གསུམ
     ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་དང་འདྲ་བའི་རྫོང་ནང་དུ་གློག་འོད་ཁྲ་ཆེམ་ཆེམ་བྱེད་ཅིང༌། སྲང་བར་ཐམས་ཅད་ལ་གྲག་འགུལ་མེད་པར་འཇམ་ཐིང་ངེར་འདུག ཤར་ཕྱོགས་རི་བོའི་རྩེ་ནས་སྐྱ་རེངས་དང་པོ་ཡང་འཆར་མི་རན། 

    ཐག་ཐག བདེ་སྲུང་འགོ་གཙོའི་ཕྱི་སྒོ་བུད་མེད་ཅིག་གིས་རྡུང་གི་འདུག ཐག་ཐག ཝེ། སུ་ཡིན། ནམ་མ་ལངས་གོང་ནས། འགོ་གཙོ་ཁོང་ཁྲོ་ཟ་བཞིན་དེ་ལྟར་བཤད། སླར་ཡང༌། ཐག་ཐག  ཝེ། ང་ཉལ་དུ་མི་འཇུག་གམ། ཨ། འགོ་གཙོ་ཧ་ཅང་ཁྲོ། ཡང་བསྐྱར། ཐག་ཐག བརྡུངས་པས། འགོ་གཙོ་སྡོད་མ་བཟོད་པར་རས་ཤར་མ་ཞིག་གིས་རྐེད་པ་དཀྲིས་ཤིང་ལག་ནང་དུ་ལྕགས་ཐག་ཅིག་བཟུང་ནས་སྒོ་ཕྱེ་སྟེ་བལྟས་པ་ན། 
  ལང་ཚོ་དར་ལ་བབས་ཅིང་ཡིད་འོང་གཟབ་འཆོར་གྱིས་བརྒྱན་པའི་བུ་མོ་ཞིག་གིས་གློག་སྒྲོན་གྱི་འོག་ཏུ་གདོང་བ་པདྨ་དཀར་པོ་ཁ་ཕྱེ་མ་ཐག་པ་ལྟ་བུ་ལ་ཟོལ་གྱིས་བཅོས་པའི་འཛུམ་མདངས་ཤིག་ངོམ་ཞིང༌། ཕྲ་ཞིང་ལྡེམ་པའི་གཟུགས་ཕུང་གཡས་གཅུ་གཡོན་གཅུ་ཞིག་བྱས་ཏེ། ང་ལ་དོན་དག་ཅིག་ཞུ་རྒྱུ་ཡོད། ནང་དུ་ཡོང་ན་མི་ཆོག་གམ། ཟེར། འགོ་གཙོས་བུ་མོ་དེ་མཐོང་བ་དང་ཁོང་ཁྲོ་གར་སོང་ཆ་མེད་དུ་གྱུར་ཅིང་ལག་ནང་གི་ལྕགས་ཐག་འཕོངས་རྒྱབ་ཏུ་སྦ་བཞིན།  
    ཧེ་ཧེ་ཧེ། ལོས་ཆོག ལོས་ཆོག ནང་ལ་ཕེབས། ནང་ལ་ཕེབས། ཧེ་ཧེ་ཧེ། ཟེར། བུ་མོ་དེས་འགོ་གཅོ་ལ་མིག་ལོག་བཅོས་མ་ཞིག་སྟོན་བཞིན་ཕྲག་ཁུག་ཁྲ་ཁྲ་དེ་གཡོན་ཕྲག་ནས་བླངས་ཏེ་ནང་ལ་འཛུལ། སྟབས་ལེགས་པ་ཞིག་ལ་དགོང་མོ་དེར་འགོ་གཙོའི་མནའ་མ་མེད་པས་ནམ་མ་ལངས་གོང་གི་བུ་མོ་མཁོ་ཐོག་ཏག་ཏག་ལ་ཁེལ་ཡོད། འགོ་གཙོས་ཕྱི་སྒོ་དམ་པོར་བརྒྱབ་རྗེས་དགོད་ཞོར་དགོད་ཞོར་ལ་ནང་དུ་ཡོང༌། 
   བུ་མོ་དེས་ཕྲག་ཁུག་མདུན་ཅོག་སྟེང་ལ་བཞག་རྗེས།  སྐྲ་སྡོམ་བཤིག་པ་ན་འོད་ཁྱུག་ཁྱུག་མགོ་སྐྲ་སྨུག་པོ་ཕྲག་པ་གཉིས་སུ་འཁྱིལ་ཞིང༌། མགོ་བོ་ཕར་འཁོར་ཚུར་འཁོར་རེ་བྱེད་ཚེ་འདར་ཞིང་ལྡེམ་པའི་སྐྲ་ཉག་རྣམས་མཁུར་ཚོས་སུ་བརྒྱུགས་ཏེ་མཛེས་པའི་གདོང་ལ་བཀྲག་མདངས་རྒྱས་པར་བྱེད། 
   འགོ་གཙོའི་ཡིད་གཏིང་ནས་འདོད་པ་འཕེལ། བུ་མོ། ད་རུང་ནམ་ལངས་མི་འདུག འུ་གཉིས་ཅུང་ཟད་ཉལ་ན་འགྲིག་གམ། 
ཁྱོད་ཉལ་ན་ཉོལ། ང་མི་ཉལ། བུ་མོ་དེས་མི་འཐད་པའི་ཟོལ་བྱེད། འགོ་གཙོས་སྤོབས་པ་བསྐྱེད་དེ། ཡ། དེ་འདྲ་མ་ཟེར་དང༌། ཞེས་ཟེར་བཞིན་བུ་མོའི་མཆན་འོག་ནས་འཇུས་ཏེ་ཉལ་ཁྲིའི་སྒང་ལ་བཞག མ་བྱེད། ཨུ་ཧུ་ཧུ། མ་བྱེད། བུ་མོ་དེས་ངུ་རྫུ་བྱེད་བཞིན་གཟུགས་ཕུང་ཕར་གཅུ་ཚུར་གཅུའི་སྒོ་ནས་སྒེག་ཉམས་ཐོན་པ་བྱས། 
   འགོ་གཙོས་ལག་པ་མྱུར་མོས་བུ་མོའི་གྱོན་ཆས་རྣམས་སྒོག་པའི་ཤུན་པགས་བཤུ་བཤུ་བྱས་ཏེ་དཀར་འཇམ་བྲང་ངོས་སུ་ལྕེ་རྩེས་ལྡག་བཞིན་གློག་སྒྲོན་ནག་འཚུབ་སེ་བསད་པ་དང༌། འཁུན་སྒྲ་རེ་དང་དགོད་སྒྲ་རེ་རིམ་གྱིས་གསལ་ཡོང༌། ཀུ་ཀུ་་་ བྱ་ཕོས་གསལ་བརྡ་ནམ་མཁའི་དབྱིངས་སུ་ཟུག འགོ་གཙོ་དང་བུ་མོ་གཉིས་མདུན་ཅོག་གཅིག་གི་སྟེང་དུ་ཞོགས་ཟས་ལ་རོལ་ཀྱིན་འདུག 
    བུ་མོའི་ངག་སྒོ་ཕྱེ། ཁྲིམས་པ་བཀྲ་ཤིས་དེ་ངའི་གྱོད་ཡ་གངས་འཚོའི་བུ་རེད། ཁོ་གློད་གྲོལ་བཏང་བ་ཡིན་ན་ངེད་ཚང་གི་ནང་མི་ཡིན་པས་རྗེས་མར་ཁྱིམ་གྱི་དབང་ཆ་ཚང་མ་བཟུང་ནས་ངེད་མ་བུ་རྣམས་ལ་ཟ་དབང་འཐུང་དབང་ཙམ་ཡང་སྟེར་རྒྱུ་མ་རེད། ཡིན་ནའང༌། ངས་ཁོའི་སྲོག་སྐྱོབ་ཐུབ་ཅེས་མ་བཤད་ན་ང་ཚོའི་སྡེ་པའི་མི་ཚང་མས་ང་ལ་རྒྱུ་འབྲས་མི་འདུག་ཟེར་ནས་དམོད་ཀྱིན་འདུག འདི་ངས་ཁྱོད་ལ་ཁུར་ཡོང་བ་ཡིན། ངའི་རེ་བ་ནི། བཀྲ་ཤིས་སྲོག་ཐོག་ཏུ་གཏོང་རྒྱུ་ལས་ཚེ་ཐར་གཏོང་མི་རུང༌། ཞེས་བཤད་དེ་ཕྲག་ཁུག་ལས་སྒོར་མོ་བརྒྱ་ལོར་ཆག་པ་ཞིག་བླངས་ཏེ་འགོ་གཙོའི་མདུན་དུ་དེད། 
    འགོ་གཙོས་སྒོར་མོ་ལ་མིག་རིག་རིག་ཏུ་ལྟ་ཞིང༌། ག་ཙམ་ཡོད། ཁྲི་གཅིག ཚིག་དེ་ཐོས་པ་དང་འགོ་གཙོ་ཧར་གྱིས་ལངས་ཏེ། ཨ་ཁ་ཁ། ཁྲིམས་དོན་ཐག་བཅད་ཟིན་པ་རེད། ད་ཅི་ཞིག་བྱེད་དགོས་སམ། ཞེས་བཤད་དེ་ཕར་འགྲོ་ཚུར་འགྲོ་བྱས་ནས་བསམ་བློ་གཏོང༌། བུ་མོ་དེས། ང་ལ་ཐབས་ཡོད། སྔོན་མར་ཁྱེད་ཚོས་ཐུང་མདའི་ནག་ཉེས་གླེང་མི་འདུག སྐད་ཆ་དེ་འགོ་གཙོས་ཐོས་མ་ཐག འོ། བདེན་ཡ། བདེན་བདེན། ཁྱོད་འདྲ་བའི་རིག་རྒོད་མ་ཞིག་སུ་ཡོད་རེད། ཅེས་བཤད་དེ་རྒྱུག་ཡོང་ནས་བུ་མོ་ལ་འོ་བྱེད་ཅིང་འགྲམ་པ་མཉམ་དུ་སྦྱར། 
  ངའི་ངུ་རྫུ་ལ་གཟབ་གཟབ་གྱིས་ཨ། བུ་མོས་བཤད། ཡ་ཡ། དེ་ལས་སླ་པོ་རེད། ངའི་འགྲམ་ལྕག་ལ་བཟོད་བསྲན་ཐུབ་པ་གྱིས་ཨ། འགོ་གཙོས་བཤད། ཡ་ཡ། ཚ་བོ་ཞིག་མ་གཞུས་ཨ། ཧེ་ཧེ་ཧེ། དགོད་སྒྲ་ཕྲ་སྦོམ་འདྲེས་མ་ཞིག་ལྷང་ལྷང་དུ་སྒྲོག  ཉིན་གུང་དུ་སླེབས། གངས་འཚོས་ཁྲིམས་ཁང་སྒོ་འགྲམ་ནས་དཀར་མོ་སྒྲོན་བསྒུགས་འདུག དཀར་མོ་སྒྲོན་འབྱོར་བ་དང་མཉམ་དུ་ཁྲིམས་ཞིབ་ཁང་ལ་འཛུལ། བསམ་འཆར་པའི་རྐུབ་སྟེགས་སྟེང་ནས་དཀར་མོ་སྒྲོན་གྱིས། ཁྱོད་ཀྱིས་བཤད་ན་དགའ་འམ། ཞེས་གངས་འཚོ་ལ་དྲིས། མིན་མིན། ཁྱོད་ཡིན། གངས་འཚོས་བཤད། དཀར་མོ་སྒྲོན་གྱིས་ལག་པ་ཡ་གཅིག་ཡར་ལ་འགྱོག་ཙམ་བྱས་རྗེས། ཁྲིམས་དོན་ལྟར་བཀྲ་ཤིས་ཀྱི་ཉེས་ཆད་སྒོར་ཁྲི་གཅིག་དེ་འདིར་ཁྱེར་ཡོང་ཡོད། དེ་ལུགས་དགོངས་འཇགས་གནང་སྟེ་བཀྲ་ཤིས་ད་ལྟ་ནས་གཏོང་རོགས་ཞུ། ཞེས་ཞུས་པ་ན། ཁྲིམས་ཞིབ་པ་རྣམས་མགོ་ནང་དུ་ལྡེམ་ཚུལ་ལ་བལྟས་ན། འགྲིག་འདུག འགྲིག་འདུག 
  ཅེས་ཟེར་བ་དང་འདྲ། འགོ་གཙོས་མདུན་ཅོག་ཐོག་ཏུ་ལག་པས་ཐག་ཐག་ཅེས་རྡུང་བཞིན། ཉོན་དང༌། ཉོན་དང༌། ངས་གནས་ཚུལ་གསར་པ་ཞིག་ཧ་གོ་སོང༌། ང་ཚོས་ཡུན་རིང་རྩད་གཅོད་བྱས་ཀྱང་མ་ཤེས་པའི་མཐོ་རིམ་མི་སྣ་ཀྲོའུ་ཕན་གསོད་མཁན་དེ་ཁྲིམས་པ་བཀྲ་ཤིས་རེད། ཅེས་ཟེར་པ་ན། ཁྲིམས་ཞིབ་པ་དང་ཟུར་ཉན་པ་ཐམས་ཅད་ཧང་སངས་བཞིན་མིག་རིག་རིག་གིས་འགོ་གཙོ་ལ་བལྟས། 
   འགོ་གཙོས་མུ་མཐུད་དུ་བཤད་རྒྱུར། དེ་ནི་བཀྲ་ཤིས་ཀྱི་ཐུང་མདའ་དེས་ར་འཕྲོད་པ་ཡིན། རྒྱུ་མཚན་དེའི་ཕྱིར། ང་ཚོས་གོང་རིམ་ལ་སྙན་ཞུ་ཕུལ་ཏེ་གཅིག་བྱས་ན་བཀྲ་ཤིས་ཚེ་གང་བོར་བཙོན་འཇུག་དང༌། ཡང་མིན་ན་སྲོག་ཐོག་གི་ཆད་པ་གཅོད་རྒྱུ་ལས། དཔའ་བོས་འཕྲོག་མི་ནུས་ཤིང་ཕྱུག་པོས་ཉོ་མི་ཐུབ། ཅེས་བཤད། ཁྲིམས་ཞིབ་པ་གཞན་རྣམས་གཅིག་གིས་གཅིག་ལ་ལྟ་རེས་བྱེད་ཅིང་དོན་དག་ཚོར་བའི་བརྡ་ལ་མགོ་བོ་ལྡེམ་ལྡེམ་གཡོ། 
    དཀར་མོ་སྒྲོན་གྱིས་ཚིག་དེ་ཐོས་པ་དང་སྨྱོན་པ་ལྟར་ཡར་ལངས་ཤིང་ཧང་འགྲོས་ཀྱིས་འགོ་གཙོའི་འཁྲིས་ལ་བཅར་ཏེ། ཨ། ཁྱོད་ཀྱིས་སྔོན་མར་ཇི་ལྟར་བཤད་པ་ཡིན། ཁ་བཤད་དོན་ལ་མི་གནས་པ་འདི་རྒྱལ་ཁབ་ཀྱི་ཁྲིམས་གཅོད་སྟངས་ཤིག་ཨེ་རེད། ཞེས་སྐད་གསེང་མཐོན་པོས་བཤད་ཅིང་འགོ་གཙོའི་གདོང་ལ་མཛུབ་མོས་གནོན་བཞིན། རྒྱུ་འབྲས་མེད་པ་ཁྱོད། དྲང་བདེན་གྱི་སྐད་ཆ་ཞིག་གཏན་ནས་མི་བཤད། ཐུ། ཞེས་འགོ་གཙོའི་གདོང་ལ་མཆིལ་མ་ཞིག་བཏབ། 
   འགོ་གཙོ་ཧ་ཅང་ཁྲོ་ཉམས་དང་བཅས་དཀར་མོ་སྒྲོན་ལ་འགྲམ་ལྕག་ཅིག་གཞུས་པས། དཀར་མོ་སྒྲོན་གྱིས། ཨ་ཚ། ཨུ་ཧུ་ཧུ། ཞེས་ངུ་སྐད་འབྱིན། སྐབས་དེར་གངས་འཚོ་རྒྱུག་ཡོང་ནས་དཀར་མོ་སྒྲོན་ལ་འཇུས་ཏེ། དཀར་མོ་སྒྲོན། དེ་འདྲ་མ་བྱེད། དེ་འདྲ་བྱས་ན་འུ་གཉིས་ཀར་ཕམ་ཁ་མ་གཏོགས་རག་རྒྱུ་མེད། ཅེས་ངུ་སྐད་འདོན་བཞིན་བཤད། སོངས་ཤིག ཁྱེད་གཉིས་ལ་བཤད་དབང་སྤུ་ཙམ་ཡང་མེད། འགོ་གཙོས་བཤད། 
    ཕྱི་དྲོའི་ཉི་མ་ནུབ་ལ་ཉེ་བའི་དུས། ཁྲིམས་ཁང་སྒོ་འགྲམ་གྱི་ནག་པང་སྟེང་དུ་གསལ་བསྒྲགས་ཤིག་བྱས་པ་ནི། བཀྲ་ཤིས་ཀྱི་ནག་ཉེས་རྣམས་བརྗོད་རྗེས་སྲོག་ཆད་གཅོད་རྒྱུ་ཞེས་བྲིས་འདུག ཕུན་ཚོགས་ནི་བདེ་སྲུང་མི་སྣའི་གྲས་སུ་ཚུད་པའི་བློ་དཀར་གཞུང་བཟང་གི་མི་ཞིག་ཡིན། ཁོ་ལ་རྐུན་མ་སོགས་ཉེས་དོན་རྩད་གཅོད་གཏོང་རྒྱུ་དང་ཁྲིམས་ཡིག་གསལ་བསྒྲགས་བྱེད་རྒྱུའི་ལས་དོན་མ་གཏོགས་ཁྲིམས་ཐག་གཅོད་རྒྱུའི་སྐོར་ལ་ཇུས་གཏོགས་དང་དབང་ཆ་སྤུ་ཙམ་ཡང་མེད། 
    ནམ་རྒྱུན་མཐོ་རིམ་མི་སྣ་ཚོས་དྲང་བདེན་མིན་པའི་ཁྲིམས་གཅོད་བྱེད་ཡོང་བ་ཤེས་ཀྱིན་ཡོད། ཐེངས་འདིའི་བཀྲ་ཤིས་ཀྱི་ཁྲིམས་ཆད་སྐོར་ཡང་གཏན་ནས་བློར་མ་བབས་པར་འགོ་གཙོའི་བྱེད་སྟངས་ལ་ཡིད་མ་ཆེས། ཁོས་འགོ་གཙོའི་འགྲོ་སྡོད་ཀྱི་བྱ་བ་ལ་བརྟག་དཔྱད་གཏོང་བཞིན་བསྡད་སྐབས། 
    ནམ་རུབ་མ་རུབ་ཙམ་ལ་དཀར་མོ་སྒྲོན་མི་གཞན་ལ་ཡིབ་ཞོར་འགོ་གཙོའི་ཁྱིམ་ལ་འཛུལ་འགྲོ་བ་མཐོང་ཞིང་དེ་མ་ཐག་ཁོས་ཀླད་པའི་ནང་བསམ་བློ་གློག་འཁྱུག་པ་ལྟར་བཏང་ནའང་གནད་དོན་ཐག་གཅོད་མ་ཐུབ། འོན་ཀྱང་འགོ་གཙོ་ཁོང་གཉིས་ངན་ཁོག་འདྲེས་ཀྱིན་འདུག་སྙམ་སྟེ་མྱུར་བར་འགོ་གཙོའི་མནའ་མ་ལ་ཁ་པར་བཏང། 
    ཝེ། ཁྱོད་ད་ལྟ་མགྱོགས་མྱུར་གྱིས་འགོ་གཙོའི་སར་ཡོང་མ་ཐུབ་ན་འགོ་གཙོ་ན་ནས་ཤི་གྲབས་བྱེད་ཀྱིན་འདུག ཝེ། ཁྱོད་སུ་ཡིན། ཕུན་ཚོགས་ཀྱིས་ཚིག་ལན་མ་རྫོགས་པར་ཁ་པར་སྒོ་བརྒྱབ་པས་འགོ་གཙོའི་མནའ་མ་སེམས་འཚབ་ཆེན་པོས་འབྲིང་རིམ་སློབ་ཁང་ནས་རྐང་འཁོར་ཞོན་ཏེ་འགོ་གཙོའི་སྒོ་འགྲམ་དུ་འབྱོར། མོས་བལྟས་བལྟས་རིག་རིག་ལ་སྒེའུ་ཁུང་དྲ་མའི་ངོས་སུ་བུ་མོ་ཞིག་དང་འགོ་གཙོ་གཉིས་ཀྱི་གྲིབ་མ་ཕར་འགུལ་ཚུར་འགུལ་བྱེད། སྐབས་དེར་མོས་ག་ལེར་འགྲོ་མཚམས་བཞག་ཅིང་དོགས་གཞི་ཞིག་སེམས་ལ་ཤར་བ་དང་མཉམ་དུ་འགོ་གཙོ་ཤི་གྲབས་ཡོད་པའི་སྐད་ཆ་དེ་གློ་བུར་དུ་བརྗེད་སོང༌། རྐང་འཁོར་ལམ་འཁྲིས་སུ་བཞག་ནས་རྐང་འཇབ་ལག་འཇབ་ཀྱིས་འགོ་གཙོའི་སྒེའུ་ཁུང་འགྲམ་དུ་སོང༌། 
   ད་ནི་ངའི་བསམ་པ་འགྲུབ་སོང༌། འགྲམ་ལྕག་དེ་ཚ་སོང་ངམ། མ་ཚ་ཐལ། ཁྱོད་ཁྲོ་ཁུལ་དེ། ཧི་ཧི་ཧི། ཁྱོད་ངུ་ཁུལ་དེ། ཧ་ཧ་ཧ། སྒོ་འགྲམ་གྱི་གསང་ཉན་བྱེད་པའི་རྒྱ་མོ་དེས་ཚིག་དེ་ཚོ་ཐོས་ཀྱང་གོ་དོན་རྟོགས་མི་ཐུབ། འགོ་གཙོ་ལ་མནའ་མས་ལྐོག་ལྟ་བྱེད་པ་བཞིན་འགོ་གཙོའི་མནའ་མ་ལའང་ཕུན་ཚོགས་ཀྱིས་ལྐོག་ལྟ་བྱས་བསྡད་ཡོད། 
བོད་རིགས་ནང་ནའང་བུ་མོ་ཁྱོད་འདྲ་བའི་མཛེས་མ་རེ་ཟུང་ཡོད། འགོ་གཙོས་བཤད། བོད་རིགས་བུ་མོ་ཚོ་ཅི་ཙམ་མཛེས་ཀྱང་རྒྱ་རིགས་བུ་མོ་རྣམས་ལ་འགྲན་རྒྱུ་མེད། ཤ་འཇམ་ལ་མདངས་བཟང། ཁྱོད་ཀྱི་མནའ་མ་ཡང་དེ་འདྲ་ཞིག་ལོས་ཡིན། དཀར་མོ་སྒྲོན་གྱིས་བཤད།
   མ་རེད༌། མ་རེད། ངའི་མནའ་མ་ལ་ཡག་མོ་སྒོ་ཅི་ཡང་མེད། ངས་མཐོང་ན་མི་འདོད། འགོ་གཙོ་དེ་ལྟར་བཤད་ཅིང་བཟི་བ་ལྟར་འབོལ་གདན་སྟེང་གི་དཀར་མོ་སྒྲོན་གྱི་འཁྲིས་སུ་འཕོངས་ཤ་འཕངས་ཏེ། ཆང་འདི་ཉུང་ཙམ་ཐུངས་དང༌། ཞེས་བཤད་དེ་ལག་གཡས་པས་དཀར་མོ་སྒྲོན་གྱི་མགོ་བོ་སྐྱོར་ཞིང་ལག་གཡོན་པས་ཆགས་རྫས་བཏབ་པའི་ཆང་ཕོར་དེ་དཀར་མོ་སྒྲོན་གྱི་མཆུ་འདབས་སུ་སྐྱེལ། 
   ཐག་ཐག་ཐག གློ་བུར་དུ་སྒོ་རྡུང་བའི་སྒྲ་དེ་བཙན་ཤེད་ཧ་ཅང་ཆེ། འགོ་གཙོ་མྱུར་བར་ཡར་ལངས་ནས་དཀར་མོ་སྒྲོན་ཁང་ཆུང་སྦུག་མའི་ཉལ་ཁྲིའི་འོག་ལ་འཛུལ་དུ་བཅུག ཁོས་ཚོད་དཔག་ཅིག་བྱས་དུས། སྒོ་རྡུང་བའི་མི་དེས་ངེད་གཉིས་ཀྱི་གསང་གཏམ་ཡོད་ཚད་ཐོས་ཡོད་པ་ཐག་ཆོད་རེད། ཨ་ཁ་ཁ། ད་མ་འགྲིག བསམ་བཞིན་ཚབ་བེ་ཚུབ་བེར་སོང་ནས་སྒོ་ཕྱེ། མནའ་མ་གདོང་ལ་ཁྲོ་ཉམས་མངོན་བཞིན་ནང་དུ་སླེབས། འོ། ཁྱོད་ཡིན་ནམ། ཁྱོད། འགོ་གཙོས་དེ་ལྟར་ཟེར་བཞིན་ཡར་ཡོང་སྟེ་མདུན་ཅོག་སྟེང་ཟས་སྣ་བཤམས་ནས་ཚབ་ཚུབ་ངང་སྣེ་ལེན་བྱེད། སྐབས་དེར་སྔར་གྱི་སྒོ་འགྲམ་ནས་སླར་ཡང་ཕུན་ཚོགས་ཀྱིས་གསང་ཉན་བྱས་འདུག 
    ད་ཁྱོད་སོང་ལ་རོགས་པ་དེ་ཁྲིད་ཤོག ང་ཚོས་མཉམ་དུ་ཇ་འཐུང༌། མནའ་མས་རྒྱ་སྐད་ཀྱིས་བཤད། ཁྱོད་ཀྱིས་ཅི་བཤད་ཀྱིན་ཡོད། ང་ལ་རོགས་པ་ཞིག་གང་ན་ཡོད། འགོ་གཙོས་ཀྱང་རྒྱ་སྐད་ཀྱིས་བཤད། ཧིན། ཁྱོད་ཀྱིས་མི་འཁྲིད་ན་ངས་འཁྲིད་ཡོང༌། མནའ་མ་ཡར་ལངས་ཏེ་ཁང་ཆུང་སྦུག་མའི་སྒོ་ཕྱེ་ནས་ནང་ལ་འཛུལ། ཨ་་་    མནའ་མས་གློ་བུར་དུ་ཨག་རིང་ཞིག་ཤོར་བ་དང་འགོ་གཙོས་རང་གི་མནའ་མའི་རྒྱབ་ནས་གྲིས་བསྣུན་ཏེ་ཁྲག་གིས་སྦག་པའི་གྲི་སྣེ་བྲང་ངོས་ལས་ཐོན། དཀར་མོ་སྒྲོན་ཉལ་ཁྲིའི་འོག་ནས་ཕྱིར་ལངས་པ་དང་རྒྱ་མོ་དེ་ཉལ་ཁྲིའི་འཁྲིས་སུ་འགྱེལ་ཞིང་མཆུ་གཉེར་སྣ་གཉེར་འགའ་བྱས་ཏེ་སྲོག་ཆད་སོང༌། དཀར་མོ་སྒྲོན་འཇིགས་སྣང་གིས་སྙིང་འགད་གྲབས་བྱེད་ཅིང་མིག་འབུར་ཚུགས་སུ་བལྟས་ཏེ་རེ་ཞིག་ཅི་བྱ་དགོས་མི་ཤེས་པར་གྱུར། འགོ་གཙོས། 
   འུ་གཉིས་ཀྱི་གཏམ་ཚང་མ་འདིས་གོ་ཚར་འདུག མྱུར་མོར་བསྡུ་གསོག་རྒྱོབ། ཅེས་བཤད། ཕུན་ཚོགས་ཀྱིས་ཁང་ཆུང་སྦུག་མ་ནས་སྐད་ངན་ཞིག་འབྱིན་པ་ཐོས་མ་ཐག ཆག་སྒོ་བྱུང་བ་ཤེས་ཏེ་མགྱོགས་པར་ཉེན་རྟོག་པ་རྣམས་ལ་ཁ་པར་བརྒྱབ། འཁྱུག་ཙམ་ལས་མ་འགོར་བར་འགོ་གཙོའི་ཁང་འགྲམ་དུ་རླངས་འཁོར་དང་འཕྲུལ་རྟའི་སྒྲ་ལྡི་རི་རི་བྱེད། 
  ད་སྐྱུར་ཞོག ལག་ཏུ་ཚུད་ཚར། འགོ་གཙོས་དེ་ལྟར་བཤད་ཅིང་མིག་འབྲས་གཉིས་ཕར་རྒྱུག་ཚུར་རྒྱུག་ཅིག་བྱས་རྗེས། བུ་མོ། འུ་གཉིས་ཀ་ལག་ཏུ་ཚུད་ན་གཉིས་ཀ་ཚེ་ཐར་མི་ཡོང༌། དེ་ལས་གསོད་མཁན་ཁྱོད་ཡིན་ཁུལ་བྱོས་དང་ངས་ཁྱོད་སྐྱོབ་ཐུབ་པ་བྱེད། ཨེ་གོ་ཐལ།
འགོ་གཙོའི་ཨུ་ཚུགས་དེ་ལ་དཀར་མོ་སྒྲོན་ཧ་ཅང་སྐྲག ཡང་བསྐྱར་གཡོ་སྒྱུ་ཞིག་འཁྲབ་དགོས་སོང་།   གཟབ་གཟབ་གྱིས་ཨང༌།      འགོ་གཙོས་དེ་ལྟར་བཤད་མ་ཐག་ཁང་ཆུང་སྦུག་མའི་སྒོ་རྒྱག་ཞོར་རྒྱུག་ཡོང་ནས་ཁ་པར་ལ་འཇུས་ཏེ་བརྡ་གཏོང་ཁུལ་བྱེད། 
    ཉེན་རྟོག་པ་རྣམས་ཀྱིས་སྒེའུ་ཁུང་ལས་འགོ་གཙོ་མཐོང་བ་ན་འགོ་གཙོས་ཀྱང་གསར་དུ་མཐོང་བའི་ཟོལ་གྱིས་རྒྱུག་ཡོང་ནས་སྒོ་ཕྱེ། རྒྱུགས་དང༌། རྒྱུགས་དང༌། སྦུག་མའི་ནང་ལ། འགོ་གཙོ་འདར་སིག་སིག་ངང་མཛུ་གུ་སྦུག་མའི་སྒོ་ལ་གཏད། ཉེན་རྟོག་པ་རྣམས་ཀྱིས་སྦུག་སྒོ་ཕྱེ་བ་ན་དཀར་མོ་སྒྲོན་སྙིང་གས་པ་ལྟར་དངངས་སྐྲག་གིས་མིག་བསྟན་མི་ཕོད། 
    ཨུ་ཧུ་ཧུ། འགོ་གཙོ་ངུ་ངག་དང་བཅས་མནའ་མའི་རོ་ལ་འཐམས་ཤིང་ཁྲག་གིས་ཚོས་པའི་གྲི་མཐོང་བ་ན་ཧ་ཅང་ཁྲོ་ཉམས་ཀྱིས་དཀར་མོ་སྒྲོན་ལ་བལྟས་ཏེ། འདྲེ་མོ་ཁྱོད། ངས་ཅི་བྱེད་ལྟད་མོ་ལྟོས་ཤིག ཅེས་ཟེར་བཞིན་ཡར་ལངས་ཏེ་ཤོར་ཁུལ་བྱེད། 
    གཡོ་སྒྱུ་དེས་ཉེན་རྟོག་པ་གཞན་རྣམས་མ་ཟད་ཕུན་ཚོགས་ཀྱང་མགོ་བོ་དཀྲུགས་ནས་ཅི་ཡིན་ཆ་མ་འཚལ་བར་བཟོས་སོང༌། དཀར་མོ་སྒྲོན་ལ་ལག་ལྕགས་བསྐོན་ཏེ་ཁྲིད། ཉིན་ཤས་རྗེས་ལ་ཁྲིམས་ཞིབ་ཁང་དུ་སྔར་བཞིན་ཚོགས་འདུ་བསྡུས། འགོ་གཙོའི་ངག་སྒོ་ཕྱེ། འདྲེ་མོ་འདི་དགོང་མོ་ནམ་རུབ་རྗེས་ངའི་ནང་ལ་འཛུལ་ཡོང་ནས་སྒོར་གཅིག་ཁྲི་ང་ལ་བསྲིངས་ཏེ། ཁྲིམས་པ་བཀྲ་ཤིས་མྱུར་དུ་གློད་རོགས་གྱིས་དང༌། ངས་སྒོར་མོ་འདི་ཁྱོད་ལ་འབུལ་ཟེར། ངས་བཀྲ་ཤིས་ལ་སྲོག་ཆད་གཅོད་རྒྱུ་ཐག་བཅད་ཟིན་པས་ཁྱོད་ཀྱིས་འདི་འདྲའི་ལྐོག་རྔན་ཁུར་ཡོང་ན་ཁྲིམས་ཆད་ལྗི་མོ་ཕོག་གི་རེད་ཅེས་བཤད་བཞིན་པའི་སྐབས། གློ་བུར་དུ་མི་ཞིག་གིས་སྒོ་བརྡུངས་བྱུང༌། ང་སོང་ནས་སྒོ་ཕྱེ་བ་ན་མི་དེ་ངའི་མནའ་མ་རེད། ངེད་གཉིས་ནང་དུ་ཡར་སླེབས་དུས་བུ་མོ་འདི་ཁང་པ་སྦུག་མའི་ནང་དུ་བྲོས་འདུག 
   མནའ་མས་ང་ལ་བུ་མོ་ཞིག་རོགས་པ་ཡོད་པ་ཤེས་ཏེ་ཁང་པ་སྦུག་མར་བལྟ་བར་ཕྱིན་དུས། གློ་བུར་དུ་ཁང་ཆུང་སྦུག་མའི་ནང་ནས་སྐད་ངན་ཞིག་ཐོས་བྱུང༌། ང་མྱུར་མོར་བརྒྱུགས་ཏེ་སྒོ་རྡུང་བ་ན། བུ་མོ་འདིས་སྒོ་གཏན་ནས་མི་ཕྱེ། འགོ་གཙོའི་ཚིག་མཚམས་འདིར་སླེབས་དུས་ཕུན་ཚོགས་ཀྱིས་དཀར་མོ་སྒྲོན་ལ། 
   བུ་མོ། འགོ་གཙོས་བཤད་པ་འདི་ཆ་ཚང་བདེན་པ་ཨེ་རེད། དྲང་མོ་ཤོད་དང་ཁྲིམས་ཆད་ཇེ་ཡང་འགྲོ་གི་རེད། ཅེས་དྲིས་པ་ན་དཀར་མོ་སྒྲོན་མགོ་སྒུར་བཞིན་བརྗོད་ཐུབ་ལ་མ་ཐུབ་ཀྱིས།  བདེན་པ་ཡིན། བདེན་པ་ཡིན། ཞེས་བརྒྱ་ཆའི་བརྒྱ་ངོས་ལེན་བྱས། དེས་ནི་ཕུན་ཚོགས་ཧ་ཅང་བློ་ཕམ་དང་དོགས་པ་ཇེ་ཟབ་ལ་བཏང༌། འོན་ཀྱང་ཁྲིམས་ཞིབ་པ་གཞན་རྣམས་ཀྱི་དོགས་པ་སྐད་ཅིག་ལ་བསལ་སོང༌། འགོ་གཙོ་ནི་སྔར་བཞིན་འགོ་གཙོ་ཡིན། དཀར་མོ་སྒྲོན་བཙོན་ཁང་དུ་ལྷུང༌།         

བཞི
    ནམ་མཁའ་སྤྲིན་གྱིས་གཡོགས་ནས་ཉི་འོད་མི་མངོན་པའི་ཞོགས་པ་ཞིག་ལ། རྫོང་ནང་གི་སྲང་ལམ་ཀུན་ཏུ་རླངས་འཁོར་དང་རྐང་འཁོར། འཕྲུལ་རྟ་སོགས་ཡར་འོང་མར་འགྲོའི་མཚམས་མི་ཆད་པར་འུར་འུར་ཟང་ཟིང་བྱེད། ཁྲིམས་དོན་ཁང་གི་སྒོ་འགྲམ་གྱི་གསལ་བསྒྲགས་ལ་མི་མང་པོས་འཚང་ག་ཤིག་ཤིག་གིས་ལྟ། དེ་ནི་དཀར་མོ་སྒྲོན་གྱིས་མི་བསད་པའི་ནག་ཉེས་དང༌། ཁྲིམས་ཆད་ལ་སྲོག་ཐོག་གཏོང་རྒྱུ་ཐག་བཅད་ཅིང་ཐམ་གས་མནན་འདུག དཀར་མོ་སྒྲོན་གྱིས་གནས་ཚུལ་དེ་གོ་རྗེས་འཇིགས་སྣང་གིས་སྨྱོ་བ་ལྟར་བྱེད་ཅིང༌། འགོ་གཙོས་རང་ཉིད་བསླུས་པ་ད་གཟོད་གཞི་ནས་ཤེས། 
   མིན། ང་མིན། ཨུ་ཧུ་ཧུ། མོས་ངུ་སྐད་དང་བཅས་ལག་དམར་རང་ཉིད་མིན་པར་འགོ་གཙོ་ཡིན་ཚུལ་མ་ཎི་འདོན་པ་ལྟར་བཤད་ཀྱང་ངོས་ལེན་བྱེད་མཁན་གཅིག་ཀྱང་མ་བྱུང༌། དུས་དེ་ནས་བཟུང་མོས་འགོ་གཙོའི་གདོང་བ་ཙམ་ཡང་ག་ལ་མཐོང་ཐུབ། བཙོན་སྒོ་སྲུང་མཁན་ཚོས་ཀྱང་དཀར་མོ་སྒྲོན་སྲོག་ཆད་ལ་སྐྲག་ནས་བློ་རྣལ་དུ་གནས་ཐུབ་ཀྱི་མི་འདུག་སྙམ། ཉིན་ཞིག་ཕུན་ཚོགས་ཁྲིམས་པ་དཀར་མོ་སྒྲོན་གྱི་སར་བཅར་ནས་མོས་བཤད་པའི་སྐད་ཆ་ཐམས་ཅད་སྒྲ་སྡུད་འཁོར་ལོར་བཅུག་སྟེ་ཁྲིམས་ཞིབ་པའི་ཚོགས་དབུས་སུ་བསྒྲགས་མོད། མོའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མ་བྱུང་བ་ནི། སྤྱིར་ཁྲིམས་པ་ཕལ་ཆེར་གྱིས་རང་ཉིད་གསོད་པ་གོ་ཚེ་ཁ་ནས་ཅི་བྱུང་དུ་སྨྲ་སྲིད་ལ། ལྷག་པར་དུ་འགོ་གཙོ་དང་ཕུན་ཚོགས་གཉིས་ཀྱི་གོ་ས་ལ་མཐོ་དམན་ཆེ་སྟབས་ཁྲིམས་ཞིབ་པ་གཞན་རྣམས་ཀྱང་འགོ་གཙོ་ལ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུུར་དགའ་བས་ཕུན་ཚོགས་ཀྱིས་འགོ་གཙོ་ལ་ཉེས་འཛུགས་ཅི་ཙམ་བྱས་ཀྱང་ངལ་བ་འབྲས་མེད་ཡིན། 
     གྲང་རླུང་འུར་འུར་དུ་ལྡང་བའི་ཉིན་མོ་ཞིག་ལ། བཙོན་ཁང་སྒོ་འགྲམ་དུ་གངས་འཚོ་དང་ཚེ་རིང་གཉིས་སེམས་ཁོང་དུ་ཆུད་ཅིང་གདོང་ལ་སྡུག་བསྔལ་གྱི་སྐྱོ་མདངས་མངོན་བཞིན་འགྲེངས་འདུག གང་འཚམས་རྗེས་ལ་སྒོ་སྲུང་དམག་མི་ཞིག་ཕྱིར་ཡོང་སྟེ། 
    བཀྲ་ཤིས་ཀྱིས་ང་ལ་ཐུག་ཏུ་ཡོང་ན་དགའ་དགའ་སྤྲོ་སྤྲོའི་ངང་ལ་ཤོག གལ་སྲིད་ངུ་དགོས་ན་གཏན་ནས་ཡོང་མི་ཆོག ང་སྐྱིད་པོ་མི་འདུག་ཟེར། གོ་ཨེ་སོང༌། ཞེས་བཤད་པ་ན་གངས་འཚོས། ལགས་སོ། གོ་སོང༌། ཞེས་ལན་བརྒྱབ་སྟེ་ཚེ་རིང་དང་མཉམ་དུ་བཙོན་ཁང་ནང་ལ་འཛུལ། ཡ་མཚར་བ་ཞིག་ལ། དེ་རིང་བཀྲ་ཤིས་ཀྱི་གདོང་ལ་འཛུམ་མདངས་ཤིག་རྒྱས་ཏེ། ཡ། ཨ་མ། འོ། ནུ་བོ་ཡང་སླེབས་འདུག ཡ། དེར་བཞུགས་དང༌། ཞེས་ཟེར་བཞིན་ཡིད་ཧ་ཅང་དགའ་སྟེ་དགོད་ཞོར་ལ་སྣེ་ལེན་བྱེད་ཚུལ་ལ་བལྟས་ན། དེ་རིང་སྲོག་ཆད་གཅོད་ས་དེ་ང་མ་ཡིན་ཟེར་བ་དང་འདྲ།    
    ཁོའི་མདུན་དུ་ཆང་སྣ་དང་ཟས་རིགས་གང་ཞིམ་རྣམས་བསྒྲིགས་འདུག ཡ། ཨ་མ། འདི་ཟོས་དང༌། དེ་མི་ཞིམ་ན་འདི་ཟོ་དང༌། བཀྲ་ཤིས་ཀྱི་ཟས་རིགས་རྣམས་ལས་འདེམས་བཞིན་གངས་འཚོ་དང་ཚེ་རིང་གཉིས་ཀྱི་ལག་ཏུ་འཇོག ཁོང་གཉིས་མ་གཞིར་ཟ་མ་ཡིད་ལ་མི་འགྲོ བཀྲ་ཤིས་གྱིས་ཡང་བསྐྱར། ཨ་མ། ནུ་བོ། ཁྱོད་གཉིས་དགའ་སྤྲོའི་ངང་ཟ་མ་ཟོས་དང༌། ཨེ་གོ་ཐལ། འུ་ཚོས་མི་ཚེ་གང་གི་བདེ་སྐྱིད་ཐམས་ཅད་ཡུན་ཐུང་གི་ཇ་ཐོག་འདི་ལས་སྤྱོད། ཅེས་བཤད་པ་ན་ཚེ་རིང་གི་སེམས་ནང་ལ། 
   ཕུ་བོའི་ཚིག་འདི་ནི་ཆེས་ཐབས་ཟད་པའི་སེམས་གཏམ་རེད། དེ་རིང་ཕྱིན་ཆད་ནས་ང་ཕུ་བོ་འདི་དང་གཏན་ཏུ་གྱེས་པ་རེད། དེ་ལྟར་བསམ་བཞིན་བསམ་བཞིན་སེམས་གཏིང་ནས་སྐྱོ་བའི་མཆི་མ་མིག་མཐར་རང་དབང་མེད་པར་བབས་བྱུང༌། ཚེ་རིང༌། ཁྱོད་རང་སྒོར་རྒྱུགས། 
བཀྲ་ཤིས་ཀྱིས་སྐད་གསེང་མཐོན་པོས་དེ་ལྟར་བཤད། ཚིག་དེས་ནི་ཚེ་རིང་ལ་ཁྱོད་ངུ་འདོད་ན་ངུས་ཤིག་ཟེར་བ་དང་འདྲ་བར་སྐད་ཆེན་པོས་ངུས་ཏེ་བཀྲ་ཤིས་ཀྱི་པང་ལ་ལྕེབས། སྐབས་དེར་གངས་འཚོ་ཡང་སྔར་ནས་བསགས་པའི་མིག་ཆུ་དབང་མེད་དུ་ཤོར་ཏེ་ཁོང་ཚོ་གསུམ་ག་གཅིག་གིས་གཅིག་ལ་འཇུས་པས་བཀྲ་ཤིས་ཀྱང་མི་ངུ་ཐབས་མེད་གྱུར། 
    མཚམས་དེར་མི་ཞིག་གིས་བཙོན་སྒོ་སིལ་སྒྲ་དང་བཅས་ཕྱེ། དེ་ནི་ཕུན་ཚོགས་རེད། ཁོས་ལག་གི་སྒྲ་སྡུད་འཁོར་ལོའི་གློག་སྒོ་ཐག་སེ་མནན་པ་དང་དཀར་མོ་སྒྲོན་གྱི་སྐད་གྲགས་བྱུང༌། མོས་ཐོག་མར་ཀུན་སློང་ངན་པས་བཀྲ་ཤིས་གསོད་ཐབས་བཙལ་ཚུལ། བར་དུ་འགོ་གཙོ་ལ་འབྲེལ་བ་བྱས་ཚུལ། མཐར་རང་ཉིད་འགོ་གཙོས་བསླུས་ཚུལ་བཅས་ཇི་མ་ཇི་བཞིན་བཤད། 
    ཨ་མ་ལ་ངོ་ཚ་མི་འདུག ངོ་ཚ་གཏན་ནས་མི་འདུག ཚེ་རིང་ཡིད་གཏིང་ནས་ཁྲོ་བཞིན་དེ་ལྟར་བཤད། དཀར་མོ་སྒྲོན་ལག་དམར་མིན་ཐག་ཆོད་རེད། འོན་ཀྱང་ང་རང་འཆི་ལམ་དུ་རྫོངས་མཁན་ཡིན་འདུག ཚིག་འདི་དག་བདེན་པ་ཡིན་ངེས་རེད། ནུ་བོ། ཁྱོད་ཀྱི་ཆེད་རེད། མཐར་ཐུག་ན་ཁྱོད་ཀྱི་ཆེད་རེད། བཀྲ་ཤིས་ཀྱིས་དེ་ལྟར་བཤད། དཀར་མོ་སྒྲོན་གྱིས་ང་ལ་མགོ་སྐོར་བཏང་འདུག ཨུ་ཧུ་ཧུ། གངས་འཚོས་ངུ་སྐད་འདོན་ཞིང་ཤིན་ཏུ་འགྱོད་པ་སྐྱེ། ད་ནི་ཅི་བྱས་ཀྱང་ཕན་མི་ཐོགས། ནུ་བོ་ཁྱོད་ཀྱིས་རང་གི་ཨ་མ་སྐྱོབ་ཐབས་བྱོས། ཨེ་གོ་ཐལ། བཀྲ་ཤིས་ཀྱིས་དེ་ལྟར་བཤད། 
   སྐྱོབ་ཐབས་མེད། མོའི་ཚིག་ལ་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མི་འདུག་པ་མ་ཟད། སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཚར་བ་རེད། ཕུན་ཚོགས་ཀྱིས་བཤད། ཕུ་བོ། འུ་གཉིས་གཏན་བྲལ་གཏོང་མཁན་ཁྲེལ་མེད་མ་དེ་ངས་དྲིན་ཆེན་གྱི་ཨ་མ་ཞིག་ཡིན་སྣང་མི་འཆར། ཚེ་རིང་གིས་དེ་ལྟར་ཟེར་ཞིང་ཧ་ཅང་སྐྱོ་ཉམས་ཤར་བའི་གདོང་བ་བཀྲ་ཤིས་ཀྱི་འགྲམ་པ་ལ་སྦྱར་ཏེ་ཕུ་ནུ་གཉིས་ཀའི་མིག་ཆུ་འདྲེས་འཚམས་ནས་གྲང་བསིལ་བསིལ་བྱེད། 
    སྐབས་དེར་གངས་འཚོ་ཁ་རྒྱབ་ལ་འཁོར་ནས་རྩིག་པའི་ངོར་སྤར་འབྲེད་བྱེད་ཅིང་དཔྲལ་བས་རྩིག་ངོ་ལ་བརྡུངས་ནས། ངའི་བཀྲ་ཤིས་་ ཞེས་སྐད་ཆེ་ལ་རིང་བ་ཞིག་བཏབ་པས་ཉེ་འཁོར་གྱི་མི་རྣམས་འཇིགས་ཡེ་རེ་ཉན་དགོས་བྱུང༌། ཚེ་རིང༌། རྗེས་སུ་ཨ་མ་གངས་འཚོའི་སྐྱིད་སྡུག་ཐམས་ཅད་ཁྱོད་ལ་བཅོལ་བ་ཡིན། ཁྱོད་ལ་ང་ཕུ་བོ་ཞིག་གི་བརྩེ་འདང་ཡོད་ན། ཨ་མ་གངས་འཚོ་འདི་ཁྱོད་རང་ཉིད་ཀྱི་མ་ལྟར་ཅིས་ཀྱང་སྐྱོང་དགོས། 
   འདི་ངའི་འཆི་ཁའི་ཁ་ཆེམས་ཡིན་ལ་རེ་བའང་ཡིན། ཨེ་གོ་ཐལ། ཚེ་རིང༌། བཀྲ་ཤིས་ཀྱིས་བཤད། ཕུ་བོ། ཁྱོད་ཀྱིས་དེའི་ཕྱོགས་ལ་སེམས་ཁྲལ་གནང་མི་དགོས། ཁྱོད་ཀྱི་ཚིག་འདི་ངའི་སྙིང་དབུས་ནས་ཇི་སྲིད་བར་དུ་མི་བརྗེད་སེམས་ཐག་བཅད་པ་ཡིན། ཚེ་རིང་གིས་བཤད། འོ་ན་ཚེ་རིང་ཁྱོད་ཡར་ལ་ལོངས་དང༌། བཀྲ་ཤིས་ཀྱིས་དེ་ལྟར་ཟེར་བཞིན་ཚེ་རིང་ལས་ཕྱེ་ནས། 
    ཨ་མ་གངས་འཚོ། ཁྱོད་ཅི་ལ་ངུ༌། ང་འདིར་ཡོད། ཨ་མ་གངས་འཚོ། ཁྱོད་ཅི་ལ་ངུ༌། ང་འདིར་ཡོད། ཅེས་བོས་པའི་ཚིག་འདི་གངས་འཚོའི་རྣ་ལམ་ནས་གཏན་ནས་མི་ཡལ། གངས་འཚོ་ཁ་ཚུར་འཁོར་ནས་ལྟ་དུས། མོའི་མིག་འབྲས་གཉིས་དམར་པོ་དམར་རྐྱང་ཡིན་ལ། རེ་ཐག་གཏིང་ནས་ཆད་པའི་སྐྱོ་མདངས་ཞིག་གདོང་ལས་མངོན། མ་བུ་གཉིས་གཅིག་གཅིག་གིས་མགྲིན་པར་འཁྱུད་རེས་བྱེད། ཨ་མ། སེམས་སྡུག་མ་བྱེད་དང༌། དཀོན་མཆོག་གི་ཐུགས་རྗེས་འུ་གཉིས་སྐྱེ་བ་ཕྱི་མར་སླར་ཡང་འཕྲད་ལོས་ཐུབ། སྨོན་ལམ་ཐོབས་དང༌། བཀྲ་ཤིས་ཀྱི་སྐད་རེད། 
    གངས་འཚོས་བཀྲ་ཤིས་ཀྱི་མགོ་བོ་བྲང་ཁར་འཚིར་བཞིན་མཆི་མས་སྦག་པའི་མིག་ཟུང་བཙུམ་ཙམ་བཙུམ་ཙམ་བྱེད། བདེ་སྲུང་མི་སྣ་ཕུན་ཚོགས་ཀྱིས་ཚུལ་དེ་དག་མཐོང་བ་དང་ཡིད་ཧ་ཅང་སྐྱོ་ཞིང་སྐམ་ཐག་ཐག་གི་མིག་མཐའ་ནས་གློ་བུར་དུ་མཆི་མ་རིལ་རིལ་འགའ་ཐོན་ཏེ་མགྱོགས་མྱུར་ངང་མཁུར་མགོ་བརྒྱུད་ནས་ཐང་ལ་ཟགས།
ཕྱི་དྲོའི་དུས་སུ། གླིང་མདོ་ཟེར་བའི་ས་ཆ་དེར་མི་མང་པོ་གྲོག་ཚང་ཁ་ཕྱེ་བ་ལྟར་འཚང་ག་ཤིག་ཤིག་གིས་ལྟད་མོ་བལྟས་འདུག ས་ཆ་དེ་ནི་ཁྲིམས་པ་མང་པོ་བསད་པའི་དུར་ས་ཞིག་ཡིན། གློ་བུར་དུ། སྐག་སྐག ཅེས་མེ་མདའི་སྒྲ་འཕྲོ་རིམ་འཕྲོར་གཉིས་གྲག་པ་དང༌། གངས་འཚོ་དང་ཚེ་རིང་གཉིས་དྲན་པ་འཐོར་གྲབས་འཐོར་གྲབས་བྱེད། 
     གནམ་སྐྱབས་ནི་རྡོར་སྨྱོན་གྱི་བློས་ཐུབ་གྲོགས་པོ་ཡིན་སྟབས་ཉིན་དེར་གངས་འཚོ་དང་ཚེ་རིང་གཉིས་ཀྱི་སྡུག་གྲོགས་སུ་ཡོང་འདུག ཁོས་མྱུར་བར་བཀྲ་ཤིས་ཀྱི་བེམ་པོ་རས་གཙང་མ་ཞིག་གིས་བཏུམས་ཤིང་ས་ལ་འཕོས་པའི་ཁྲག་དམར་ཡང་ས་དང་བཅས་པ་བསྡུས་ནས་ཁུག་མ་ཞིག་ཏུ་བླུགས། བེམ་པོ་རང་ཉིད་ཀྱི་རྒྱབ་ཏུ་ལྗིད་ཏིག་གེར་ཁུར། གངས་འཚོ་དང་ཚེ་རིང་གཉིས་ངུས་ཏེ་བཀྲ་ཤིས་ཀྱི་བེམ་པོ་ལ་འཇུ་གྲབས་བྱས་ཀྱང༌། གནམ་སྐྱབས་གདོང་དམར་པོར་གྱུར་ཏེ་ཁུ་ཚུར་གྱིས་གཞུས་ནས་འཇུ་བར་མ་བཅུག་པས། ཁོང་གཉིས་ཅི་བྱེད་དགོས་མ་ཤེས་པར་གཉིས་ཀས་གཉིས་ཀར་འཐམས་ནས་ངུས། 
      ཉི་མ་དམར་ལམ་མེར་ནུབ་རིའི་རྩེ་ལ་འབྱོར། རླུང་འཚུབ་ཀྱིས་དཀྲོགས་པའི་རྫ་སྒང་གི་འཇག་སྐྱ་མཁའ་ལ་སྤུར། གངས་འཚོའི་སེམས་པར་ཡོད་ཚད་སྟོང་སེང་ངེར་གནས། ཆུ་བོ། སྡུག་བསྔལ་གྱི་མཆི་མ། བྲག་རི། གདུག་པའི་གཤེད་མ། སྤྲིན་ནག སྐྱོ་གདུང་གི་ཁུར་བོ། གངས་འཚོས་མཐོང་ཚད་དང་ཐོས་ཚད་ལ་ཞེན་པ་གཏིང་ནས་ལོག འཇིག་རྟེན་འདི་ནས་བདེ་སྐྱིད་རྟ་རྔ་ཙམ་ཡང་མ་ཐོབ་པས་འཁྱག་བསིལ་བསིལ་གྱི་ཁང་སྟོང་ནང་དུ་ཚེ་ལྷག་སྐྱོང་འདོད་མེད་སོང༌། མོའི་ཕ་མ་གཉིས་ཀྱི་བསམ་པར་ད་ནི་གངས་འཚོ་སྐྱབས་ས་རྟེན་ས་མེད་པས་ཡུལ་ཕ་མའི་འཁྲིས་ལ་ལྷུང་ངེས་ཡིན་སྙམ་ནས་རོགས་རམ་དང་ཇུས་གཏོགས་གང་ཡང་མ་བྱས། 
   ཉིན་ཞིག་གི་དགོང་མོར། གངས་འཚོས་ཁང་ཆུང་དཀྱིལ་ལ་བུད་ཤིང་སྣ་ཚོགས་སྤུངས་ནས་སྟེང་དུ་སྣུམ་བླུགས། འོག་ཏུ་ཨོང་བ་སྐམ་པོ་འགའི་སྣེ་མོར་མེ་བསྒོས་ཏེ་སོག་མས་བཏུམས་ནས་བཞག 
དེ་ནས་རང་ཉིད་ཀྱི་གོན་པའི་སྟེང་དུའང་སྣུམ་བྱུགས་ནས་རློན་པར་བཟོས་རྗེས། ཐག་པ་ཞིག་ཀ་གཞུའི་སྟེང་བསྐོན་ཏེ་ཐག་པའི་ཁུག་པའི་ནང་ལ་རང་གི་སྐེ་བཞག་པ་དང་མཉམ་དུ། མོའི་རྣ་ལམ་ན་རྡོར་སྨྱོན་དང་བཀྲ་ཤིས་གཉིས་ཀྱི་འབོད་སྐད་ཐོས་བྱུང༌། 
   གངས་འཚོ། ངའི་མི་ཚེའི་བདེ་སྡུག་ཁྱོད་ལ་བཅོལ་ཡོད། ཁྱོད་ངའི་སྙིང་རེད། ཁྱོད་ངའི་སྙིང་རེད། ཨ་མ་གངས་འཚོ། ཁྱོད་ཅི་ལ་ངུ༌། ང་འདིར་ཡོད། ཨ་མ་གངས་འཚོ། ཁྱོད་ཅི་ལ་ངུ༌། ང་འདིར་ཡོད། 
   ལྷང་ལྷང་དུ་གྲག་པའི་སྐད་ཆ་འདིས་གངས་འཚོ་ཡང་རྡོར་སྨྱོན་དང་བཀྲ་ཤིས་འགྲོ་སའི་ལམ་དུ་ཁྲིད་སོང༌། ནམ་སྨད་ཙམ་ལ་ཁང་ཆུང་གྲུ་བཞི་དེ་མེ་དཔུང་གིས་ཟོས། ཕྱི་ཉིན་གྱི་ཞོགས་པའི་ཉི་མ་སྤྲིན་པའི་ཡོལ་བའི་གསེབ་ནས་ཡ་ང་བའི་གནས་ཚུལ་འདི་ལ་ལྟ་ཕོད་མི་ཕོད་ཀྱིས་ག་ལེ་ག་ལེར་འོང༌། 
 ཁང་པའི་མཐའ་སྐོར་དུ་ཁྱི་ལྡོམ་འགའ་རེ་ངུ་ཟུག་འབྱིན་ཅིང༌། ཅི་ཞིག་ཐོབ་འདོད་ཀྱིས་དྲི་མར་སྣོམ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད། ཁང་ཆུང་སྲེག་པའི་དུ་ཞགས་མཁའ་ལ་འཕྱུར་བའི་སྣེ་རུ་འདྲེ་བྱ་ཁ་ཏ་འགའ་ཞིག་སྐད་ངན་སྒྲོག་ཅིང་ལྡིང་སྐོར་རྒྱག་བཞིན་གདའ།
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading