<<ཁྲག་ཡིག>>དང་<<སྒེར་གཅོད>>བཀླགས་པའི་མྱོང་ཚོར། བདེ་འཚོ། ༡ ཁྲག་གི་བྲིས་རིས། བཙན་བྱོལ་དུ་འབྱོར་ནས་མི་ལོ་བརྒྱད་ལྷག་བསྐྱལ་ཚར་བའི་བརྒྱུད་རིམ་ནང་དུ་ངས་རྟག་ཏུ་ཐོས་བྱུང་བ་ནི་གསར་འགྱུར་བརྒྱུད་ལམ་ཁག་ནས་བསྒྲགས་འོང་བའི་སྐད་ཆ་ཡང་མོ་དག་དང་། ཡང་ན་ཚོར་ཤེས་ཀྱི་ན་ཟུག་སྟོང་བའི་ཚོགས་སྡེ་ཁག་གི་སྤྱི་བསྒྲགས་ཙམ་ལས། མི་སེམས་རློན་པ་ནས་བཞུར་འོང་བའི་ཆེས་སྙིང་ཉེ་བའི་སྐད་ཆ་ཞིག་དང་། ཆེས་བབ་ཆགས་པའི་སེམས་འདུན་ངོ་མ་ཞིག་ཕལ་ཆེར་ངའི་ཚོར་ཤེས་ཀྱི་དབང་བོ་རེ་རེ་རྟུལ་སོང་བས་མིན་ན་ཐོས་དཀའ་ཚོད་དུ་སྣང་། དེ་བས་ལོ་འདི་དག་ནི་ང་ལ་མཚོན་ན་ཆེས་སུན་སྣང་དང་སྐྱོ་གདུང་། ཡང་ན་ཁེར་རྐྱང་ལྟ་བུའི་འཁྱོལ་དཀའ་བའི་ཉིན་ཞག་གི་རྩིས་ཐོ་རེ་རེ་ལས་མ་འདས། འདི་ལོའི་སྤྱི་ཟླ་༤པའི་ཚེས་༡༥ཉིན་མདོ་སྨད་ཀིརྟི་བྱེས་དགོན་གྱི་རྩོམ་དེབ་བརྒྱ་ལོངས་པའི་མཛད་སྒོར་འགྲོ་བའི་གོ་སྐབས་ལས་ཐེའུ་རང་གི<<ཁྲག་ཡིག>>ལ་དངོས་སུ་མཇལ་བའི་བསྐལ་བ་བྱུང་སོང་། སྤྱིར་ཐེའུ་རང་དང་<<ཁྲག་ཡིག>>ཞེས་པའི་ཡིག་འབྲུ་འདི་གཉིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་གི་སྐད་ཆའི་བར་གསེང་རེ་ནས་རྟག་ཏུ་ཐོས་མྱོང་ཡོད་ཀྱང་།བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དེ་ལྟ་བུའི་སྤྱི་བསྒྲགས་དག་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་ངས་ཀྱང་དེ་ཙམ་གྱིས་དོ་སྣང་ཆེན་པོ་མ་བྱས་པ་ནི་ད་ལྟ་བསམ་ན་རང་ཉིད་ཀྱི་ནོར་འཁྲུལ་ཆེན་པོ་ ཞིག་རེད། དེ་བས་ཐེའུ་རང་གི་<<ཁྲག་ཡིག>>དངོས་སུ་ལག་ཏུ་འབྱོར་བས་ངས་དབུགས་ཐེངས་གཅིག་གིས་དེ་ཉིད་བམ་ཀློག་ཐེངས་ཤིག་བྱས་ཤིང་ཕྱིས་སུ་ཡང་བསྐྱར་ཞིབ་ཀློག་ཐེངས་ཤིག་ཀྱང་བྱས་པ་ཡིན། སྐབས་དེར་<<ཁྲག་ཡིག>>ཞེས་ པའི་ཁ་བྱང་ཙམ་པོ་དེས་ཀྱང་ང་ལ་ན་ཟུག་དང་ཕྱིར་དྲན་གྱི་བློས་བསླངས་མང་པོ་ཞིག་སྐྱེས་སུ་བཅུག་སོང་། ཅིས་ཕྱིར་ཞེས་ན་ཁྲག་ནི་འགྲོ་བ་མི་དང་རླབས་ཆེ་བའི་ཚེ་སྲོག་མང་པོ་ཞིག་གི་རྒྱུ་བ་གསོ་བྱེད་ཀྱི་དྭངས་མ་ཡིན་པས། ཁྲག་སྐམ་ཚེ་འཇིག་རྟེན་སྟེང་གི་མཛེས་སྡུག་གི་ཚེ་སྲོག་རེ་རེ་ནི་ཇི་སྲིད་བར་དུ་འཚོ་དཀའ་ཞིང་གནས་མི་ཐུབ་པ་ཞིག་ཡིན་པས་སོ།དེ་བས་ཁྲག་རྒྱུན་གྱིས་ཤར་ཤར་བྲིས་པའི་ཡིག་འབྲུ་འདི་དག་གིས་ང་ཚོར་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་བཙན་འོག་ནས་བརྗོད་ཀྱིན་འདུག འདི་ལྟར་བསམ་འོང་ན<<ཁྲག་ཡིག>>ནི་དམར་ལྷོག་ལྷོག་བཞུར་བའི་མི་ཕོ་ཞིག་གི་ཁྲག་གི་བཞུར་རྒྱུན་ཡིན་ནམ། ཡང་ན་ཚ་ལམ་ལམ་དུ་ཁོལ་བའི་ཚེ་སྲོག་ཁྲི་ཕྲག་གི་སེམས་ཀྱི་གདུང་འབོད་ཡིན། འདི་ལྟར<<ཁྲག་ཡིག>>གིས་ ང་ཚོ་ལ་རྨ་ཁ་ཞིག་བསྟན་བྱུང་། ལོ་ངོ་དུ་མ་ཞིག་གི་སྔ་རོལ་ནས་གསོས་མ་ཐུབ་པའི་རྨ་ཁ་ཞིག་བསྟན་བྱུང་ལ། ད་ལྟ་ཡང་ད་དུང་ཡང་ཁྲག་དམར་ལྷོག་ལྷོག་བཞུར་གྱིན་པའི་རྨ་ཁ་ཞིག་བསྟན་བྱུང་བས་མ་ཚད། མ་འོངས་པའི་མི་རབས་ནས་མི་རབས་བར་དུ་དྲག་སྐྱེད་འབྱུང་དཀའ་བའི་རྨ་ཁ་ཞིག་བསྟན་བྱུང་། བླ་སྲོག་གི་གླུ་སྐད་མ་འཇགས་ན། རུས་རྐང་གི་ཁྲག་རྒྱུན་མ་ཡལ་ན།ང་རང་ཚོ་རང་དབང་དང་བསྡོངས་ཏེ་གངས་སུལ་དུ་འཐིམ་ཆོག འདི་ནི་<<ཁྲག་ཡིག>>གིས་ཁུར་འོང་བའི་སེམས་པ་དམར་པོ་ཡིན་ལ། <<ཁྲག་ཡིག>>གིས་རང་ཉིད་ལ་ཆེད་དུ་བརྐོས་པའི་རྟག་བརྟན་གྱི་དུངས་པ་ཞིག་ཀྱང་རེད། སྐབས་འདིར་ཁྲག་ཡིག་གི་དམར་ཧྲང་ཧྲང་དུ་བཀྲམ་པའི་ཡིག་འབྲུ་རེ་རེ་ན་ཟུག་གི་འཕག་འཚག་ རེ་རེ་དང་འགྲོགས་ཏེ་ངའི་དྲན་ཤེས་དང་སེམས་པ་ཡོད་ཚད་རྨང་ནས་སྒུལ་བྱུང་། ...
དེ་ལས་མང་པ།
ཕ་ཡུལ།
གཟུངས་ཕྱུག་སྐྱིད། རྒྱ་གར། རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང་དུས བདག་གིས་ཁྱེད་ཁོ་ནའི་མཛེས་སྡུག་གི་མིང་བྱང་ཀློག་བཞིན ཚེ་སྲོག་གི་གླུ་སྐད་ཅིག་རྒྱང་ནས་རྒྱང་དུ་བསྲིངས་འདོད ཕ་ཡུལ་ཨ དུས་ཚིགས་དང་ལོ་ཟླའི་གཙང་ངོགས་ནས ཁྱེད་ཀྱིས་བདག་གི་སྐྱོ་ངལ་གྱི་བཞིན་རས་ལ་བྱིལ་བྱིལ་བྱེད་དུས དུས་འགྱུར་དང་ས་ཁམས་ཀྱི་དབྱངས་འགྲོས་ཁྲོད་ནས ཁྱེད་ཀྱིས་བདག་གི་དྲན་གདུང་གི་རྣམ་ཤེས་ལ་འབོད་པ་གཏོང་དུས བདག་ལ་མི་ཚེའི་མྱོང་རྟོགས་ཀྱི་གཏམ་རྒྱུད་ཅིག་ཡང་བསྐྱར་དྲན་དུ་བཅུག་ཅིང ཆེས་སྙིང་དུ་སྡུག་པའི་ཞོགས་པ་ཞིག་གི་འཛུམ་མདང་ཡང་བསྐྱར་གནང་བྱུང་། སྐབས་སྐབས་སུ་ང་ནི་རི་བོའི་ཚུལ་གྱིས ཁྱེད་ཀྱི་བརྟན་བརླིང་གི་ས་གཞིའི་སྟེང་འཛུམ་གྱིས་འཕགས་འདོད་ལ ཡང་ན་རྒྱ་མཚོའི་ཟོལ་གྱི ཁྱེད་ཀྱིས་མངའ་ཐང་གི་དཀྱིལ་དབུས་སུ་དྭངས་གཙང་གིས་འཁྱིལ་འདོད མིའི་རིགས་ཀྱི་དུང་བརྩེ་བརླག་བཞིན་པའི་ཁ་སང་གི་སྐྱོ་གར་དབུས་ནས སྐྱེས་ཁམས་ཀྱི་དབུགས་རྩ་འགག་བཞིན་པའི་དེ་རིང་གི་སྡུག་ཡུས་ཀློང་ནས འཚོ་གནས་ཀྱི་ལྗང་མདོག་ཡལ་བཞིན་པའི་སང་ཉིན་གྱི་དངངས་སྐྲག་ཁྲོད་ནས ཁྱེད་ཀྱིས་ཡང་དང་བསྐྱར་དུ་ང་ལ་མཛེས་སྡུག་གི་སེམས་གསོ་གནང་དོན་ཅི ཁྱེད་ཀྱིས་ཡང་དང་བསྐྱར་དུ་ང་ལ་བསྐྱར་གསོན་གྱི་དབུགས་རྒྱུན་བསྩལ་དོན་ཅི ཕ་ཡུལ་ལགས ཁྱེད་ཁོ་ནས་གནང་བའི་བྱམས་བརྩེ་མིག་ཟུང་གིས བདག་གི་ཁ་སང་གི་རྨི་ལམ་ལ་ངོ་མཚར་གྱི་རྟོགས་འཆར་བསྐྲུན་ཞིང་། ཁྱེད་ཁོ་ནས་གྱེར་བའི་དབྱངས་འགྲོས་གཉོམ་པོས ང་ཚོའི་དེ་རིང་གི་རུས་རྐང་ལ་ཟུངས་ཁྲག་གི་འཚོ་བཅུད་གནང་བྱུང དུས་དང་བསྐལ་པའི་བར་བསྲིངས་པའི་ཁྱེད་ཀྱི་སྐྱེས་རབ་ཀྱི་ཐམ་ཀ་གང་དུ་ཡོད། གནའ་ནས་ད་ལྟའི་བར་འབྲེལ་བའི་སྲ་མཁྲེགས་ཀྱི་རྒྱབ་རུས་དེའང་གང་དུ་ཡོད། དོ་ནུབ ...
དེ་ལས་མང་པ།
ཞོགས་དུང་རྒྱང་འབོད།
འོད་དཀར། དཔྱོད་ཤེས་རྒྱང་འབོད་ས་ལ་འཕོས་པས་ཞོགས་དུང་རྒད་པོ་བོད་ཀྱིས་ཤེས། ། སྒལ་ཚིགས་སྲ་མོ་ཁྱེད་ལ་བདོག་པས་མི་བུའི་དཔྱོད་ཤེས་བདག་པོར་གྱུར། ། གླེན་པ་སྐོར་ཞིག་མགོ་བོ་རྨོངས་ནས་ཁྱོད་ལ་ལྟ་ལོག་ལྟས་ངན་བརྗོད། ། བདག་གི་སེམས་ཀྱི་སྐྱ་རེངས་དཀྲོགས་པ་ཞོགས་པའི་དུང་དེ་ཁྱེད་ཉིད་ཡིན། ། མགོ་བོ་རྨོངས་པའི་བོད་པ་ཚང་ལ་དུས་རབས་གསར་བའི་སྙིང་སྟོབས་སྩལ། ། རང་ཚུགས་མེད་པའི་བྱིས་པ་ཚོ་ལ་སྒལ་ཚིགས་སྲ་མོའི་མན་ངག་གནང་། ། ད་དུང་བདག་གིས་མ་འཇོན་ཟེར་བའི་རང་སྐྱོན་ཁས་ལེན་དཔའ་བོའི་ཚུལ། ། ཁྱེད་ཀྱི་གཤིས་ལ་ཤུགས་ཀྱིས་མངོན་པས་དེ་རིང་ཡིད་དབང་འཕྲོག་ནས་ཐལ། ། གནམ་ས་གོ་འབྱེད་མི་ཡུལ་འཕོས་པས་དགྱ་རོའི་མགོ་སྟེང་ལོག་ནས་ཐལ། ། གནམ་ས་གོ་འབྱེད་བོད་ལ་འཕོས་པས་དཔྱོད་ཤེས་རྒད་པོ་གྲགས་ནས་ཐལ། ། གནམ་ས་གོ་འབྱེད་ཕྱི་ལ་འཁྱམས་པས་ཁྲམ་པ་མང་པོ་སྐྲག་ནས་ཐལ། ། གནམ་ས་གོ་འབྱེད་ཁྱེད་ལ་ཕོག་པས་ཁྱིམ་ཚང་གང་པོ་གཏོར་ནས་ཐལ། ། དེ་ལྟར་གནམ་ས་གོ་འབྱེད་དེ་ནི་ཁྱེད་ཀྱི་རུས་པའི་རྐང་ནས་ཐོན། ། བོད་ཀྱི་ངུར་སྨུག་ཞི་རྒོལ་དེ་ཡིས་གནམ་ས་གོ་འབྱེད་བཙུར་ནས་ཐོན། ། བོད་ཀྱི་གསར་རྗེ་ཞི་རྒོལ་དེ་ཡིས་གནམ་ས་གོ་འབྱེད་བཞུར་ནས་ཐོན། ། མདོར་ན་གནམ་ས་གོ་འབྱེད་དེ་ནི་ཆོལ་གསུམ་བོད་མིའི་གཟུངས་ཁྲག་ཡིན། ། རྒྱང་རིང་སྡུག་གི་ས་མཐའ་ཞིག་ནས་གནམ་ས་གོ་འབྱེད་ཞིབ་བལྟས་ནས།...
དེ་ལས་མང་པ།
དཔེ་ཀློག་ཟིན་བྲིས་མགོ་ཆད་ར་ཆད་ཅིག
(བོད་ནང་།) རྒྱལ་སྲས་གླེན་པས་བརྗེད་ཐོར་བཀོད། དཔེ་ཆ་བཀླག་རྒྱུ་ཁོ་ན་ལས་དཔྱོད་པ་ལ་མི་གཞུག་པའི་མི་ལ་བློ་སྐྱེད་ཆེན་པོ་གཏན་ནས་ཡོད་མི་སྲིད། བརྒྱ་ལ་བག་ཆགས་ཅུང་ཟད་རེ་བཞག་ཐུབ་པའི་དབང་དུ་གཏང་ཡང་། བག་ཆགས་མི་ཟབ་པས་ས་བོན་གྱི་ངོ་བོར་འཕེལ་བའི་སྐབས་མེད་པར་སྐད་ཅིག་སྐད་ཅིག་ལ་འཇིག་འགྲོ། རྩོམ་རིག་དང་མི་ཚེ་གཉིས་མི་འདྲ་ས་ཅུང་ཟད་ཀྱང་མེད་དེ། ཡུལ་དུས་གང་ནས་ཀྱང་གྲངས་ཀྱིས་མི་ཟིན་པའི་ངན་པ་ཐ་ཤལ་རྣམས་སྦྲང་ནག་བཞིན་བཀང་ཡོང་སྟེ་སྤྱི་ཚོགས་ལ་གནོད་སྐྱེད་པ་མཐོང་དུ་ཡོད། རྩོམ་རིག་གྲས་ནའང་། དོན་མེད་དོན་ལོག་གི་དཔེ་འཆལ་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པ་དག་གིས་ཕོན་པོར་འཕྱུར་བའི་འཇག་སྐྱས་སོ་ནམ་གནོད་པ་བཞིན་རྩོམ་རིག་འཕེལ་རྒྱས་ལ་གནོད་ཅིང་འཚེ་བར་བྱེད། དེ་ཚོས་རྩོམ་འབྲི་བ་ལར་ནས་ཆེན་པོའི་ཡོང་འབབ་དང་མཐོན་པོའི་གོ་ས་སྙེག་རྒྱུ་ཁོ་ནའི་ཆེད་དུ་ཟད་པས། དེ་ལྟའི་རྩོམ་དཔེ་དག་གི་བྱེད་ལས་ནི་ཀློག་མཁན་གང་དེའི་དུས་ཚོད་དང་རྒྱུ་ནོར། སེམས་ཤུགས་རྣམས་འཛད་ཅིང་ཉམས་སུ་གཞུག་སྟེ། མི་ཚོས་དཔེ་ཆ་ལེགས་པོ་དག་བཀླག་པའམ། དོན་ལྡན་གྱི་ལས་ལ་གཞུག་པར་གེགས་བྱེད་པ་ལས་མ་འདས། རིག་གནས་པ་མང་པོ་ཞིག་ཤིན་ཏུ་ངན་ལ་གཡོ་དང་སྒྱུ་ཆེ་བས། ཁོ་ཚོས་ཕ་རོལ་བོས་བླ་ན་མཐོ་བའི་གཤིས་སྤྱོད་དང་དོན་དམ་པའི་བློ་སྦྱོང་རྣལ་མ་འཐོབ་ལ་བརྩོན་པར་མི་མོས་པར། བྲི་རྩལ་ཡོད་རྒུ་གཅིག་ཏུ་བསྡུས་ནས་ཞུན་ཕབ་པའི་ཐབས་མཁས་ཀྱི་ཀྱོ་བ་རྣོན་པོ་དེ་སྤྱད་ནས་མི་སེམས་དགུག་ཅི་ཐུབ་ཀྱིས། ཀློག་པ་པོ་ཚོར་དུས་འཕྱོར་ཅན་གྱི་དཔེ་དེབ་བཀླག་ཏུ་གཞུག་སྟེ། དམིགས་པ་ནི་སྤྱི་ཚོགས་འབྲེལ་ལམ་ཁྲོད་ནས་རང་ཉིད་ལ་བཤད་རྒྱུ་གཏམ་རྒྱུ་རེ་ཡོད་པར་བརྩོན་རྒྱུ་ལས་མ་འདས། དཔེ་དེབ་འདི་རིགས་ཀྱི་ཀློག་པ་པོ་ཚོ་ཇི་འདྲའི་སྙིང་རྗེ་བ་ལའང་། ཁོ་ཚོས་ཅི་མི་སྙམ་པར་རྩོམ་པ་པོ་ཉི་ཚེ་བ་དག་གི་དཔེ་གསར་དག་བཀླག་པ་རང་གི་འགན་འཁྲིར་སེམས། དེའི་རྐྱེན་གྱིས་ཁོ་ཚོས་གནའ་དེང་དང་ཕྱི་ནང་གི་རྩོམ་པ་པོ་མཆོག་གྱུར་འགའ་རེ་ཡོད་པ་ཚོའི་གཞུང་ཆེན་མི་བཀླག་པས་ཁོ་ཚོའི་མཚན་ཐོས་པ་ཁོ་ནའོ།། ལྷག་པར་དུ་ཉི་མ་རེར་པར་དུ་སྐྲུན་བཞིན་པའི་གོ་བདེའི་དུས་དེབ་དག་དེ་བས་ཀྱང་གཡོ་དང་སྒྱུ་ཆེ་བས། མི་ཚོས་རིན་ཐང་དང་པོའི་དུས་ཚོད་དག་ཆུད་ཟོས་སུ་གཏང་ནས། དོན་ངོ་མར་བློ་སྦྱོང་ལ་ཕན་པའི་བརྩམས་ཆོས་དག་བཀླག་ཁོམ་མེད་པར་འགྱུར་ལ་གྲོགས་དན་བྱེད། བསམ་བློ་མཁན་ཆེན་དག་གི་གཞུང་ཆེན་རྣམས་མི་བཀླག་པར་རྡུལ་ཁྲོད་དུ་བསྐྱུར་ནས། རིག་གནས་པ་མནོག་ཆུང་ཚོས་བྲིས་པའི་གོང་ཐང་མེད་པའི་དཔེ་དེབ་གང་ཞིག གསར་དུ་པར་དུ་བསྐྲུན་པ་ཞིག་ཡིན་ཚེ། དེ་མུར་སྔ་གཞུག་བརྩད་ནས་བཀླག་པའི་སྲོལ་འདི་ཇི་འདྲའི་གླེན་རྟགས་ཤིག་རེད་ཨང་། རྩོམ་པ་པོ་ཕལ་བ་ཚོས་བྲིས་པའི་བརྩམས་ཆོས་གང་ཞིག སྦང་ནག་ཚང་ནས་བརྡོལ་བ་བཞིན་ཉི་མ་རེ་རེར་ཐོན་ངེས་ལ། མི་རང་ག་པ་ཚོས་དེ་དག་གི་སྣག་ཚའི་དྲི་མ་ད་དུང་ཡལ་མེད་པ་ལ་བལྟས་ནས་བཀླག་རྒྱུར་བྲེལ་ཏེ།...
དེ་ལས་མང་པ།
ཁྱེད་ཀྱིས་རྡ་རམ་ས་ལའི་འདས་མ་ད་གསུམ་གྱི་སྐོར་ཀློག་ན་
སྦྲ་རིག་ཐོགས་མེད། ཉེ་ཆར་བསྐྱར་དུ་“རྡ་རམ་ས་ལའི་ཉིན་མོ་དག་དང་རྡ་རམ་ས་ལའི་མཚན་མོ་དག”ཅེས་པའི་དཔྱད་ཞིབ་རང་བཞིན་ལྡན་པའི་དཔེ་དེབ་འདི་གཟབ་ནན་ངང་ཐེངས་ཤིག་བཀླགས་པ་ཡིན། དཔེ་ཆ་འདི་བཀླགས་ཟིན་རྗེས་བོད་ཕྱི་ནང་གི་སྤྱི་ཚོགས་དང་ལོ་རྒྱུས་རིག་པར་ཞིབ་འཇུག་བྱེད་མཁན་དག་གཙོ་བོར་བྱས་པའི་བོད་རིགས་ཤེས་ཡོན་པ་དཔེ་དེབ་གསར་བ་འདི་མིག་ལ་མ་ཐོགས་མཁན་དག་ལ། དཔྱད་ཞིབ་ཀྱི་རྣོ་ངར་ལྡན་པའི་དཔེ་དེབ་འདིས་ཕན་ཅུང་ཟད་རེ་ཐོགས་ན་སྙམ་པའི་ཀུན་སློང་དང་བཅས་མཚམས་སྦྱོར་ཐུང་ངུ་འདི་འབྲི་བའི་ལས་ལ་ཞུགས་པ་ཡིན། ཕྱི་ལོ་ ༢༠༡༣ ལོའི་ཟླ ༡༡ བར་དཔེ་དེབ་འདི་དངོས་སུ་སྤྱི་ཚོགས་ཁྲོད་དུ་འགྲེམས་སྤེལ་བྱས་པ་ནས་བཟུང་ད་བར་དུ་རྒྱལ་སྤྱིའི་བོད་རིག་པ་བ་དང་བོད་ཀྱི་གནས་བབ་ལ་དོ་སྣང་ཅན་གྱི་ཤར་ནུབ་ཀྱི་ཉམས་ཞིབ་པའི་ཁྲོད་དུ་གྲགས་འགུལ་མི་དམན་པ་ཞིག་བྱུང་སོང་། དེར་བརྟེན། དྲང་ལྡོག་གཉིས་ཐད་ནས་དཔེ་དེབ་འདི་དང་འབྲེལ་བའི་དཔྱད་རྩོམ་ཡང་ཉི་ཤུ་ལྷག་ཅིག་ད་སྔར་དྲྭ་ཐོག་དང་ཚགས་པར་སོགས་སུ་སྤེལ་ཟིན་འདུག རྩོམ་པ་བོ་རེས་བྷེས་ཁཱ་ལགས་ཀྱིས་ཧོ་སྤུན་དུས་དེབ་དུ་དཔེ་དེབ་འདིའི་སྐོར་བྲིས་དོན “རྡ་རམ་ས་ལའི་ཉིན་མོ་དག་དང་རྡ་རམ་ས་ལའི་མཚན་མོ་དག་ཅེས་པའི་དཔེ་དེབ་འདིས་རྩོམ་པ་བོ་མང་བོ་ཞིག་གིས་གླེང་མ་ཐུབ་པ་དང་། གླེང་མ་འདོད་པ། ཡང་ན་གླེང་མ་ཤེས་པའི་དངོས་ཡོད་ཀྱི་གནད་དོན་མང་བོ་ཞིག་འཚོ་བ་དངོས་ཀྱི་བརྒྱུད་རིམ་དང་འབྲེལ་ནས་གླེང་འདུག”ཅེས་གདེངས་འཇོག་བྱས་འདུག་ལ། བྱང་ཁ་ན་གྲའི་སྟོན་ཁ་ཚགས་པར་དུ “སྤྱི་ཚོགས་ཀྱི་རྒྱབ་ལོགས་མཐོང་བའི་མིག་ཤེལ”ཞེས་གླེང་བརྗོད་སྤེལ་འདུག འོན་ཀྱང་། བོད་པ་རང་གི་སྤྱི་ཚོགས་ཁྲོད་དུ་ད་སྔ་ཕན་ཆད་དུ་དཔྱད་ཞིབ་རང་བཞིན་ལྡན་པའི་དཔེ་དེབ་འདི་སྐུ་ངོ་དག་གིས་མ་མཐོང་ཁུལ་དུ་བསྐྱུར་བ་ཡིན་ནམ། ཡང་ན་མི་སེར་དཀྱུས་མ་དག་གིས་རྒྱུ་དང་ནོམ་པས་མ་ཁུགས་པ་ཡིན་ནམ་གང་ལྟར་གྲགས་མེད་འགུལ་མེད་དུ་ལུས་འདུག་པས། ངས་དཔེ་ཀློག་གལ་ཆེན་ཡིན་པའི་གནད་དོན་དང་སྦྲེལ་ནས་དཔེ་དེབ་འདིའི་བྱུང་རིམ་སྐོར་སྟབས་བདེ་ཞིག་ངོ་སྤྲོད་བྱེད། འདི་ནས་བརྩིས་པའི་ལོ་ངོ་བདུན་ལྷག་སྔོན་གྱི་དགུན་ཁའི་གནམ་གཤིས་ལེགས་པའི་ཉིན་མོ་ཞིག་ལ། ང་དང་གྲོགས་པོ་ཁ་ཤས་རྡ་རམ་ས་ལའི་མེག་ལོར་ཟ་ཁང་གི་ཡང་ཐོག་ཏུ་སྟེས་དབང་གིས་རྩོམ་པ་བོ་ག་གེ་མོ་ཡིན་ཟེར་མཁན་གྱི་ཕྱི་རྒྱལ་བ་ཁ་ཤས་དང་འཕྲད་བྱུང་། རྡ་སར་ལས་མེད་ལྟ་བུར་འཁྱམ་སྡོད་མཁན་གྱི་ཕྱི་རྒྱལ་བ་ཁག་དང་དེའི་ནང་ནས་ཀྱང་གཙོ་བོ་མགོ་སེར་ཚོ་ནམ་རྒྱུན་གནད་དོན་ཅིག་ཅིག་ལ་ཞིབ་འཇུག་བྱེད་བཞིན་ཡོད་དང་བརྩམས་ཆོས་ག་གེ་མོ་པར་བསྐྲུན་བྱེད་རྒྱུ་ཡིན་ཟེར་བའི་ཁ་ཕོ་སྟོང་བ་འཐེན་རྒྱུར་དགའ་བ་དེ་རྒྱུས་ཡོད་ཅིག་ཡིན་ན་རྒྱུན་ལྡན་ལྟ་བུར་གྱུར་ཡོད་མོད། ད་དུང་བོད་པ་མང་བོ་ཞིག་ཡིད་ཆེས་ཐག་ཆོད་ནས་ཁོ་ཚོར་རིན་མེད་དུ་ཞབས་ཞུ་བསྒྲུབ་རྒྱུ་དང་ཁོ་ཚོའི་རྗེས་སུ་རྒྱུགས་རྒྱུར་ཧ་ཅང་དགའ་བ་ནི་ཕྱོགས་གཅིག་ནས་ང་ཚོར་དེང་རབས་སྤྱི་ཚོགས་འབྲེལ་ལམ་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པའི་རྟགས་སུ་འཁུམས། སྐབས་དེར་ཁོ་ཚོ་ཁ་ཤས་ཀྱིས་བོད་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་ཏུ་ཞིབ་འཇུག་བྱེད་བཞིན་པ་དང་བྱེད་རྒྱུ་ཡིན་སྐོར་སོགས་སྐད་ཆ་ཆེན་པོ་མང་བོ་ཞིག་བཤད་སོང་མོད། ཁ་བརྡ་ཞིབ་ཏུ་བྱས་པ་བརྒྱུད་ཁོ་ཚོ་མང་བོ་ཞིག་གིས་དཔེ་ཀློག་ཙམ་དང་ཡང་ན་བཅར་འདྲི་ཐན་ཐུན་རེ་བརྒྱུད་ནས་བོད་ཀྱི་གནད་དོན་ག་གེ་མོའི་ཐོག་ཏུ་དཔྱད་ཞིབ་བྱེད་བཞིན་པ་ལས་རང་ཉིད་སོ་སོ་ཡུལ་དངོས་ཀྱི་སྤྱི་ཚོགས་སུ་ཡུན་རིང་བོར་ཞུགས་ནས་གནད་དོན་དངོས་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་པ་མེད་པའི་ཚོར་སྣང་བྱུང་། སྐབས་དེར། ཁོ་ཚོའི་གྲལ་དུ་ཡོད་པའི་ཁེ་ན་གྲ་ནས་ཡིན་པའི་བུད་མེད་ཅིག་གིས་ཁ་གྲགས་བྱུང་། “ང་ལ་ཤེས་ཡོན་དང་ཞིབ་འཇུག་སྐོར་གྱི་གནས་ཚད་མཐོན་པོ་དེ་འདྲ་གང་ཡང་མེད། འོན་ཀྱང་། ངས་རང་ཉིད་ཀྱི་ཉམས་མྱོང་དངོས་གཞིར་བཟུང་ནས་རྡ་རམ་ས་ལའི་གསལ་ལེ་རྒྱལ་ཚོའི་འཚོ་བ་དངོས་ཀྱི་སྐོར་ལ་ཅིག་འབྲི་བཞིན་ཡོད།” སྐད་ཆ་འདིས་ངའི་རྣམ་རིག་གྲུང་སེ་བཏང་སོང་། གང་ཡིན་ཟེར་ན་ནམ་རྒྱུན་རང་ཉིད་ཀྱི་སེམས་ལ་གལ་སྲིད་མ་འོངས་པར་ལོ་ངོ་བརྒྱ་ཕྲག་ལྷག་གི་རྗེས་སུ་བོད་མིའི་སྐྱབས་བཅོལ་བའི་འཚོ་བར་ཕྱིར་བལྟས་ཤིག་བྱེད་སྐབས།...
དེ་ལས་མང་པ།