ཉི་ཧོང་གི་བཙུན་པ་慧海དཔེའི་ཧཱེ། ༡༨༦༦ལོའི་ཟླ་ ཚེས་ ༡༢ ཉིན། ཏཱ་པན་གྲོང་ཁྱེར་གྱི་ལག་ཤེས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་ཆུང་དུས་མིང་ལ་ནས་ཏེན་ཀྲི་ལང་ཟེར། སྐབས་དེར་སྒེར་བཙུགས་སློབ་གྲྭ་ཞིག་ནས་རུའུ་ལུགས་ལ་སློབ་སྦྱོང་བྱས། དགུང་ལོ་ཉེར་གསུམ་ལ་སོན་སྐབས་ནང་བསྟན་ཆོས་ལུགས་པའི་གྲལ་དུ་སོང་ནས་མཚན་ཉིད་རིག་པའི་སློབ་གླིང་ཏུང་ཅིན་ཏུང་ཡང་སློབ་ཆེན་ནས་སློབ་གཉེར་བྱས།   ལོ་ཉེར་ལྔའི་སྟེང་ནས་སློབ་ཆེན་ནས་ཐོན་རྗེས་ཏུང་ཅིན་དགྲ་བཅོམ་ལྔ་བརྒྱའི་དགོན་པ་ནས་རབ་དུ་བྱུང་།

       ཆོས་མིང་ལ་ (慧海) བློ་གྲོས་རྒྱ་མཚོ་ཟེར།  ཅང་མ་འགོར་བར་དགོན་པ་དེའི་མཁན་པོ་བྱས་ཏེ། བཀའ་བསྟན་ཞིབ་ཀློག་བྱེད་པར་ཤུགས་བརྒྱབ། ཉི་ཧོང་གི་ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་མང་ཆེ་བ་ནི་རྒྱ་ཡིག་གི་སངས་རྒྱས་ཆོས་གཞུང་མང་པོ་ཡིག་སྒྱུར་བྱས་པ་རེད། ཁོང་གིས་བཀའ་བསྟན་ཞིབ་ཀློག་བྱེད་པའི་བརྒྱུད་རིམ་ནང་། དཔེ་ཆ་སོ་སོའི་ནང་དོན་མི་འདྲ་ས་དང་ཕན་ཚུན་བར་ཐག་རིང་བ། འགའ་ཞིག་ནི་གོ་རིམ་འཁྲུགས་པ་དང་། འགའ་ཞིག་ནི་གོ་དོན་མི་འདྲ་བས། གང་ལ་བདེན་རྫུན་དབྱེ་འབྱེད་བྱེད་པའི་དཀའ་ཁག་བྱུང་། ཁོང་གིས་བསམ་པར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་བཅོས་ཡང་དག་ཅིག་རྙེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པར་འདོད། གལ་སྟེ་སངས་རྒྱས་ཀྱི་བསྟན་བཅོས་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཆེས་བཟང་ཤོས་ནི་སྔར་གྱི་བསྟན་བཅོས་མ་ཡིག་དང་བསྡུར་ནས་བརྟག་དཔྱད་བྱེད་པ་དེ་རེད། ནང་བསྟན་གྱི་འབྱུང་གནས་རྒྱ་གར་ཡིན་པ་བདེན་མོད། འོན་ཀྱང་རྒྱ་གར་རང་གི་ནང་བསྟན་ནི་ཆོས་ལུགས་གཞན་གྱི་ཚབ་བྱས་ཡོད་པ་རེད། དེས་ན་སངས་རྒྱས་ཆོས་ལུགས་ཀྱི་འགྱུར་ཚད་ལྡན་ཞིག་རྙེད་དགོས་ན་ནེ་པ་ལེ་དང་བོད་ཡུལ་གྱི་བཀའ་བསྟན་འགྱུར་ཡང་དག་ཚད་ལྡན་ཡིན་པ་སྔོན་མ་མཚན་ཉིད་རིག་པའི་དགེ་རྒན་ནན་ཐོའུ་ཡིས་བོད་ཡིག་ཡིག་སྒྱུར་གྱི་བསྟན་པའི་སྐོར་གསུངས་པའི་དེབ་ལས་ཡང་དག་པར་བློས་འགེལ་ཆོག་པར་འདོད། དུས་དེ་ནས་ཁོང་བོད་ཡུལ་དང་ནེ་པ་ལེའི་ཕྱོགས་སུ་བཀའ་བསྟན་དཔེ་བསྡུར་དང་ཞིབ་འཇུག་ལ་འགྲོ་རྒྱུར་ཐག་གིས་བཅད། དེར་བརྟེན་ས་ཐག་རིང་བའི་ཡུལ་གྲུ་ནས་ལེགས་སྦྱར་དང་བོད་ཡིག་གི་གཞུང་ལུགས་ཀྱི་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་བསམ་འདུན་ཞིག་ཏུ་གྱུར་ཏེ། ཁོང་བོད་དུ་བསྐྱོད་རྒྱུའི་གྲ་སྒྲིག་སྣ་ཚོགས་བྱེད་མགོ་ཚུགས།

       ༡༨༩༧ ལོའི་ཟླ་༦ ཚེས་༢༦  ཉིན། ལོ་ན་ ༣༢ ལ་སླེབས་པའི་བཙུན་པ་དཔེའི་ཧཱེ་ལ་གྲོགས་པོ་ཚོས་ཞལ་འདེབས་ཕུལ་བའི་འཇར་སྒོར་ལྔ་བརྒྱ་ཡོད་པ་དེ་ཧྲིན་ཧོས་གྲུ་ཁ་ནས་ཧི་ཆིན་རྟགས་ཅན་གྱི་གྲུ་གཟིངས་ལ་བསྡད་དེ་བོད་དུ་ལམ་ལ་ཆས། ཁོང་གིས་རྒྱ་གར་དང་ནེ་པ་ལ་བརྒྱུད་དེ་ཧི་མ་ལའི་རི་རྒྱུད་ནས་བོད་དུ་སྐྱོད་པའི་ལམ་ཐིག་བདམས་ཡོད། རང་ཉིད་འཇར་པན་པའི་ཐོབ་ཐང་དམར་རྗེན་དུ་མི་མངོན་པར་བྱ་ཆེད། ཁོང་གིས་ཀྲུང་གོའི་ནང་སའི福建སྤོའུ་ཅན་གྱི་དགེ་འདུན་པ་ཞིག་ཡིན་ཁུལ་བྱེད་ཀྱི་ཡོད། ཁོང་གྲུ་ལ་བསྡད་དེ་གྲུ་ཁ་དང་བྲལ་རྗེས་ཧོང་ཀོང་བརྒྱུད་ནས་ཟླ་༧ པའི་ཚེས་ ༡༢ ཉིན་སིང་གྷ་ཕོར་འབྱོར། ཚེས་༢༥ ཉིན་རྒྱ་གར་གྱི་ཅཱ་ཨིར་ཀི་ཏཱ་རུ་འབྱོར། ཅང་མ་འགོར་བར་ཏ་ཅི་ལེན་དུ་སོང་སྟེ།  ཆེད་མངགས་སྐད་གྲགས་ཆེ་བའི་བོད་རིག་པ་མཁས་ཅན་ཆིན་ཏི་བེ·ཏ་སི་(༡༨༤༩ ལོ་ནས་ ༡༩༡༧ ལོའི་བར་ལ་འཚམས་འདྲི་གནང་།  ས་གནས་དེ་གའི་དགེ་འདུན་པ་ཞིག་གི་རྗེས་སུ་འབྲངས་ནས་བོད་སྐད་དང་ནང་བསྟན་རིག་གཞུང་ལ་སློབ་སྦྱོང་གནང་བ་རེད། ལོ་གཅིག་དང་ལོ་ཕྱེད་རིང་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གི་ནང་རིག་པའི་ཤེས་བྱ་དང་བོད་སྐད་ཀྱི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་དང་བོད་ལ་རྒྱུས་མངའ་ལོན་ཚད་ཀྱང་ཟབ་ཏུ་ཕྱིན་ཡོད་པས་བོད་དུ་སྐྱོད་པའི་འཆར་གཞི་ལག་ལེན་བསྟར་ཆོག་པའི་ངོས་འཛིན་བྱས་པ་རེད། ཁོང་གིས་ནེ་པ་ལའི་བྱང་ངོས་བརྒྱུད་བོད་དུ་སྐྱོད་པའི་ལམ་ཐིག་བདམས། ཁོང་གིས་ནེ་པ་ལ་ནས་བོད་དུ་བགྲོད་ན་གཅིག་ནས་འགག་སྒོ་ཉུང་བ་དང་། གཉིས་ནས་ནེ་པ་ལར་སངས་རྒྱས་ཀྱི་ཤུལ་གནས་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། ད་དུང་རྒྱ་གར་གྱི་གསུང་རབ་ཀྱང་མང་པོར་འཕྲད་ཐུབ་པས་རྟོག་ཞིབ་དང་ཞིབ་འཇུག་བྱེད་བདེ་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་རྐྱེན་གཞན་ཞིག་ནི་ཉི་ཧོང་པའི་རྐང་རྗེས་སྐབས་དེ་དུས་ད་དུང་ནེ་པ་ལར་འབྱོར་མེད་པས་ཁོང་གིས་ནེ་པ་ལར་ཐོག་མར་རྐང་རྗེས་ཀྱི་ཟིན་ཐོ་འགོད་འདོད་ཡོད།

       ༡༨༩༩ ལོའི་ཟླ་༡  པའི་ཚེས་༥ ཉིན། ཁོང་མེ་འཁོར་དུ་བསྡད་དེ་རྡོ་རྗེ་གླིང་ནས་ཅཱ་ཨིར་ཀི་ཏར་ཕྱིར་ལོག་པ་དང་། ཚེས་༢༦  ཉིན་ནེ་པ་ལར་འབྱོར། ཟླ་༣ པའི་ཚེས་༧ ཉིན་ཀ་ཏི་མན་དྷ་རུ་ཐོན་ཏེ་ནེ་པ་ལའི་པོ་ཁེ་ལ་བརྒྱུད་དེ་ཨན་ན་པུར་ན་རི་བོའི་བྱང་ཕྱོགས་ནས་ཟླ་༤ པའི་ཚེས་༡༦  ཉིན། བོད་ཀྱི་མཐའ་མཚམས་དང་བར་ཐག་སྤྱི་ལེ་༢༩ ལས་མེད་པའི་ལྷོ་མོན་ཕྱོགས་ཀྱི་ཚ་རོང་གྲོང་ཚོར་འབྱོར། ཚ་རོང་གྲོང་ཚོར་ཟླ་བ་བཅུ་བསྡད་པ་དང་དེའི་རིང་ཁོང་གིས་ལྷ་སའི་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཤེས་རབ་རྒྱ་མཚོའི་རྗེས་སུ་འབྲངས་ནས་ནང་བསྟན་དང་བོད་ཡིག་སྦྱངས་པ་རེད།

      ༡༩༠༠ ལོའི་ཟླ་༣ པའི་ཚེས་༡༠  ཉིན། ཁོང་ཚ་རོང་ནས་ལམ་ལ་ཆས་ཤིང་། མདོ་ལ་ཅི་ལིའི་རི་བོའི་བྱང་ཕྱོགས་ནས་དོལ་པོ་(Thorpo)བརྒྱུད་དེ་ཟླ་༧ པའི་ཚེས་༤ ཉིན་གཞི་ནས་ད་ལྟའི་བོད་ལྗོངས་ཀྱི་མངའ་ཁོངས་སུ་བསླེབས། དེ་རྗེས་ཡར་ཀླུང་གཙང་པོའི་ཐོག་ནས་གངས་རིན་པོ་ཆེར་བསྐྱོད་པ་དང་། དེ་བཞིན་མ་ཕམ་གཡུ་མཚོ་སོགས་གནས་མཚོར་སྐོར་བར་བསྐྱོད་རྗེས་སླར་ཡང་ཤར་དུ་བགྲོད་དེ་ཟླ་༡༢ ཚེས་༥ ཉིན་གཞིས་རྩེར་འབྱོར་ནས་ཉིན་གསུམ་སྡོད་ཀྱི་ཡོད་པ་རེད། ལམ་བར་དུ་ས་སྐྱ་དགོན་པར་བསྡད་དེ་སྣར་ཐང་དགོན་གྱི་དཔར་ཁང་ལ་མཇལ་ཁ་ཞུས་པ་རེད། ༡༩༠༡ ལོའི་ཟླ་༣ པའི་ཚེས་༢༡ ཉིན་ལྷ་སར་འབྱོར་ཞིང་། དཔྱད་ཞིབ་བྱས་པ་བརྒྱུད་སེ་ར་དགོན་དུ་སློབ་སྦྱོང་བྱས།  སེ་ར་དགོན་པ་རུ་རང་ཉིད་རྒྱ་རིགས་གྲྭ་ཤག་ཏུ་བཀོད་སྒྲིག་བྱས་ནས་ཐོབ་ཐང་ཐེར་འདོན་བྱེད་པར་སེམས་ཁྲལ་བྱེད་ཀྱི་ཡོད་སྐབས། ཁོང་གིས་རང་ཉིད་ནི་བོད་ལྗོངས་ནུབ་རྒྱུད་ཀྱི་བོད་རིགས་དགེ་འདུན་པ་ཡིན་ཞེས་ལོག་བཤད་བྱས་ཡོད།  སེ་ར་རུ་ཞུགས་རྗེས། ཁོང་གིས་རང་སྦྱོང་ལ་བརྟེན་ནས་ནད་པར་སྨན་བཅོས་བྱས་ཏེ། སེ་ར་ཨེམ་ཆི་ཞེས་པའི་མཚན་སྙན་ཐོབ།  ཁོང་གི་རྗེས་ཀྱི་ཡུལ་སྐོར་ཟིན་ཐོ་ལས་ ༡༩༠༡ ལོའི་ཟླ་༧ ཚེས་༢༠ ཉིན་ནོར་བུ་གླིང་ག་ནས་ ༧ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དང་། ༧ཏཱ་ལའི་བླ་མས་ཁོང་གིས་སྨན་བཅོས་དང་ནད་བཅོས་བྱེད་པར་བསྔགས་བརྗོད་གནང་བ་མ་ཟད། ཕྱིས་སུ་ཁོང་ལ་ལས་གནས་བཀོད་སྒྲིག་གནང་རྒྱུ་ཁས་བླངས་པ་རེད། སྐབས་དེར་ ༧ཏཱ་ལའི་བླ་མ་ལོ་ ༢༦ དང་གཟུགས་པོའི་རིང་ཚད་སྨི་༡.༧ཙམ་ཡོད་ཅིང་། ཆོས་རྒྱལ་ཁོང་ནི་གུས་ལུགས་ལྡན་པ་ཞིག་དང་། གཞན་ཡང་ཕམ་ཁ་མི་ཁུར་བའི་ངོ་གདོང་དང་། མིག་གྱེན་དུ་ཅུང་ཟད་གཏད་ཡོད་པ་དང་། བློ་ཐག་རྦད་བཅད་དང་ཤེས་ཚོར་རྣོན་པོའི་གཤིས་རྒྱུད་མངོན་གྱི་འདུག་ཅེས་ཀུན་གྱིས་བརྗོད་ཀྱི་ཡོད། ལྷ་སར་སྡོད་རིང་ཁོང་གི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་བོད་ས་གནས་སྲིད་གཞུང་གི་ནོར་སྲིད་བློན་ཆེན་ཟུར་པ་བྱམས་པ་བྱང་ཆུབ་ངོ་ཤེས་ནས་ཁོང་བློན་ཆེན་གྱི་ཁྱིམ་དུ་བསྡད་ཡོད་པ་རེད། ད་དུང་བྱམས་པ་བྱང་ཆུབ་ཀྱི་གཅེན་པོ།  དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་ངོ་ཤེས་ནས་དེ་རུ་ནང་ཆོས་སློབ་སྦྱོང་བྱས། ཡིན་ན་ཡང་སྐབས་དེར་བོད་རྒྱལ་ཁབ་ཀྱིས་ཕྱི་མྱི་བཀག་སྡོམ་བྱེད་ཀྱིན་ཡོད་པས་ཁོང་ལ་ལམ་འགྲོ་དེ་ཙམ་མ་བྱུང་བར་འཇར་པན་ནས་ཡིན་པའི་གསང་བ་ཕྱི་རུ་ཤོར་ཏེ་འདུག་མ་བདེ་བར་༡༩༠༡་ལོའི་ཟླ་༥་པའི་ཚེས་༢༦་ཉིན་ལྷ་ས་ནས་ཕྱིར་ལ་ལོག  ཟླ་༦ ཚེས་༡༡  ཉིན་ཁོང་གིས་དཔེ་ཆ་སྣ་ཚོགས་རྟ་གཉིས་ལ་བཀལ་སྟེ་བོད་རིགས་ཀྱི་སྣེ་ཤན་པ་ཞིག་གླས་ནས་རྒྱལ་རྩེའི་ཕྱོགས་སུ་བསྐྱོད་དེ་ཟླ་༦ ཚེས་༢༢ ཉིན་ཕག་རིར་འབྱོར།

        གག་མཚམས་མང་པོ་ནས་བརྒལ་སྟེ་ཟླ་ ༧ པའི་ཚེས་ ༣ ཉིན་དར་རྒྱས་གླིང་དུ་བསླེབས་པ་དང་། ཏཱ་སིའི་ཁྱིམ་དུ་བསྡད།  ༡༩༠༣ ལོའི་ཟླ་༤ པའི་ཚེས་༢༤ ཉིན་ཁོང་གིས་བོད་ཡུལ་ནས་བསྡུས་པའི་ལེགས་སྦྱར་གྱི་པར་དང་། བོད་ཡིག་གི་ཚད་ལྡན་ཡིག་ཆ། དེ་བཞིན་སྐུ་བརྙན། ནང་བསྟན་གྱི་སྒྱུ་རྩལ་དངོས་རྫས་སོགས་ཁྱེར་ནས་གྲུ་རུ་བསྡད་དེ་རྒྱ་གར་ལ་སོང་། དེར་ལོ་དྲུག་ལ་མ་མཐོང་བའི་རང་གི་ཕ་ཡུལ་ལ་ཕྱིར་ཕེབས་པ་དང་། ཉི་ཧོང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཁོང་ཉི་ཧོང་དུ་ཕྱིར་ལོག་བྱས་ནས་ཡུན་རིང་མ་སོང་བར་སླར་ཡང་བོད་དུ་ཐེངས་གཉིས་པ་བསྐྱོད་རྒྱུའི་འཆར་གཞི་བཟོས་པ་རེད། ཐེངས་དེར་བོད་དུ་འགྲོ་བའི་དམིགས་ཡུལ་གཙོ་བོ་ནི་མུ་མཐུད་དུ་བོད་ཡིག་གི་གསུང་རབ་འཚོལ་བསྡུ་བྱ་ཆེད་དང་། ནེ་པ་ལའི་དབུ་བཞུགས་བློན་ཆེན་ལ་བཞག་པའི་ཁ་ཆད་དོན་ལ་གནས་པའི་ཆེད་ཡིན་པ་རེད། དེ་ནི་ཉི་ཧོང་གི་རྒྱ་ཡིག་བཀའ་བསྟན་དང་ནེ་པ་ལའི་ལེགས་སྦྱར་སྟེང་དུ་ཡོད་པའི་བཀའ་བསྟན་བརྗེ་རེས་ལེགས་སྒྲུབ་བྱ་རྒྱུ་དེ་རེད། 

        ༡༩༠༤ ལོའི་ཟླ༡༠  བའི་ཚེས ༡༡ ཉིན། བཙུན་པ་དཔེའི་ཧཱེ་སླར་ཡང་བོད་དུ་ཡུལ་སྐོར་ལ་ཐེངས་གཉིས་པ་འགྲོ་རྒྱུའི་མགོ་བརྩམས། ཟླ་༡༡  པའི་ཚེས་༣ ཉིན་ཅར་ཀ་ཏར་འབྱོར་རྗེས། ཁོང་གིས་དབྱིན་ཇི་དང་རྒྱ་གར་གྱི་དབང་འཛིན་ལས་ཁུངས་ལ་བོད་དུ་འགྲོ་བའི་ཆོག་མཆན་ཞུས་མོད། འོན་ཀྱང་རེ་འདུན་ཁས་མ་བླངས། དེ་ནས་ཁོང་གིས་སྔོན་ལ་ནེ་པ་ལའི་དབུ་བཞུགས་བློན་ཆེན་གྱི་བཀའ་བསྟན་བརྗེ་རེས་ཀྱི་བྱ་བ་ལེགས་སྒྲུབ་བྱ་རྒྱུའི་ཐག་བཅད་པ་རེད།  ཟླ་༣ པར་ཅཱ་ཨིར་ཀི་ཏ་རུ་ཕྱིར་བསླེབས་པ་དང་། སྐབས་དེར་ནེ་པ་ལའི་དབུ་བཞུགས་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ་ཉི་ཧོང་ནས་དབོར་ཡོང་བའི་སྐྱེར་པའི་པར་གཞི་བྱས་པའི་རྒྱ་ཡིག་བཀའ་བསྟན་དང་ནེ་པ་ལའི་ལེགས་སྦྱར་གྱི་བཀའ་བསྟན་གཉིས་བརྗེ་ཚོང་བྱེད་རྒྱུ་བྱས་ཡོད་པ་ལེགས་འགྲུབ་བྱུང་བ་དང་རང་ཉིད་ཀྱིས་བསྡུ་རུབ་བྱས་ཡོད་པའི་གསུང་རབ་གཞན་དང་མཉམ་དུ་ཏུང་ཅིན་སློབ་ཆེན་ལ་བསྐུར་བ་རེད། ཟླ་༡༢ ལ་སླར་ཡང་ཅཱ་ཨིར་ཀི་ཏ་རུ་ཕྱིར་ལོག་པ་དང་དབྱིན་ཇིས་འཇིགས་སྐུལ་བྱས་པ་དང་འཕྲད་ཀྱང་ཉེ་ཞོ་མ་བྱུང་། སྐབས་དེར་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་རྒྱ་གར་དུ་བཞུགས་ཡོད་པ་དང་མཇལ་འཕྲད་གནང་བ་མ་ཟད།༧པཎ་ཆེན་རིན་པོ་ཆེས་ཉི་ཧོང་གི་རྒྱ་ཡིག་བཀའ་བསྟན་དང་བོད་ཀྱི་བོད་ཡིག་བཀའ་བསྟན་བརྗེ་རེས་གནང་རྒྱུའི་ཆད་མདོ་གནང་བ་རེད། ༡༩༡༢ ལོའི་ཟླ་༣ པར་རྒྱ་གར་ནས་རྡོ་རྗེ་གླིང་དུ་ཕེབས་ཏེ་གནས་དེར་བཞུགས་པའི་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ཐུབ་བསྟན་རྒྱ་མཚོ་མཇལ་བར་ཕེབས། དེར་༧ཏཱ་ལའི་བླ་མས་འཇར་པན་ལ་བཅངས་པའི་གསན་འཛོར་འགའ་རེའང་མེད་པ་བཟོས་ནས་ཡིད་ཆེས་ཀྱང་ཐོབ་ཡོད་པ་རེད། ད་དུང་༧ཏཱ་ལའི་བླ་མས་དགའ་སྤྲོ་དང་བཅས་ང་རང་བོད་དུ་ཕེབས་རྒྱུར་རེ་བ་བཏོན། དེའི་རྗེས་ནས་དཔེའི་ཧཱེ་ཡིས་རྒྱ་གར་གྱི་ས་གནས་སོ་སོར་སངས་རྒྱས་ཀྱི་མཛད་པ་ལ་ཞིབ་འཇུག་དང་རྟོག་ཞིབ་བྱ་ཆེད་དུ་རྒྱ་གར་ནས་ལོ་དགུ་དང་ནེ་པ་ལ་ནས་ཟླ་བཅུ་ལ་སྡོད་དགོས་བྱུང་ཡོད། ༡༩༡༣ལོའི་ཟླ་༡༢པའི་ཚེས་༢༠ཉིན། དཔེའི་ཧཱེ་ཅཱ་ཨིར་ཀ་ཏ་ནས་ཐོན་ཏེ་བོད་ཡུལ་དུ་སྐྱོད་པའི་ལམ་ལ་ཞུགས།སྐབས་དེ་དུས་བོད་ས་གནས་སྲིད་གཞུང་གིས་འཇར་པན་པ་བོད་དུ་ཡོང་བའི་སྒོ་མོ་ཅུང་ཟད་ཕྱེས་ཡོད་པ་དང་། མ་ཟད་༧ཏཱ་ལའི་བླ་མས་བོད་དུ་ཡོང་ཆོག་པའི་དགོངས་ཁྲོལ་སྤྲད་ཡོད་པ་རེད།  ཡིན་ན་ཡང་སྐབས་དེར་དབྱིན་ཇི་དང་རྒྱ་གར་དབང་འཛིན་ལས་ཁུངས་ཀྱིས་སྔར་བཞིན་བོད་ལ་བཀག་སྡོམ་གྱི་སྲིད་ཇུས་སྤྱད་དེ་ཕྱི་རྒྱལ་བ་རྒྱ་གར་ནས་བོད་ལ་ཡོང་རྒྱུ་བཀག་འགོག་ནན་པོ་བྱས་ཡོད་པ་རེད། གང་ལྟར་ཁོ་བོད་ལ་འགྲོ་རྒྱུ་འདེམ་ཐག་བཅད་དེ་བོད་རིགས་ཀྱི་སྣེ་ཤན་པ་གཉིས་དང་མཉམ་དུ་རྡོ་རྗེ་གླིང་ནས་འབྲས་ལྗོངས་སུ་ཕེབས་པ་དང་།

    ༡༩༡༤ ལོའི་ཟླ་༡ ཚེས་༡༢ ཉིན་བོད་ཀྱི་མངའ་ཁོངས་སུ་ཕེབས། དེ་ནས་བཟུང་བཙུན་པ་དཔེའི་ཧཱེ་ཡིས་འཇར་པན་གྱི་མིང་ཐོག་ནས་འགྲོ་སྐྱོད་ལས་འགན་སྒྲུབ་པ་རེད། ཚེས་༡༤ ཉིན་གམ་པ་རྫོང་དུ་འབྱོར་བ་དང་ཚེས་༢༡ ཉིན་གཞིས་ཀ་རྩེར་འབྱོར།  དེར་མ་ཎིའི་ལྷ་ཁང་ཞིག་གི་ནང་དུ་བསྡད།     ཁོང་གིས་དེ་གར་རང་གི་རྡོག་ཁྲེས་བསྒུག་དགོས་པ་དང་།       ༧པཎ་ཆེན་རིན་པོ་ཆེས་མངགས་བཅོལ་གནང་བའི་ཚགས་པར་དང་།  གསར་འགྱུར། བརྙན་པར། ས་གནས་དེ་གའི་རྩི་ཤིང་གི་མ་དཔེ་བཅས་ཡིག་སྒྱུར་བྱས་ནས་ཉེ་འགྲམ་གྱི་ནད་པར་སྨན་བཅོས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཟླ་༥ ཚེས་༡༢ ཉིན་གཞི་ནས་རྡོག་ཁྲེས་གཞིས་རྩེར་དབོར་ཐུབ་པ་བྱུང་བ་དང་།   ཁོང་གིས་༧པཎ་ཆེན་སྐུ་ཕྲེང་དགུ་པར་བརྗེ་རེས་ལ་སྤྱོད་བྱའི་ཉི་ཧོང་གི་རྒྱ་ཡིག་བཀའ་བསྟན་དང་དེ་བཞིན་ལེགས་སྐྱེས་གཞན་དག་ཕུལ་ཡོད། ཡིན་ནའང་ཁོང་གི་ལག་དུ་འབྱོར་བའི་སྣར་ཐང་དཔར་མའི་བཀའ་བསྟན་ནི་པར་འདེབས་ཤོག་བུ་སྲབ་དྲགས་པའི་རྐྱེན་གྱིས་ཧ་ལམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད། ཁོང་གིས་༧པཎ་ཆེན་རིན་པོ་ཆེ་ལ་ཤོག་རིགས་ཕུལ་བྱུང་གི་བཀའ་བསྟན་གནང་རྒྱུའི་རེ་བ་ཞུས། ཟླ་༧ པའི་ཚེས་༢༧ ཉིན། དཔེའི་ཧཱེ་ཡིས་མི་ཞིག་གིས་པར་དུ་འདེབས་ཀྱིན་པའི་བཀའ་བསྟན་ལ་རེ་སྒུག་བྱས་ནས་བསྡད། རྗེས་ནས་རང་ཉིད་དང་རྐང་བགྲོད་པ་གཞན་གསུམ་དང་མཉམ་དུ་ལྷ་སར་བསྐྱོད། ཟླ་༨ པའི་ཚེས་༧ ཉིན་ལྷ་སར་འབྱོར་ཞིང་། སྐུ་གྲོངས་ཟིན་པའི་བཀའ་བློན་ཚ་རོང་ཚེ་དབང་ཆོས་རྗེ་ཚང་ནས་བཞུགས་བཀོད་བྱས། དཔེའི་ཧཱེ་ཡིས་ ༧ཏཱ་ལའི་བླ་མར་མཇལ་རྒྱུའི་རེ་བ་བཏོན་ཡང་༧ཏཱ་ལའི་བླ་མ་གནས་སྐབས་མཚམས་ལ་བཞུགས་ཡོད་པས་འཕྲལ་མར་མཇལ་ཐུབ་མ་བྱུང་། སྐབས་དེ་དུས་ལྷ་སར་ཡོད་པའི་འཇར་པན་གྱི་དགེ་རྒན་ཆིན་མོའི་བུན་དང་། ཏོའུ་ཐེན་ཏེ་མི་གསུམ་ཁོང་གི་སྡོད་གནས་སུ་འཚམས་འདྲི་བྱེད་པར་ཡོང་ཡོད། ཟླ་༩ པའི་ཚེས་༢༩ ཉིན་དཔེའི་ཧཱེ་ཡིས་ནོར་བུ་གླིང་གར་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་མཇལ་འཕྲད་གནང་ནས་མེ་ཏོག་གི་བུམ་པ་དང་།    རས་ཀྱི་འགེལ་མདའ།  རྫ་རྩི་དང་ཇ་ཆས། ཤིང་བརྐོས་སོགས་ལག་རྟགས་ཕུལ་བ་མ་ཟད། ༧ཏཱ་ལའི་བླ་མས་ཏུང་ཅིན་སློབ་ཆེན་ལ་བོད་ཡིག་གི་བཀའ་བསྟན་བསྐུར་རྒྱུའི་ཐུགས་འདུན་གནང་བྱུང་། ༡༩༡༥ ལོའི་ཟླ་༡ པའི་ཚེས་༣ ཉིན། དཔེའི་ཧཱེ་ཕོ་བྲང་པོ་ཏ་ལར་སླར་ཡང་༧ཏཱ་ལའི་བླ་མ་མཇལ་བར་ཕེབས་པ་དང་། ༧ཏཱ་ལས་བླ་མས་རྒྱལ་རྩེའི་མཆོད་རྟེན་ཆེན་པོའི་ནང་གི་བོད་ཡིག་བཀའ་བསྟན་གླེགས་བམ་སྤྲོད་རྒྱུ་ཁས་བླངས། ཟླ་༡ ཚེས་༡༩ ཉིན། དཔེའི་ཧཱེ་ལྷ་ས་ནས་ཐོན་དེ་ཚེས་༢༦  ཉིན་རྒྱལ་རྩེར་བསླེབས་པ་དང་། འདིར་ཏཱ་ལའི་བླ་མས་གནང་བའི་བཀའ་བསྟན་ཁྱོན་བསྡོམས་གླེགས་བམ་ ༡༡༡ ཡོད།  དཔེའི་ཧཱེ་རྒྱལ་རྩེ་ནས་ལམ་ལ་ཆས་ཏེ་གཞིས་རྩེར་བསླེབས་ཤིང་། དེ་སྔ་སྡོད་མྱོང་བའི་མ་ཎིའི་ལྷ་ཁང་དུ་བསྡད། དེ་གར་མེས་རྒྱལ་དུ་ཕྱིར་ལོག་བྱེད་རྩིས་བྱས། དེ་རུ་ཡང་གཞིས་རྩེའི་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུ་ལྷག་ཡོད་པའི་ཞ་ལུ་དགོན་ནས་རྒྱ་གར་སྐད་ཀྱི་གཞུང་ཡིག་༣༩ རྙེད་ཅིང་མྱུར་དུ་དཀར་ཆག་བཟོས། ཞ་ལུ་དགོན་པའི་མཁན་པོ་ཞིག་གིས་མ་དཔེ་མ་འགྱུར་ཞིང་ཏ་ལའི་ལོ་མའི་ངོར་བྲིས་པའི་ལེགས་སྦྱར་གྱི་མདོ་སྡེ་པདྨ་དཀར་པོའི་གླེགས་བམ་ཆ་ཚང་དང་། ཤིང་ཤུན་ཐོག་ཏུ་བྲིས་པའི་ནང་བསྟན་སྙན་ངག་ཕྱོགས་བསྒྲིགས་དེབ་གཉིས་ཕུལ་བས་དཔེའི་ཧཱེ་སྤྲོ་སྣང་གིས་ཁེངས་པར་གྱུར། ཁོང་ལ་༧པཎ་ཆེན་རིན་པོ་ཆེས་བཀའ་བསྟན་གནང་བ་ཕུད། ད་དུང་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཀའ་བསྟན་དང་ལེགས་སྐྱེས་གཞན་དག་ཀྱང་ཐོབ། དཔེའི་ཧཱེ་ཡིས་བསམ་པར་རང་ཉིད་བོད་དུ་བསྐྱོད་པའི་འཆར་གཞི་ལེགས་འགྲུབ་བྱུང་བ་དང་། ཟླ་༤ ཚེས་༡༨  ཉིན་གཞིས་རྩེ་ནས་ཕྱིར་ལོག་བྱས། ཁོང་བོད་དུ་བསྐྱོད་པའི་ལམ་ཐིག་དེ་གཞིས་རྩེ་དང་། གམ་པ། འབྲས་ལྗོངས་བརྒྱུད་དེ་ཟླ་༥ ཚེས་༤ ཉིན་རྡོ་རྗེ་གླིང་དུ་འབྱོར་ཞིང་། ཟླ་༩ ཚེས་༤  ཉིན་ཉི་ཧོང་གི་ལྷ་ལྡན་དུད་ཚང་དུ་འབྱོར་གྱི་ཡོད། དཔེའི་ཧཱེའི་བོད་སྐྱོད་ཐེངས་གཉིས་པ་ལོ་ ༡༡ རིང་བོད་ཡུལ་དུ་སྐོར་ཞིབ་བྱས་པ་དང་། རང་ལོ་ལྔ་བཅུར་སོན། ཉི་ཧོང་དུ་ལོག་རྗེས་དཔེའི་ཧཱེ་ཡིས་ལེགས་སྦྱར་དང་བོད་ཡིག་གི་གསུང་རབ་ལེགས་སྒྲིག་དང་ཡིག་སྒྱུར་བྱ་རྒྱུར་མཇུག་བསྡུས་པ་དང་། གཞན་ལ་བོད་སྐད་ཀྱི་སློབ་ཁྲིད་བྱས། ༡༩༢༦ ལོར་དགུང་ལོ་ ༦༡ ལ་སོན་སྐབས་ཁོང་གིས་ཁྱིམ་དུ་ལོག་རྒྱུའི་ཁྱབ་བསྒྲགས་བྱས། ༡༩༤༥ ལོའི་ཟླ་༢ པའི་ཚེས་༢༤ ཉིན་ཀླད་པར་ཁྲག་འདྲེས་ནས་ཏུང་ཅིན་དུ་སྐུ་གཤེགས། དེ་དུས་དགུང་ལོ་ ༨༠ རེད། དཔེའི་ཧཱེ་ཡིས་ཉི་ཧོང་གི་བོད་རིག་པའི་ཐད་ལ་ལེགས་སྐྱེས་བླ་མེད་ཕུལ་ཡོད་པ་ལ་ཀུན་གྱིས་བསྟོད་སྔགས་ཐོབ།  ཁོང་གིས་སློབ་མ་རྣམས་ལ་བཤད་རྒྱུར། ང་རང་ནི་ལོ་རྒྱུས་ཐོག་ཉི་ཧོང་གི་མི་བོད་ཡུལ་ལ་བསྐྱོད་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། ལོ་རྒྱུས་ཐོག་ཉི་ཧོང་པས་བོད་གངས་ཅན་ལ་འབྲེལ་གཏུག་བྱེད་འགོ་ཚུགས་པའི་ཐོག་མའང་ཡིན།  ང་རང་བོད་དུ་བསྐྱོད་རྒྱུའི་དམིགས་ཡུལ་ནི་ནང་བསྟན་གྱི་མ་ཡིག་འཚོལ་བསྡུ་བྱེད་པའི་ཆེད་དུ་ཡིན་པ་མ་ཟད། གྲུབ་འབྲས་ཐོབ་པའི་སྒོ་ནས་རང་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་པ་རེད་ཟེར།   དཔེའི་ཧཱེ་ཡི་རིག་གཞུང་གི་བྱས་རྗེས་གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་དེ།

       གཅིག་ནི། དཔེའི་ཧཱེ་ཡིས་རང་ཉིད་ཀྱི་བོད་དུ་བྱེད་སྒོ་དང་པོ་མཇུག་རྫོགས་ནས་ཉི་ཧོང་དུ་ཕྱིར་ལོག་བྱས་རྗེས་༡༩༠༤ ལོར་༼བོད་དུ་བསྐྱོད་པའི་ཟིན་ཐོ༽ཞེས་པར་བྲིས་ནས་ཡོངས་བསྒྲགས་ངང་དཔེ་བསྐྲུན་བྱས་པ་རེད། ༡༩༠༩ལོའི་པར་ཐེངས་གཉིས་པའི་སྐབས “Thre Years Tibet”༼ བོད་དུ་ལོ་གསུམ་བསྐྱོད་པའི་ཟིན་ཐོ༽ཞེས་ཁ་བྱང་ཅུང་ཟད་བསྒྱུར་ནས་རྒྱ་གར་དང་དབྱིན་ཇིར་དབྱིན་ཡིག་པར་གཞི་དཔེ་སྐྲུན་བྱས་པས་ཀློག་པ་པོ་དེ་བས་མང་བ་ཞིག་གིས་བོད་ཀྱི་རིག་གནས་དང་འཚོ་བར་ཤེས་རྟོགས་ཐུབ་ཡོད་ཅིང་། དེའི་དབང་གིས་དཔེའི་ཧཱའེ་ལ་ཡང་སྐད་གྲགས་ཆོད་ཡོད། ཟིན་ཐོ་དེའི་ནང་ལོ་ངོ་བརྒྱའི་གོང་གི་བོད་ཀྱི་ས་མཐོའི་རང་བྱུང་མཛེས་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། ལྷ་སྒྲུང་། དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་གནས་ཚུལ་བཅས་བཀོད་ཡོད་པ་དང་ཚད་ངེས་ཅན་ཞིག་གི་ཐོག་ནས་བོད་ཀྱི་སྐབས་དེའི་སྤྱི་ཚོགས་དང་རང་བྱུང་གི་རྣམ་པ་མཚོན་གྱི་ཡོད། ད་ལྟའི་བར་དུ་དེབ་འདིས་མི་རིགས་རིག་པ་དང་ལོ་རྒྱུས་རིག་པའི་རིག་ཚན་གྱི་ཞིབ་འཇུག་ལ་རྒྱུ་ཆ་རྩ་ཆེན་གྱི་རིན་ཐང་ལྡན་ཡོད་སྐད།

      གཉིས་ནི། ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་གི་དཔྱད་ཡིག་འཛུགས་སྐྲུན་ཐད་ལེགས་སྐྱེས་ཕུལ་བ།  ནང་བསྟན་རིག་གཞུང་དཔེ་བསྡུར་དང་འཚོལ་བསྡུ་བྱ་རྒྱུ་ནི་ཁོང་གི་དམིགས་ཡུལ་གཙོ་བོ་ཡིན་པ་དང་།  དེའི་ཞོར་དུ་ལེགས་སྦྱར་གྱི་ཡི་གེ་དང་བོད་ཡིག་བཀའ་བསྟན་འབོལ་ཆེན་བསྡུ་རུབ་གནང་། ཉི་ཧོང་གི་ཤར་རྒྱ་མཚོ་ཆེན་པོའི་ཡིག་མཛོད་དང་། ཏུང་ཅིན་སློབ་ཆེན། ཏ་ཀྲིན་སློབ་ཆེན། བྱང་ཤར་སློབ་ཆེན་སོགས་ཀྱི་དཔེ་མཛོད་ཁང་གི་ནང་དུ་བཙུན་པ་དཔེའི་ཧཱེ་ཡིས་གདན་ཞུ་བྱས་པའི་བོད་ཀྱི་དཔྱད་ཡིག་པར་རིས་གསལ་བཤད་དང་ཅེས་པ་ཞིག་ཡོད་པ་རེད། དེའི་ངོ་སྤྲོད་བྱས་པར་གཞིགས་ན། ཉི་ཧོང་བྱང་ཤར་སློབ་ཆེན་རྩོམ་རིག་ཁང་དང་། ཉི་ཧོང་མཛེས་རྩལ་ལོ་རྒྱུས་ཞིབ་འཇུག་ཁང་དུ་ད་དུང་དཔེའི་ཧཱེ་ཡིས་རྒྱ་གར་དང་བོད་བལ་གསུམ་ནས་སྐུ་བརྙན་ནང་འདྲེན་བྱས་པ་༡༤༤ དང་། སངས་རྒྱས་ཀྱི་ཐང་གའི་རི་མོ་ ༢༦༡ སྤར་ཤིང་༢༨ མཆོད་ཆས་ ༣༨༥ སྲོག་ཆགས་དང་རྩི་ཤིང་གི་དཔེ་རིས་༡༢༥ གཏེར་དངོས་དཔེ་དབྱིབས་ ༡༣༠ བཅས་ཡོད་པ་རེད།  ཕྱིས་སུ་དཔེའི་ཧཱེ་ཡིས་རང་གི་ཁྱིམ་དུ་སྒེར་ཉར་བྱས་ཡོད་པའི་སྐུ་རྟེན་དང་ཆོས་ཀྱི་ཡོ་བྱད་༢༠ ཏུང་ཅིན་རྒྱལ་བཙུགས་རྟེན་རྫས་བཤམས་མཛོད་ཁང་དུ་རྩི་ཤིང་གི་མ་དཔེ་༡༠༠༠ ཙམ་ཉར་ཚགས་བྱས་ཡོད་ལ། དེ་དག་ཚང་མ་ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་གི་རྩ་ཆེའི་རིག་དངོས་སུ་གྱུར་ནས་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་ལ་དཔྱད་གཞིའི་ཡིག་རིགས་ཀྱི་རྨང་གཞི་བཏིང་ཡོད།

      གསུམ། ཉི་ཧོང་བོད་རིག་པའི་ཞིབ་འཇུག་དང་ལྷག་པར་དུ་བོད་ཡིག་གི་ནང་བསྟན་ཡིག་བསྒྱུར་དང་ཞིབ་འཇུག་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཁོང་ཉིད་༡༩༡༧ ལོར་ཉི་ཧོང་དུ་ཕྱིར་ལོག་རྗེས། སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་དང་ལྷག་པར་དུ་བོད་ཡིག་གི་སངས་རྒྱས་ཆོས་ལ་ལོ་ཙཱ་དང་ཞིབ་འཇུག་བྱེད་པའི་ལས་ལ་ཞུགས། ཞིབ་འཇུག་འདི་ནི་ཁོང་གི་བྱ་གཞག་གཙོ་བོ་ཡིན་ཞེས་བཤད་ཆོག མཁས་པ་ཚོས་བསྡོམས་རྩིས་བྱས་པར་གཞིགས་ན། དཔེའི་ཧཱེ་ཡི་སྐུ་ཚེ་གང་གི་ནང་བྲིས་པའི་དེབ་རྐྱང་གི་རྩམ་ཆོས་རིགས་༤༡ དང་། རྟོག་ཞིབ་རང་བཞིན་གྱི་དཔྱད་རྩོམ་༨༠ ཚགས་པར་ཐོག་བཀོད་པ་དང་། རྩོམ་ཡིག་གཞན་༣༦ དེ་མིན་རྩོམ་རིང་གྲས་སུ་ཚུད་པའི་རྩོམ་ཡིག་༡༦ བཅས་ཡོད། འདི་དག་བཞི་ནས་བོད་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་ལེགས་སྐྱེས་ཕུལ་ཡོད། བོད་ཡིག་གི་གསུང་རབ་སྣ་ཚོགས་ཡིག་སྒྱུར་བྱེད་པར་བོད་ཡིག་གི་ཤེས་ལྡན་པ་འབོལ་ཆེན་ཞིག་དགོས་པར་བརྟེན་ཁོང་གིས་ཉི་ཧོང་སློབ་ཆེན་དུ་བོད་བརྒྱུད་ནང་བསྟན་དང་བོད་སྐད་སློབ་ཚན་འཆད་ཁྲིད་གནང་གི་ཡོད། ༡༩༢༦ ལོར་ཉི་ཧོང་ཏཱ་ཀྲིན་སློབ་ཆེན་གྱི་བོད་སྐད་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་བའི་འགན་འཁུར་བ་དང་འབྲེལ། བོད་ཀྱི་རིག་གནས་དཔེ་དེབ་དང་། བོད་ཀྱི་སྐད་ཡིག་ཀློག་དེབ་སོགས་དཔེ་སྐྲུན་བྱས་ཏེ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་དོ། །

ཡེ་ཤེས་རྡོ་རྗེས་བོད་འགྱུར་བྱས། ༢༠༢༢/  /  ༢༧

ཡོང་ཁུངས་ངོ་དེབ།

དཔྱད་མཆན་སྤེལ།

%d