལ་འདོད་མཐུན་གྱིས་བཟོས་པའི་དེབ་གསལ་ལྷག་བོད་གཞུང་ནས་གཞན་དག་གང་ས་ནས་བསྡུ་ལེན་མི་བྱེད་པའི་ཁས་ལེན་བྱས།

དོན་ཚན་ལྔ་བ། 
    ས་མཚམས་ནས། རྒྱལ་རྩེ་ཚོང་ར་བར་དང་། ཡང་སྟོད་ཀྱི་ས་མཚམས་ནས་སྟོད་སྒར་ཚོང་ར་བར་གྱི་ལམ་བཀག་བསྐྱིལ་སྤུ་ཙམ་མེད་པར་བཞག་ཁར། ཚོང་དང་བསྟུན་པའི་ལམ་བཅོས་ཀྱང་བྱ་དགོས་ཤིང་། བོད་ཕྱོགས་ནས་སྣ་གདོང་། རྒྱལ་རྩེ། སྟོད་སྒར་དང་རྗེས་སུ་དོན་ཚན་གཉིས་པ་ནང་གསལ་ཚོང་ར་གཞན་དག་ཚུགས་ཕྱིན་སྐུ་ཚབ་ཅིག་བཞག་པའི་ཕྱི་གཞུང་སྐུ་ཚབ་གོང་གསལ་ཚོང་ར་རྣམས་ལ་ཕྱི་ཚོང་ལྟ་རྟོགས་བྱ་མི་ནས་བོད་གཞུང་དང་། རྒྱ་ནག་སྐུ་ཚབ་བཅས་པ་ཕུལ་དགོས་པའི་ཡི་གེ་ཇི་འབྱོར་ལེན་རྒྱུ་བྱས་ཡོད་པ་དང་། བོད་ཕྱོགས་སྐུ་ཚབ་འདི་པས་དེ་འདྲའི་ཡིག་རིགས་ངེས་འཕྲོད་ལེན་སོགས་འཁུར་ཡོང་བའི་ཁས་ལེན་བྱས་ཡོད་པ་དང་།

དོན་ཚན་དྲུག་བ།
    ཆིངས་ཡིག་བཞག་པར་སོར་གནས་མ་བགྱིས་པར་དེ་དག་གཏན་གཏན་བཟོ་ཕྱིར་ཕྱི་གཞུང་དཔུང་དམག་ལྷ་སར་ཡོང་དགོས་བྱུང་སྐབས། བརྩི་འཇོག་མེད་པར་ཕྱི་གཞུང་སྤྱི་ཁྱབ་ངོ་གཡོག་དང་། དེ་གའི་སྐུ་སྲུང་པར་འཛིངས་བར་བརྟེན། དམག་ལས་འགྲོ་སོང་གསེར་ཊཾ་འབུམ་ལྔ་ཕྱི་སྒོར་དུ་བརྩིས་པའི་སྒོར་མོ་འབུམ་བདུན་ཆུ་དོན་ལྔ་བོད་གཞུང་ནས་ཕྱི་གཞུང་ལ་ཕྱིར་འབུལ་ཞུ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། འགྲོ་སོང་དེ་བཞིན་ཤིང་སྦྲུལ་ཟླ་བ་ ༡༡ ཚེས་ཕྱི་ལུགས་ཟླ་བ་དང་པོ། འདས་ལོ་ ༡༩༠༦ ནས་འགོ་ཚུགས་པའི་ལོ་ལྟར་ཕྱི་ལུགས་ཟླ་བ་དང་པོའི་ཚེས་ ༡ ལ་ལོ་ངོ་བདུན་ཅུ་དོན་ལྔའི་ནང་ཚུན་ལོ་རེ་ཕྱི་སྒོར་འབུམ་རེ་བྱས་བོད་ནང་རུང་། ཕྱི་གླིང་ས་ཆ་རྡོར་གླིང་ངམ། རྫོལ་སྤེ་གུ་རི་གང་འོས་སར་ཕྱི་གཞུང་ནས་སྐབས་སྐབས་སུ་གསལ་ཆ་སྔོན་སྩལ་ཐོག་བོད་གཞུང་ནས་སྤྲོད་རྒྱུ་བྱས་ཡོད་པ་དང་། 
དོན་ཚན་བདུན་པར།
    གོང་གསལ་འགྲོ་སོང་ཕྱིར་སློག་བྱ་ཕྱིར་དང་། ཚོང་རའི་འགྲོ་ལུགས་དོན་ཚན་གཉིས་པ། གསུམ་པ། བཞི་པ་དང་། ལྔ་པའི་ནང་གསལ་བཞིན་སྒྲུབ་ཕྱིར། འགྲོ་སོང་ཕྱིར་སློག་མ་ཟིན་བར་དང་། ཚོང་ར་བརྟན་བརྟན་ལོ་གསུམ་མ་ཚུགས་བར་དེ་གཉིས་ནས་རྗེས་སུ་གང་ལུས་དང་བསྟུན་པའི་ཆུ་འབི་ལུང་པའི་ཆུ་མགོ་ཐུབ་ཀྱི་ས་ཆ་ཕྱི་གཞུང་ནས་བདག་འཛིན་བྱེད་རྒྱུ་བྱས་ཡོད་པ་དང་།

དོན་ཚན་བརྒྱད་པ།
    བོད་གཞུང་ནས་མེ་མདའ་རྒྱག་ས་གསར་བཟོས་དང་། འཛིང་ར་ཙ་བཤིག་གཏོང་རྒྱུ་དང་། ཕྱི་གཞུང་ས་མཚམས་ནས། རྒྱལ་རྩེ། ལྷ་ས་བར་སྤྱི་ལམ་བཀག་བྱར་དམག་མི་ཡོད་ཚེ་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས།

དོན་ཚན་དགུ་པར།
    བོད་གཞུང་ནས་ཁས་ལེན་བྱས་པར། ཕྱི་གཞུང་དང་བཀའ་བསྟུན་མེད་པར་བོད་ཕྱོགས་ས་ཆ་ཕྲན་བུ་ཙམ་ཡང་རྒྱལ་ཁབ་གཞན་དག་ལ་སྟེར་བྱིན། ཚོང་བསྒྱུར། བོགས་གཏོང་། གཏེ་བཞག་དང་། གཞན་ཡང་བདག་འཛིན་སོགས་བྱེད་དུ་མི་བཅུག་པ་དང་།
     བོད་ཕྱོགས་ལས་དོན་གང་སར་རྒྱལ་ཁབ་གཞན་དག་བར་དུ་འཇུག་རྒྱུ་མེད་བ་དང་། རྒྱལ་ཁབ་གཞན་དག་གི་སྐུ་ཚབ་ཁས་ལེན་གྱིས་བོད་ནང་བཞག་རྒྱུ་མེད་པ་དང་། རྒྱལ་ཁབ་གཞན་དག་དང་། དེ་གའི་མངའ་ཞབས་ཀྱི་ཆབ་འབངས་རྣམས་ལ་རེ་ལ་འཁོར་ལོའི་ལམ། འགྲོ་ལམ། ལྕགས་སྐུད། ས་གཏེར་འདོན་བྱེད་སོགས་དང་། དབང་ཆའི་རིགས་གང་ཡང་སྤྲད་མི་ཆོག་པས་དེ་ལྟར་སྤྲོད་བྱིན་བྱེད་ཚེ་དེ་ནང་བཞིན་གྱི་ཕྱི་གཞུང་ལའང་སྤྲོད་དགོས་ཡོང་བ་དང་།
    བོད་ཕྱོགས་ཁྲལ་འབབ་འབྲུ་དངུལ་གང་ཐད། རྒྱལ་ཁབ་གཞན་དག་དང་། དེ་གའི་ཆབ་འབངས་རྣམས་ལ་གཏེ་བཞག་དང་སྟེར་བྱིན་སོགས་བྱས་མི་ཆོག་པ་དང་།

དོན་ཚན་བཅུ་པ།
    ཆིངས་ཡིག་འདི་ལ་སོར་གནས་ཡོང་བའི་དཔང་པོར་བཀའ་མོལ་མཛད་མི་དོ་བདག་ཕན་ཚུན་གཉིས་ཕྱོགས་ནས་ལག་རྟགས་དང་། ཐེའུ་འབྱར་བཅས། ཡུལ་ལྷ་ས། ཕྱི་ལུགས་ཟླ་ ༩ པ་སེབ་ཀྲེམ་འབར་ཚོས་༧ འདས་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི། བོད་ལུགས་ཤིང་འབྲུག་ཟླ་བ་༧ཚེས་༢༧ ལ་འདྲ་ལྔ་བཀོད་པའི་རྟགས།
ཞེས་པ་ཆིངས་ཡིག་ངོ་མའི་པར་ནས་བཤུས་ཤིང་། པར་ཡིག་ཆ་ཕྱོགས་བསྡུས་ཁོངས་ཡོད། 
ཡང། རྒྱལ་ཚེ་དབྱིན་གཞུང་སྐུ་ཚབ་ཚོང་དོན་སྐོར་ལྷ་སར་བཅར་འཐུས་དབྱིན་བོད་གཉིས་ཟུར་བཞག་ཆིངས་ཡིག་ལ།
  ཕྱི་གཞུང་སྐུ་ཚབ་རྒྱལ་རྩེར་ཕྱི་ཚོང་ལྟ་རྟོགས་བྱ་མི་ནས་ཚོང་སྐོར་གྱི་གཏམ་གལ་ཆེ་བོད་ཕྱོགས་སྐུ་ཚབ་མཉམ་དུ་ཡིག་འགྲུལ་དང་ངོ་འཕྲད་ཀྱི་འགྲིགས་འཇགས་བྱེད་ཐུབ་མིན་བྱུང་ཚེ། ཕྱི་གཞུང་སྐུ་ཚབ་འདི་པ་ལྷ་ས་རུ་རྒྱ་བོད་གཉིས་ཀྱི་དཔོན་ཁག་དང་བཀའ་བསྡུར་ཞུ་བར་འགྲོ་རྒྱུར་བོད་གཞུང་ནས་དགག་ཆ་མེད་པ་བྱས་ཡོད་པ་དང་། ཡུལ་ལྷ་སར་ཕྱི་ལུགས་ཟླ་བ་དགུ་པ་སེབ་ཀྲེམ་འབར་ཚེས་ ༧ འདས་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི། བོད་ལུགས་ཤིང་འབྲུག་ཟླ་བ་༧ ཚེས་ ༢༧ ལ་ཐེའུ་སྦྱར་རྟགས། ཞེས་ཆིངས་ཟིན་བཀའ་ཤག་ཐམ་སྦྱར་ནས་བཤུས་པ་ཡིན།།
མཆན། ཆིངས་ཡིག་འདིའི་ཡི་གེ་གཞི་འཛིན་ས་བོད་ཀྱི་སྲིད་དོན་རྒྱལ་རབས། པར་ཐེངས་ལྔ་བ།  བོད་གཞུང་ཤེས་པར་ཁང་ནས་ཕྱི་ལོ་༡༩༩༧ ལོར་དཔར་བསྐྲུན་ཞུས། ཤོགས་གྲངས་ ༦༢༩། ༦༣༢ ནས།
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading