ཁ་སྒང་གཡང་འབུམ་ཚེ་རིང་།

ལོ་དེར།
ཕྱི་དགྲ་ཡི་རྐང་རྡིག་འཇིགས་རྔམ་གྱིས་མཆེད་ཅིང་།
ནང་འཁྲུག་གི་ཁ་རླངས་ངན་སེམས་ཀྱིས་འཕྱུར་བའི་ལོ་དེར།
ཁྱེད་ཀྱིས།
སྔོན་གྱི་སྨོན་ལམ་བཟང་པོ་དེ་ཐུགས་ལ་བཅངས་ནས།
འཁོར་གནས་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་སུ་ཕེབས་ཤིང་།
སྔར་གྱི་བྱ་བཞག་རླབས་ཆེན་དེ་གཙོ་བར་བཟུང་ནས།
ཐུ་བྷོད་མི་རིགས་འདི་ཡི་ཆོས་སྲིད་ཀྱི་དབུ་འཁྲིད་དུ་བྱོན།
ཁྱེད་འཁྲུངས་པ་ནས་བཟུང་།
བོད་མི་རིགས་ལ་སྐྱབས་འཇུག་ཞུ་ས་ཞིག་ཡོད་སོང་ལ།
རེ་བ་བཅོལ་ས་ཞིག་ཀྱང་ལྡན་ཡོད།
གང་ལྟར་མི་རིགས་འདི་ཆེས་དཀའ་ཁག་ལ་ཐུག་པའི་སྐབས་སུ།
ཁྱེད་ཀྱིས་བྱིས་པའི་བག་གཡེང་གི་རྩེད་ར་དེ་རྒྱབ་ཏུ་དོར་ཏེ།
མི་འཇིགས་སེང་གེའི་ཁྲི་ལ་གཟི་བརྗིད་ཀྱིས་འགྱིངས་ནས།
མི་རིགས་འདིའི་བདེ་སྡུག་གི་འགན་དབང་ལྕི་མོ་ཕྲག་ཏུ་བཞེས།
འདི་ནི་ཁྱེད་ཀྱི་ཐུགས་སྨོན་དང་དམ་བཅའ་འབའ་ཞིག་ལགས།

ལོ་དེར།
བཙན་འཛུལ་དང་དབང་སྒྱུར། ངན་བྱུས་དང་གདུག་རྩུབ།
དམར་གསོད་དང་འཛིན་བཟུང་སོགས་ཀྱིས་འཇིག་རྟེན་བསྒུལ་བའི་ལོ་དེར།
ཁྱེད་ཀྱིས།
དྲག་པོའི་རྒོལ་ངན་ཞི་བས་གཅོད་བཞིན།
དགྲ་བོའི་ཨམ་གཙིགས་འཛུམ་གྱིས་བསུ་བཞིན།
རྩ་བ་བརྟན་ཞིང་ཕུགས་རྒྱང་རིང་བའི་དགོངས་དོན་ཏེ།
ཞི་འགྲིག་དང་མཉམ་གནས་ཀྱི་ཐབས་ལམ་དེར་ཧུར་ཐག་གིས་འབད་ལ།
ནང་སྲིད་ཀྱི་འཛིན་སྐྱོང་ཐད་དེ་བས་ཀྱང་དོ་ནན་མཛད།
དེ་ལྟ་ནའང་།
རྒྱ་ནག་པོས།
ཧམ་སེམས་ཀྱི་འདྲེ་ལག་རིང་དུ་བསྲིངས་ཤིང་།
གཡོ་བྱུས་ཀྱི་གདོང་འབག་ཐོད་ལ་བཅིངས་ཏེ།
བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གཏོང་དུས།
ཁྱེད་ཀྱིས་མི་རིགས་འདིའི་བདེ་སྡུག་འབའ་ཞིག་ཐུགས་ཀར་བཅངས་ཡོད་ལ།
མི་རིགས་འདིས་ཀྱང་ཁྱེད་ཉིད་ཁོ་ནའི་སྐུ་སྲོག་ལ་སྲུང་སྐྱོབ་བྱོས།
འདི་ནི་ཁྱེད་དང་བོད་མིའི་དམ་ཚིག་ཉག་གཅིག་ལགས།

ལོ་དེར།
བོའི་སྐད་དང་ཨག་སྐད་ཀྱིས་ནམ་མཁའ་འགེངས་ཤིང་།
མེ་མདའ་དང་སྒྱོགས་མདེལ་གྱིས་ས་ཆེན་གཡོས་པའི་ལོ་དེར།
ཁྱེད་ཀྱིས།
ནོར་བུ་གླིང་གའི་སྒོ་ཐེམ་ཆོད་སེམས་ཀྱིས་རྒལ་བཞིན།
ཕོ་བྲང་པོ་ཏ་ལའི་མདུན་དུ་ཐུགས་སྨོན་ཞིག་བསྐྱོན་རྗེས།
ལ་ལུང་དང་གྲོག་རོང་མང་པོ་བརྒྱུད་དེ་མི་ཡུལ་ལ་སྐྱབས་བཅོལ་དུ་ཕེབས།
དུས་དེ་ནས་བཟུང་།
གཞིས་བྱེས་གཉིས་སུ་གྱེས་པའི་སྐྱོ་གར་དེ་འགོ་བཙུགས་ཡོད་ལ།
སྐྱིད་སྡུག་གཞན་ལ་རེ་བའི་འཚོ་བ་དེ་ཡང་རོལ་འགོ་བརྩམས་ཡོད།
ཡིན་ན་ཡང་། ཁྱེད་ཀྱིས།
ཐུགས་ཡིད་མ་ཕམ་པར།
ཞལ་མདོག་མ་འགྱུར་བར།
འཛམ་གླིང་ཞི་བདེ་དང་འགྲོ་བ་ཀུན་ཕན་གྱི་རྩ་དོན་གཙོ་བོར་བཟུང་ནས།
བྱམས་བརྩེ་དང་སྙིང་རྗེ། མཛའ་མཐུན་དང་ཡིད་ཆེས།
དྲང་བདེན་དང་ལྷག་བསམ་ལ་སོགས་ཀྱི་ལམ་སྟོན་རིམ་པར་བསྩལ་པས།
ཁྱེད་ནི་འཛམ་གླིང་མི་མང་གི་མགོན་སྐྱབས་ཀྱི་དྭངས་མ་སྟེ།
བྱམས་བརྩེ་ཡི་བདག་པོ་དང་ཞི་བདེ་ཡི་དེད་དཔོན་དུ་གྱུར།
འདི་ནི་ཁྱེད་ཀྱི་བྱམས་བརྩེའི་འོད་རླབས་རེད།

ལོ་འདིར།
གཞན་དོན་རྐྱང་རྐྱང་གིས་དགུང་གྲངས་བརྒྱད་ཅུར་སོན་ཞིང་།
གཞན་ཡུལ་འབའ་ཞིག་ནས་དབུ་སྐྲའང་དཀར་པོར་གྱུར་པའི་ལོ་འདིར།
ཁྱེད་ཀྱིས་ད་དུང་སྐྱེ་འགྲོ་ཐམས་ཅད་ཀྱི་བདེ་སྡུག་ཕྲག་ཏུ་བཞེས་ནས།
ཆོས་ལུགས་མཐུན་འབྲེལ་གྱི་དོན་གནད་གཙིགས་སུ་བཟུང་ནས།
རང་རེའི་མི་རིགས་འདིའི་རྩ་དོན་ཐུགས་ལ་བཅངས་ནས།
ཉིན་མཚན་དབྱེར་མེད་དུ། དུས་དྲུག་ངེས་མེད་དུ།
བྲེལ་སྟབས་ཀྱིས་ཕེབས་ཤིང་བྲེལ་སྟབས་ཀྱིས་བཞུགས།
སྐྱབས་མགོན་ལགས།
དེ་རིང་ཁོ་བོས་བོད་མི་ཀུན་གྱི་དོད་བྱས་ནས།
དེ་རིང་བདག་གིས་སྐྱེ་འགྲོ་ཡོངས་ཀྱི་ཚབ་བྱས་ཏེ།
ཁྱེད་ཀྱི་གསང་གསུམ་གྱི་མཛད་འཕྲིན་ལ་མངོན་བསྟོད་འབུལ་བཞིན།
ཁྱེད་ཀྱི་ཐུགས་རྗེ་ཡི་བཀའ་དྲིན་རྗེས་སུ་དྲན་བཞིན།
ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།
སྨོན་འདུན་ཞུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading