བོད་ཀྱི་དང་བླངས་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་ནས་མི་ལོ་ལྔ་འགོར་བའི་རྗེས་དྲན་དུ་ཕུལ་བ།


ཁྲོ་ཆུ།

རྩོམ་དེབ་ལས་ཁྱོད་རང་ཐོག་མར་མཇལ་བ།


         འདི་ནས་བརྩིས་པའི་མི་ལོ་དགུའི་ཡར་སྔོན་དུ། ཁོ་བོ་ནི་གཞིས་ཀྱི་གྲགས་ཆེ་བའི་དགོན་པ་ག་གེ་མོའི་ནང་ན་སློབ་གཉེར་བ་ཞིག་གིས་མིང་བྱང་ཁུར་ནས་བསྡད་ཡོད། སྐབས་དེར་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གི་སར་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བརྩམས་པའི<<བརྩེ་དུང་གི་སེམས་འཕྲིན་ལས་ཤོར་བའི་ཨ་ལོང་དམར་པོ>>ཟེར་བའི་རྩོམ་དེབ་གཅིག་ལག་སོན་བྱུང་། ཡིན་ཡང་སྐབས་དེར་ངས་རྩོམ་ཡིག་ཟེར་བ་ནི་ཅི་འདྲ་ཞིག་ཡིན་པ་མི་ཤེས་པར་མ་ཟད། མཐའ་ན་དཔེ་ཀློག་ཡག་པོ་ཞིག་གི་མགོ་ཡང་འཁྱོངས་ཀི་མེད།  ཡིན་ན་ཡང་ང་ནི་མ་གཞི་ནས་ཡིག་རྩ་ཅུང་ཙམ་བཟང་བས་རྩོམ་དེབ་དེའི་མགོ་ནས་མཇུག་བར་ཐེངས་གསུམ་ལ་བཀླགས་པ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་འཕྲིན་ཡིག་སུམ་བཅུ་ལྷག་གི་གྲུབ་པའི་རྩོམ་དེབ་དེས་ང་རང་སེམས་འགུལ་ཅུང་ཙམ་ཐེབས་སུ་བཅུག་སོང་།  དེ་ནས་བཟུང་ངས་དཔེ་དེབ་དེའི་རྩོམ་པ་པོ་ནི་བརྩེ་དུང་གི་བཟི་ཁ་མི་ཐུབ་པའི་སྨྱོན་པ་ཞིག་ཏུ་ངོས་འཛིན་བྱས་ཡོད།  ལོ་འདི་ཚོར་ངས་ཡང་བསྐྱར་དེབ་དེ་ཨེ་རེག་བལྟས་ནས་གཞིས་ཀྱི་དཔེ་ཁང་གང་མང་དང་གྲོགས་པོ་ཚོ་བརྒྱུད་ནས་ཡང་ཡང་བཙལ་ཀྱང་ལག་སོན་མ་སོང་།


ལོ་དགུའི་རྗེས་ནས་ཡང་བསྐྱར་རྩོམ་དེབ་གཅིག་ལས་མཇལ་བ།

         མ་བསམ་ས་ནས་ཟླ་གཅིག་ལྷག་གི་སྔོན་ལ་བལ་ཡུལ་སྣེ་ལེན་ཁང་གི་དཔེ་སྒྲོམ་ནས་ངས་བཙལ་བཞིན་པའི་རྩོམ་དེབ་དེའི་དེབ་ཕྲེང་གསུམ་པ་<<རྣམ་ཤེས་ཀྱི་བརྩེ་དུང་>>ཟེར་བའི་དེབ་དེ་མཐོང་ནས། དེ་གའི་ལས་བྱེད་ལ་ཞུ་བ་བྱས་མཐར་ད་གཟོད་རྩོམ་དེབ་དེ་ང་ལ་བྱིན་སོང་།  ཉིན་བཅོ་ལྔ་མ་འགོར་བར་དེབ་དེའི་མགོ་ནས་མཇུག་བར་ཤོག་ལྷེ་གཅིག་རེ་གཅིག་རེ་བྱས་ནས་བཀླགས་ཏེ་ཚར་སོང་། ངོ་མ་བཤད་མི་ཤེས་པའི་ཚོར་བ་དམིགས་གསལ་བ་ཞིག་སྟེར་བྱུང་། ཁོ་ནི་དངོས་གནས་པདྨ་མཚོ་ཟེར་བའི་བུ་མོ་སེམས་མེད་དེ་ལ་བློ་གཅིག་སེམས་གཅིག་རེད་འདུག ཡིན་ཡང་ད་ནི་ཁོ་གཉིས་གཞིས་བྱེས་གཉིས་སུ་གྱེས་ཚར་བའི་ཁོའི་གནས་སྟངས་ལ་བསམ་གཞིག་བཏང་ཚེ་རེ་བ་དང་འདུན་པ་ཅི་འདྲ་ཆེ་རུང་གོ་སྐབས་ཤིག་ག་ལ་ཡོད་སྙམ། མདོར་བསྡུས་ནས་བཤད་ན་ཁོ་ནི་ནུབ་ཕྱོགས་པ་ཚོས་བཤད་པའི་སྐྱོ་གདུང་རང་ལུགས་པ་ཟེར་བ་དེ་ཡིན་པ་འདྲ། དེ་མ་ཐག་ཡང་བསམ་ཚུལ་སྐོར་ལོག་ཅིག་དྲན་ཏེ། ཁོ་ནི་མི་ག་འདྲ་ཞིག་ཡིན་པ་དང་། ད་སྐབས་ཁོ་རང་ལས་དབང་གི་ཆུང་མ་ཞིག་ལ་འཕྲད་ཡོད་མེད་དང་ཡང་ན་ཁོའི་འཚོ་བ་ག་འདྲ་ཞིག་སྐྱེལ་ཁི་ཡོད་མེད་སོགས་ང་ལ་འབྲེལ་བ་ཅི་ཡང་མེད་པ་དེ་ཚོ་ཤེས་འདོད་ཆེན་པོ་སྐྱེས་སོང་།


ཉིད་ཀྱི་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཤེས་རྟོགས་བྱུང་བ།

      རྡ་རམ་སའི་དབུས་སྣེ་ལེན་ཁང་དུ་འབྱོར་བའི་ཉིན་འདི་ཚོར་ངས་བྱེས་ཀྱི་མི་མང་པོ་ཞིག་ལ་ཁོང་གི་གནས་ཚུལ་དང་ད་ལྟ་གང་དུ་བཞུགས་ཡོད་མེད་སོགས་དྲིས་པ་ཡིན། ཡིན་ཡང་མང་ཤས་ཤིག་གིས་མགོ་བོ་འཕྲེད་དུ་གཡུག་བཞིན་ཁོང་བོར་ནས་མི་ལོ་མང་པོ་འགོར་སོང་ད་དུང་ཡང་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག་ཟེར། ཡིན་ཡང་ངས་དོན་ངོ་མ་གནས་ཚུལ་ཅི་ཞིག་བྱུང་སོང་ཟིན་པ་ད་དུང་གཏན་ནས་མ་ཤེས། ཐེངས་ཤིག་ངས་གསོག་སྒར་སློབ་གྲྭའི་སློབ་མ་ཞིག་ལ་ཁོང་གི་གནས་ཚུལ་དྲིས་པས། ཁོང་གིས་བཤད་རྒྱུར“གནས་ཚུལ་རྒྱས་པ་ཤེས་འདོད་ན་ཁ་པར་གྱི་མ་ལག་Safari ནང་དུ་ཁོང་གི་མིང་བྲིས་དང་གསལ་བོ་ཡོང་”ཟེར།  དགོང་མོ་དེར་ངས་གོང་གི་མ་ལག་དེ་ལས་བོད་ཀྱི་དུས་བབ་སྟེང་དུ་བཀོད་ཡོད་པའི་ཁོང་གི་གནས་ཚུལ་ཚང་མ་གསལ་བོ་ཤེས་ནས་རེ་ཞིག་ཧོན་འཐོར་སོང་། དེ་དང་མཉམ་དུ་མིག་ཆུ་རྡོག་པོ་འགའ་ཡང་རང་དབང་མེད་པར་མིག་སྐྱིབས་ཀྱི་བར་གསེང་ནས་ཤོར་སོང་། དེ་ནི་ངས་ཐོག་དང་པོ་འཕགས་ཡུལ་ནས་རང་ལ་འབྲེལ་བ་ཅི་ཡང་མེད་པའི་མི་ཞིག་གི་ཆེད་དུ་བཏང་བའི་མིག་ཆུ་ཡིན།


ཤི་གསོན་གྱི་འབྲེལ་ཐག་བར་ནས་ཕྱིར་ལ་ཐེངས་ཤིག་ཕེབས་རོགས།

        སྤྱིར་འཇིག་རྟེན་གྱི་ཁམས་ནས། མི་ལོ་མང་པོ་ཞིག་གི་རིང་ལ་བརྩེ་དུང་གི་མནར་གཅོད་མྱོང་བའི་ཁྱེད་ལ་མཚོན་ན།  ད་ནི་རང་ལ་དགའ་བའི་བརྩེ་བའི་ཆུང་མ་དང་བུ་ཕྲུག་ཡོད་པར་མ་ཟད། དྲོད་ཁོལ་འཛོམས་པའི་ཁྱིམ་གཞིས་ཤིག་ཀྱང་རྙེད་ཟིན་པས་མི་ཡུལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་ལ་ལོངས་སུ་སྤྱོད་ནས། ཡིད་ཚིམས་པའི་ངལ་གསོ་ཐེངས་ཤིག་ཀྱང་བྱ་འོས།   ཡིན་ཡང་འཆི་ལ་ཉེ་བའི་མི་རིགས་ཤིག་གི་བླ་སྲོག་གི་ཆེད་དུ་ཁྱེད་ཀྱིས་རང་གི་ཡོད་ཚད་ནས་ཡོད་ཚད་ལྟག་རྒྱབ་ཏུ་འཕངས་ཏེ་ཕྱིན་སོང་།  ཀྱེ་མ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། གཞིས་ནས་གསར་དུ་འབྱོར་བའི་མི་རབས་གསར་བའི་ན་གཞོན་ཞིག་གིས་ཁྱེད་ལ་ཡིད་གཏིང་ནས་མྱ་ངན་གྱི་འབོད་ཚིག་ཞུ་བཞིན་ཡོད་པ་ཁྱེད་ཀྱི་ཐོས་སམ། ཆེས་དྭངས་གཙང་གི་མིག་ཆུ་ཐིག་པ་ཞིག་གིས་ཁྱེད་ལ་རྗེས་དྲན་གྱི་མཆོད་པ་ཕུལ་བཞིན་ཡོད་པ་ཁྱེད་ཀྱི་ཨེ་མཁྱེན་ལགས།  ཉེ་ལམ་ཨི་ཛི་རལ་དུ་ཡོད་པའི་ཁྱེད་ཀྱི་ཆུང་མ་དང་བུ་ཕྲུག་རྡ་སར་འབྱོར་ཞིང་། བོད་གཞུང་གིས་ཀྱང་དྲྭ་དེབ་ཚགས་གསུམ་གྱི་སྟེང་ནས་ཁྱེད་རང་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད་པ་ཁྱེད་ཀྱི་ཨེ་ཤེས་ལགས། ད་དུང་ཁྱེད་ཀྱི་སྙིང་གི་བུ་ཆུང་ཁ་བའི་ལྷ་སྲས་ཀྱི་རང་ཉིད་ལ་རུས་པ་སྲ་བའི་ཨ་ཕ་ཞིག་ཡོད་པར་གསལ་བོ་རྟོགས་འདུག ཀྱེ་མ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ཀྱི་འགྲན་ཟླ་བྲལ་ཞིང་ཞུམ་པ་མེད་པའི་དཔའ་མཛངས་ཀྱི་རྟུལ་ཕོད་ལ་བོད་མི་རབས་གསར་བའི་ན་གཞོན་ཚོས་ཡིད་ཆས་ཀྱི་དད་མོས་དང་སློབ་སྦྱོང་བྱ་འོས།  བསམ་ཞིང་བསམ་ན། ངག་རྒྱུན་ཁྲོད་དུ་ཆུང་མ་དང་བུ་ཕྲུག  ཕ་མ་དང་གཉེན་ཉེ་སོགས་ཕངས་མེད་བློས་བཏང་བྱེད་ཐུབ་མཁན་གྱི་“དྲི་མེད་ཀུན་ལྡན་”ཟེར་བ་དེ། དོན་དམ་པའི་ཁྱེད་རང་མ་ཡིན་ནམ།  ཨ་མ་སྡོམ་པོ་སྐྱིད་ཀྱིས་བཤད་ན། ཁྱེད་རང་དང་ཐོག་བླ་བྲང་གི་ཨེན་ཆུང་པྲ་ཚགས་ཤིག་ཡིན་ཟེར་ཁུ།  ཆུང་མས་བཤད་ན། སྔོ་ཆད་ཁོ་གཉིས་བརྩེ་བའི་ལག་རྡང་སྦྲེལ་ནས་འགྲོ་སའི་སྲང་ལམ་དེ་ན་ད་དུང་ཁྱོད་ཀྱི་སྣང་བརྙན་ཡོད་ཀི་ཟེར་ཁི། གང་ལྟར་ཁྱེད་རང་ཕྱིར་ལ་ཕེབས་རོགས།  ལེ་དབར་སྟོང་གི་གོམ་བགྲོད་ཀྱི་ཁྲོད་ནས་གངས་སེང་གི་དར་ཆ་བསྣམས་ཏེ་ཕྱིར་ལ་ཕེབས་རོགས། རེ་སྒུག་དང་ལོ་ཟླའི་བར་གསེང་ནས་མྱུར་དུ་ཕྱིར་ལ་ཕེབས་རོགས།  གལ་སྲིད་ཁྱེད་རང་ད་དུང་འཇིག་རྟེན་འདིར་གསོན་ཡོད་ཚེ་དྲན་གདུང་མིག་ཆུའི་ཁྲོད་ནས་ཅིས་ཀྱང་ཕྱིར་ལ་ཐེངས་ཤིག་ཕེབས་རོགས།

ཕྱི་ལོ/2017/ལོའི་ཟླ/3/པའི་ཚེས/10/ཉིན་གསར་འབྱོར་བ་ཁྲོ་ཆུས་རྡ་རམ་སའི་དབུས་སྣེ་ལེན་ཁང་ནས་ཐོལ་བྱུང་དུ་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading