ཟི་ལིང་དུ་བོད་ཡིག་སློབ་ཆུང་གཟུག་དགོས།

ཡར་ཞུ་མཁན།  ཨ་རོལ་ཚང་།
  རྟ་ནག་ལུང་རིགས་ཀྱིས་བོད་ཡིག་ཏུ་བསྒྱུར།

          རིག་གནས་ནི་མི་རིགས་ཤིག་རྒྱུན་རིང་དུ་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་ཡིན་ལ། སྐད་དང་ཡི་གེ་ནི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན་ཞིང་། སྐད་དང་ཡི་གེ་ནི་མི་རིགས་གཞན་དང་དབྱེ་བ་འབྱེད་ཀྱི་མི་རིགས་ཤིག་གི་བརྡ་རྟགས་དེ་ཡིན་པར་མ་ཟད། མི་རིགས་ཤིག་གི་ཐུན་མོང་གི་སྲོག་སྙིང་དེ་ཡིན།

         ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ཀྱི་ས་བཅད་བཞི་བའི་དོན་ཚན་བཞི་བར་”མི་རིགས་སོ་སོར་རང་གི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཡོད”ཅེས་བསྟན་ཡོད། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་སྲིད་འཛིན་ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཀྱི་མི་རིགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ་བསྟན་དོན། “མི་རིགས་འདྲ་མཉམ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་གཞི་ཡིན་ལ། མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱ་བར་མི་རིགས་ཀྱི་ཁྱད་ཆོས་མི་འདྲ་བ་སྔོན་དུ་གཞིར་བཟུང་ནས། ཡུན་རིང་གཏན་གནས་ཀྱི་ཁྱད་པར་དང་། རིག་གནས་ཀྱི་ཁྱད་པར་ནི་ཁྱད་པར་གཙོ་བོ་ཡིན་པའོ་དོན་དངོས་ལ་བརྩི་བཀུར་བྱེད་དགོས”།

          ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་༼ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནས་བབ་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་བྱེད་ཕྱོགས་སྐོར་གྱི་མི་རིགས་བྱ་བའི་སྙན་ཞུ༽ལས་བསྟན་དོན། “གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱས་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་ལ། མཚམས་མ་ཆད་པར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས”།

          མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ནི་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་གི་མི་རིགས་ལས་བྱེད་པ་འདུས་སྡོད་གྱི་ས་གནས་ཡིན།  དྲ་རྒྱའི་སྤྱི་སྡོམ་ལྟར་ན་ཉིས་སྟོང་བཅོ་ལྔ་ལོར་ཟི་ལིང་དུ་རྒྱུན་སྡོད་བོད་མི་འབུམ་གཉིས་ཡས་མས་ཡོད་ལ། དེང་སྐབས་བོད་རིགས་བྱིས་པ་ཁྲི་གསུམ་ལྷག་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྦྱང་སའི་སློབ་གྲྭ་ཞིག་མེད་པ་ནི་ཐག་གཅོད་མི་བྱེད་ཐུ་མེད་ཀྱི་གནད་དོན་ཞིག་ཆགས་ཡོད། ཟི་ལིང་དུ་བོད་ཡིག་སློབ་ཆུང་ཞིག་གཟུག་རྒྱུ་ནི་རྒྱ་ཆེ་བའི་བོད་མི་རིགས་ཀྱི་རེ་བའི་མངོན་འདོད་དང་མཐུན་པར་མ་ཟད། ཁྲིམས་ལུགས་དང་མཐུན་ལ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་གྱི་ནང་དོན་གྱི་ཆ་ཤས་གཅིག་ཀྱང་འདི་ཡིན་ཏེ། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལ་བྱེ་བྲག་གིས་སློབ་སྦྱོང་གཏིང་ཟབ་ཏུ་བྱ་བ་འདིས་མི་རིགས་འདྲ་མཉམ་ཡིན་པ་མཚོན་པ་དང་། བོད་རིགས་ས་ཁུལ་ཡུན་རིང་གཏན་འཇགས་སུ་གནས་པར་སྲུང་སྐྱོབ་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།

          འདི་ལྟར་བསམ་བློ་བཏང་ན། ཁྱེད་ཞིང་ཆེན་སྲིད་གཞུང་དང་ཟི་ལིང་གྲོང་ཁྱེར་གྱིས་མི་རིགས་ཀྱི་སྲིད་ཇུས་དང་ཏང་གི་སློབ་གསོའི་བྱ་བའི་བྱེད་ཕྱོགས་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་དང་། གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱེད་ཕྱོགས་གཞིར་བཟུང་ནས་མི་དཀྱིལ་སྙིང་ཡིན་པའི་གཞི་རྩ་དང་། དམངས་ཚིས་ལེགས་བཅོས་བྱེད་པར་ཞབས་འདེགས་ཞུ་བ། དམངས་སེམས་གཅིག་ཏུ་སྒྲིལ་བར་སྣེ་ཁྲིད་བྱས་ཏེ། མི་རིགས་དང་མི་རིགས་ས་གནས་ཀྱི་མང་ཚོགས་ཀྱིས་སློབ་གསོ་ལག་བསྟར་བྱེད་པའི་འགན་དབང་ཁག་ཐེག་བྱེད་དགོས།  མི་རིགས་སོ་སོའི་མང་ཚོགས་ཀྱི་ཚན་རིག་རིག་གནས་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་། མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱས་ཏེ།  “ལོ་ངོ་ཉིས་བརྒྱའི་དོན་ཆེན་གཉིས”ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དམིིགས་ཡུལ་ལ་འབད་བརྩོན་བྱས་ཏེ་མངོན་གྱུར་ཡོང་བ་བྱ་དགོས་པ་དང་།   ཤེས་ཡོན་སྤྱོད་བཟང་བཅས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་མཁན་གྱི་མི་སྣ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་བའི་དགོངས་དོན་གཞིར་བཟུང་ནས་ཟི་ལིང་ས་ཁུལ་དུ་བོད་ཡིག་སློབ་ཆུང་གཟུག་དགོས་པར་རེ་བ་ཞུས་པ་ཡིན་ལགས།

༢༠༡༦ལོའི་ཟླ༡ཚེས༢༧ཉིན།

སྒྱུར་བ་བོའི་མཆན། ༼མ་རྩོམ་གྱི་སྤྱི་ཁོག་ཧྲིལ་བོ་གསལ་ལེར་ཡིད་ལ་ཤར་རྗེས་བམ་སྒྱུར་བྱས་པ་ཡིན་པས། ཚིག་གི་འབྲུ་རེ་རེ་བཞིན་བསྒྱུར་བའི་ངལ་བ་བསྟེན་མེད།   ནོར་འཛོལ་བྱུང་བ་ཡོད་ན་ཀུན་ལ་དགོངས་དག་ཞུ༽

ཡོང་ཁུངས་བོད་ནང་།

12 Comments on ཟི་ལིང་དུ་བོད་ཡིག་སློབ་ཆུང་གཟུག་དགོས།

  1. གོང་ས་མཆོག་ཁྲི་ལོ་བརྟན་པོ་ཤོག

    Like

  2. བོད་གཞིས་བྱེས་གཉིས་ཀྱིས་བོད་པའི་མདུན་ལམ་གྱི་ཆེད་དུ་རང་སྲོག་འབེན་ན་བཞག རང་ལུས་མཆོད་འབུལ་བྱས། འོན་ཀྱང་བོད་གཞུང་གིས་ཅི་བྱེད་གྱིན་ཡོད

    Like

  3. རིག་གནས་ནི་མི་རིགས་ཤིག་རྒྱུན་རིང་དུ་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་ཡིན་ལ། སྐད་དང་ཡི་གེ་ནི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན་ཞིང་། སྐད་དང་ཡི་གེ་ནི་མི་རིགས་གཞན་དང་དབྱེ་བ་འབྱེད་ཀྱི་མི་རིགས་ཤིག་གི་བརྡ་རྟགས་དེ་ཡིན་པར་མ་ཟད། མི་རིགས་ཤིག་གི་ཐུན་མོང་གི་སྲོག་སྙིང་དེ་ཡིན།

    Like

  4. བོད་ཀྱི་སློབ་གསོའི་སྐྱོ་གར་དང་བསམ་ཚུལ་ཐར་ཐོར།
    དེང་སྐབས་མི་མང་པོ་ཞིག་གིས་སྤྱི་ཚོགས་གང་རུང་ཞིག་གི་གནས་བབས་གླེང་སྐབས་རང་ཉིད་སྤྱི་ཚོགས་དེར་རྒྱུས་མངའ་ཡོད་ཁུལ་གྱིས་སྤྱི་ཚོགས་དེའི་དགེ་སྐྱོན་ཙག་ཙིག་དག་ནང་ཕན་ཚུན་གཞིབ་བསྡུར་ཕྲན་ཙམ་བྱས་ནས་བཤད་པ་ལས་སྤྱི་ཚོགས་དེ་དང་སྤྱི་ཚོགས་གཞན་གྱི་བར་ཞིབ་བསྡུར་དང་བསམ་གཞིག་རྣལ་མ་གཏོང་མཁན་ཧ་ཅང་ཉུང་། དེ་ཡང་ཁོང་ཅག་ལ་ཁག་མེད་དེ། ཁོང་ཅག་ནི་སྤྱི་ཚོགས་ཀྱི་གཏིང་རུམ་དུ་འཛུལ་ནས་སྐད་ཆ་ལྡབ་ལྡིབ་མོལ་བ་ལས་རང་ཉིད་གནས་སའི་སྤྱི་ཚོགས་ཀྱི་ཟུར་དུ་བུད་ནས་སྤྱི་ཚོགས་དེར་རྒྱང་ལྟ་ཡང་དག་ཅིག་བྱེད་མི་ཤེས་པས་སོ།།

    Like

  5. ད་སྐབས་བོད་ཡུལ་གྱི་སློབ་གྲྭ་དང་སློབ་མའི་གྲངས་འབོར་གྱི་ཡར་རྒྱས་གཅིག་པུར་བསམས་ན་གཞས་པ་གཞས་མ་དག་གིས་ཟེར་སྲོལ་བཞིན་སྣང་བ་སྐྱིད་པ་གཅིག་སྣང་བ་སྐྱིད་པ་གཉིས་ཟེར་ན་ཡང་སྐྱོན་ཆེ་ཞིག་མེད་ཚོད་འདུག གྲངས་འབོར་མི་གཙོ་སྤུས་ཀ་གཙོ་ཟེར་བའི་གནད་དོན་ལ་བསམ་བློ་ཞིབ་ཚགས་ཤིག་བཏང་ན་སྐྱ་ཆད་སྔོ་སྡུག་གི་གནས་བབས་སྐྱ་བོ་འདི་ལས་གཞན་ཞིག་གང་ན་ཡོད་སྙམ་པ་འདུག དགེ་རྒན་ཕལ་ཆེ་བ་ནི་སློབ་གསོའི་མན་ངག་གྲགས་ཅན་དག་རྣ་ཐོས་ཙམ་མེད་པར་མ་ཟད་རང་ཉིད་སློབ་སྦྱོང་གི་གོ་རིམ་ཆ་ཚང་ཞིག་བརྒྱུད་མྱོང་མཁན་ཧ་ཅང་དཀོན་པར་མ་ཟད་ཁོ་ཚོས་དགེ་རྒན་ཡིན་མིན་སུམ་རྟགས་ཚིག་འགྲེལ་ཙམ་རྒྱག་ཤེས་མིན་དང་དབྱུག་པ་ཅན་གྱི་དཔེ་བརྗོད་ཁ་ཤས་ལ་ལེགས་ཟློས་བྱེད་ཤེས་མིན་ལ་འཇོག་གི་ཡོད་པ་འདྲ། རབ་ཡིན་ན་དེ་ཚོའི་མཉམ་དུ་ལོ་རྒྱུས་རྩག་རྩིག་རེ་ཡོད་སྲིད།

    Like

  6. སློབ་ཚན་དེ་དག་ཀྱང་སློབ་མའི་རྒྱུད་ཚོད་དང་མཐུན་པའི་སྒོ་ནས་གོ་རིམ་མ་འཁྱོལ་བའི་ངང་འཁྲིད་ཤེས་མཁན་ག་ཚོད་ཡོད་དམ། ན་ཆུང་བློ་རིག་བཀྲ་བ་དག་གི་མི་ཚེ་དང་རྣམ་རིག་འདི་འདྲ་ཞིག་གི་ནང་དུ་ཐིམ་སོང་ན་མཇུག་འབྲས་གང་འདྲ་ཞིག་ཡིན་ནམ། མི་རིགས་ཤིག་གི་སྲོག་རྩ་མི་རིགས་དེའི་ཤེས་རིག་ཡིན་པ་བདེན་ཡང་ཁྱེད་ཅག་མང་པོ་ཞིག་གིས་ཤེས་རིག་ཟེར་བ་དེ་སུམ་རྟགས་དང་ལོ་རྒྱུས་ཐར་ཐོར་རེ་ལ་འཁྲུལ་ནས་ཡིད་ཚིམས་ནས་བསྡད་འདུག་པའི་རྒན་མིང་འཛིན་པ་དག་གིས་དེ་དག་བསམ་བློ་རེ་བཏང་ན་མི་འགྲིག་གམ། ཉག་ཕྲ་བའི་དུས་སྐབས་འདིར་སློབ་ཁང་ལེགས་ཙམ་རེ་དང་སློབ་མའི་གྲངས་ཀ་མང་ཙམ་རེ་ཡོད་ན་དེས་ཡོད་ཚད་འགྲུབ་སོང་བསམ་པ་ནི་ཅི་འདྲའི་ཉེན་ཚབས་ཅན་གྱི་བསམ་བློ་ཉི་ཚེ་བ་ཞིག་རེད་མི་འདུག་གམ། ཁྱེད་ཅག་གིས་བསྐྱངས་པའི་སློབ་མ་དེ་དག་གི་ཁྲོད་ཚུལ་མཐུན་རང་ཚུགས་ཅན་གྱི་བསམ་གཞིག་གཏོང་མགོ་ཚུགས་ཟིན་པའི་སློབ་མ་ཇི་ཙམ་ཡོད་དམ། མ་མཐར་ཡང་འུར་ཟིང་དང་རྙོག་འཛིང་མང་བའི་དུས་སྐབས་འདི་ལ་རང་ཚུགས་ཅན་གྱི་བསམ་གཞིག་རྣལ་མ་རེ་གཏོང་ཤེས་མཁན་ཆེས་གལ་ཆེ་བ་མ་ཡིན་ནམ།

    Like

  7. སློབ་གསོའི་མན་ངག་གི་མཛོད་དུ་གྱུར་པའི་ཡ་ཧུ་དཱ་པ་ཚོར་བཤད་སྲོལ་ཞིག་ཡོད་པ་ནི་བྱིས་པའི་གནས་སྐབས་སུ་ཁྱད་པར་ཅན་གྱི་བསམ་གཞིག་གཏོང་ཤེས་པ་ནི་རྒྱུད་ལ་ཤེས་རབ་འཁྲུངས་པའི་ས་བོན་དུ་བརྩི་བ་ཡིན་ཟེར་བ་ལྟར་ཁྱེད་ཅག་གིས་བསྐྱངས་པའི་སློབ་མ་དག་སློབ་མཐར་ཕྱིན་ནས་བྱིས་པ་ནས་རྒན་པོར་གྱུར་ཟིན་པ་དག་གི་ཁྲོད་དུ་ཡང་ཤེས་རབ་ཀྱི་ས་བོན་ཙམ་རྙེད་ཡོད་མཁན་གྱི་སློབ་མ་ནི་ཉིན་སྐར་བཞིན་ཡིན་སྐད་འདུག
    བསམ་གཞིག་དབུལ་བའི་མཚན་ཉིད་དང་དཔེ་བརྗོད་ཁ་ཤས་བློར་འཛིན་བྱས་ཡོད་པའི་སློབ་ཕྲུག་དག་གིས་འཚོ་གནས་དང་དུས་རབས་ཀྱི་འགྱུར་བ་དག་ལ་གདོང་ཇི་ལྟར་གཏོད་དགོས་སམ། མི་རིགས་གཞན་གྱི་ན་ཟླ་དག་དང་ལྷན་དུ་དཔུང་རྡང་མཉམ་དུ་གང་འདྲ་བྱས་ནས་གཤིབ་ཐུབ་བམ། དེ་དག་ལ་བསམ་གཞིག་གཏིང་ཟབ་རེ་བྱས་ནས་འབྱུང་འགྱུར་དགེ་རྒན་གྱི་སྤུས་ཀ་དང་སློབ་གསོའི་ཐབས་ལམ་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གནད་སྨིན་རེ་བཏང་ན་མི་ལེགས་སམ།
    ལར་དགེ་རྒན་གྱི་ཚད་གཞི་དང་སློབ་མའི་སྤུས་ཚད་སོགས་ནང་ཁུལ་ཁོ་ན་ནས་ཞིབ་བསྡུར་ཙམ་མ་ཡིན་པར་འཛམ་གླིང་གི་མིག་ལྟོས་སུ་གྱུར་པའི་ཁྱད་འཕགས་ཀྱི་སློབ་གྲྭ་ཁག་དང་ཕུལ་བྱུང་གི་སློབ་གསོའི་མན་ངག་དག་ལ་མིག་ཟུང་ཆེ་ཙམ་ཅེར་ནས་ལེགས་ཆ་དང་སྐྱོན་ཆ་དག་འདོར་ལེན་བྱེད་རྒྱུ་ནི་གཡོལ་མི་རུང་བའི་འགན་འཁྲི་གལ་ཆེན་ཞིག་གོ།

    Like

  8. བོན་པོ་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་བ་ལེགས་ཀྱང་། རྨེའུ་མཁར་དང་བཀྲ་ཚེ་གཉིས་ལ་འབྲི་ཡ་རྡོག་རྡོག་ཅིག་རེག་མ་སོང་། ཁྱེད་ལ་ཡོད་ན་ཁ་གསབ་བྱེད་པའི་རེ་བ་ཡོད། འོན་ཀྱང་། ཨ་་རྗེ་བཙུན་པདྨ་ལ་འདི་འདྲ་ཞིག་རེག་སོང་།
    དབྱིན་ཡིག་བོད་ཡིག་ལས་ཀྱང་གལ་ཆེན་ལྟ།།
    རྒྱལ་བར་ལྷག་བསམ་ཚེ་སྲོག་བཞིན་དུ་གཅེས།།
    བོད་ཕྲུག་དམ་ཚིག་ཁྲིད་མཁན་རྗེ་བཙུན་པད།།
    བཙན་བྱོལ་བོད་སློབ་གསོའི་དཔུང་ཞིག་ཡིན།།

    Like

  9. བོད་ཕྱིའི་སློབ་གསོ་བ་འགའ་ཤས་ཡོད་པ་ནས། ང་རང་གུས་ཞབས་ཡོད་ས་འདི་རྣམས་ཡིན།
    རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ། ༼ཁོང་གི་དབུ་ཁྲིད་འོག་བཙན་བྱོལ་ནང་བོད་ཕྲུག་སློབ་གྲྭ་ཆེ་ཆུང་གྲངས་ལས་འདས།༽
    ཁོང་གི་ཡུམ་དང་གཅེན་མོ་ཚེ་རིང་སྒྲོལ་མ། ༼བུ་གསོ་ཁང་ཐོག་མ་བཙུགས་ནས། ཁོང་གི་ནང་ཆས་སོགས་མང་པོ་ཞིག་བཙོང་ནས་དཀའ་ལས་ཧ་ལས་པ་བརྒྱབ་འདུག ༽
    ཕྲ་རེང་ཡབ་ཡུམ་གཉིས་ཀྱི་མ་སུ་རི་སློབ་གྲྭ་བརྒྱབ་ནས་བོད་ཕྲུག་མང་པོ་གསོ་སྐྱོང་བྱས་འདུག
    བཙན་བྱོལ་བོད་གཞུང་། བོད་གཞུང་གིས་སློབ་གྲྭ་མང་པོ་བརྒྱབ་ནས་བོད་པ་གསོ་སྐྱོང་བྱས་པ་མཁས་མི་ལེན་རང་ལེན་རེད།
    ཟམ་གདོང་རིན་པོ་ཆེ། སྐུ་ཚེ་གཅིག་སློབ་གསོའི་ཐོག་བཏང་འདུག བདེན་པ་རེད།

    Like

  10. བོད་རྒྱ་ཆེའི་མི་དམངས་ཀྱིས་རང་ལུས་མེར་སྲེག་གནང་མཁན་གཉིས་ལ་མྱ་ངན་ཡང་ཡང་ཞུ། ཁོང་གཉིས་ཀྱི་ནང་མི་གཉེན་ཉེ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐབས་ལ།
    ང་ཚོའི་སྲིད་སྐྱོང་དགའ་བའི་གླུ་ལེན།སྐྱིད་པའི་བྲོ་འཁྲབ།སེམས་པ་དགའ་ནས་གླུ་ལེན། སྣང་བ་སྐྱིད་ནས་བྲོ་འཁྲབ་ཟེར་ཡོད་པ་རེད།གདུང་སེམས་མཉམ་སྐྱེད་ཀྱི་སེམས་པ་མེད།
    མི་རྫུན་སྐྱུག་ཟིན་བློ་སེང་གི་རང་གི་འདེམས་ཤོག་གི་ཆེད་དུ་གསུང་དང་ལེབ་མོ་གསུང་བྱས།

    Like

  11. བོད་མི་མང་ཤས་ཀྱིས་དཔའ་བོ་དཔའ་མོ་དག་ལ་མྱ་ངན་ཡང་ཡང་ཞུ་འདུག
    འོན་ཀྱང་ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེས་གླུ་གཞིས་ཀྱི་ངང་ནས་མྱ་ངན་བྱེད་ཀྱིན་འདུག
    སེམས་པ་སྡུག་སྡུག

    Like

  12. གོང་ས་སྐྱབས་མགོན་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s