ཉི་ཧོང་བ།

          ད་རེས་གོ་སྐབས་བྱུང་ནས་ལྷ་སར་ཡང་བསྐྱར་སླེབས་སོང་། ལྷ་སར་སྔོན་མ་ལས་ཡུལ་སྐོར་བ་མང་བ་སླེབས་འདུག ང་ཡང་ཡུལ་སྐོར་ལ་ཡོང་མཁན་འདྲ་པོ་ཡིན་པས་འདིར་མགྲོན་ཁང་དང་ཟ་ཁང་གང་མང་ལ་ཕྱིན་པ་ཡིན། དེ་ནས་ལྷ་སར་ལྷག་པར་དུ་བོད་རིགས་འགའི་ཞབས་ཞུ་གནས་ཚུལ་ཧ་ཅང་སྐྱོ་པོ་ཡིན་པར་མང་པོ་མཐོང་སོང་། ཉིན་ཁ་ཤས་ནང་དུ་བྱུང་པའི་གནས་ཚུལ་བྲིས་ན/

       དཔེར་ན། མགྲོན་ཁང་ཞིག་ལ་ཞོགས་ཇ་ཆུ་ཚོད་༧དང་ཕྱེད་ཀ་ནས་༩པའི་བར་རེད་འདུག ཉིན་ཞིག་ང་ཆུ་ཚོད་༨དང་སྐར་མ་༥༠ཙམ་ལ་ཞོགས་ཇ་ཟ་སར་ཕྱིན་པ་ཡིན། དེ་ནས་མགྲོན་ཁང་གི་བོད་པ་བུ་མོ་ཞིག་གིས་”ཁ་ལག་རྫོགས་སོང་།”ཞེས་ལབ་བྱུང་། སྤྱིར་བཏང་ཕྱིའི་རྒྱལ་ཁབ་གཞན་གྱི་མགྲོན་ཁང་ཡིན་ན་ཆུ་ཚོད་༩ པའི་བར་ཡིན་ན་དུས་ཚོད་དེ་ལ་ཟ་ཁང་ལ་འགྲོ་ན་འགྲིག་གི་ཡོད་པ་རེད། མོ་རང་གིས་དགོངས་དག་ (sorry) ལབ་རྒྱུ་མི་འདུག ད་དུང་ང་ལ་སྐད་ཆ་གཅིག་ཀྱང་མ་བཤད་པར་ཆུ་ཚོད་མཛུབ་སྟོན་བྱས་སོང་།

གཞན་ཡང་མགྲོན་ཁང་ཞིག་ལ་ཉིན་དང་པོ་ནས་འདྲེ་ཤིག་ (འབུ་, bed bug) འདུག ཉིན་གསུམ་པར་ངའི་ངོ་ལ་སོ་རྒྱབ་སོང་བས་ངས་ཞབས་ཞུ་བོད་མོ་ཞིག་ལ་”ཉལ་ཁང་ལ་འདྲེ་ཤིག་འདུག ངའི་ངོ་ལ་སོ་བརྒྱབ་སོང་།”ཞེས་ལབ་པ་ཡིན། དེ་ནས་བུ་མོ་དེས་”འོ། འདྲེ་ཤིག་གིས་ང་རང་ལ་ཡང་སོ་རྒྱག་གིན་འདུག ཁྱེད་རང་གིས་ཕྱི་ལོགས་ནས་སྨན་ཉོས་ནས་དགོང་མོར་བཏང་ན་ཡག་པོ་ཡོད་པ་རེད།”ཞེས་ལབ་བྱུང་།

མགྲོན་ཁང་དེ་ཚོ་སྐར་མ་ལྔ་དེ་འདྲ་མིན་ནའང་ཞག་གཅིག་ལ་སྒོར་༣༤༠ཙམ་ལེན་གྱི་ཡོད་པ་རེད། གནས་ཚུལ་ངོ་མ་སྐྱོ་བོ་རེད།

གཞན་ཡང་སྔོན་མ་ནས་ཕྱི་རྒྱལ་མི་མང་པོ་ཡོད་པའི་མགྲོན་ཁང་གི་ཟས་ཐོ་ནང་དུ་ American Coffee (美式咖啡) ཟེར་བ་ཞིག་འདུག ངས་དེ་འཐུང་དགོས་བསམ་ནས་ཞབས་ཞུ་བོད་མོ་དེར”ཚིག་ཇ་དང་འོ་མ་ཉུང་ཉུང་གནང་རོགས།”ཞེས་ལབ་པ་ཡིན། དེ་ནས་བུ་མོ་དེས་”ཚིག་ཇ་དེར་འོ་མ་ཡོད་པ་མ་རེད།”ཞེས་ལབ་བྱུང་། དེ་ནས་ངས་”སྤྱིར་བཏང་American Coffe ཟེར་ན་འོ་མ་མཉམ་དུ་སྟེར་གྱི་རེད། ངས་ཚིག་ཇའི་སྐོར་ཅུང་ཙམ་ཤེས་ཀྱིན་ཡོད།”ཞེས་ཀུ་རེ་རྩེད་པ་ཡིན། དེ་ནས་བུ་མོ་དེས་ཁྲོས་པའི་རྣམ་འགྱུར་སྟོན་བཞིན”ཁྱེད་རང་གིས་མཁྱེན་གྱིན་མ་རེད་ལབ་མེད། ང་ཚོའི་ཟ་ཁང་ལ་ཚིག་ཇ་དེ་དང་མཉམ་དུ་འོ་མ་ཡོད་པ་མ་རེད། American Coffeeཟེར་ན་ Black Coffee (ཚིག་ཇ་ནག་པོ་) རེད།”ཞེས་ཞེ་ས་དང་དབྱིན་ཇིའི་སྐད་མཉམ་དུ་ལབ་བྱུང་། ང་ཉི་ཧོང་ལ་ཚིག་ཇ་འཐུང་དུས་འོ་མ་མི་སྟེར་པའི་ཇ་ཁང་ལ་འགྲོ་མ་མྱོང་། ད་དུང་ཨ་མེ་རི་ཀར་ལོ་གསུམ་བསྡད་པའི་རིང་ཇ་ཁང་དུ་ཚིག་ཇ་འཐུང་དུས་ཞབས་ཞུ་བས་”ཁྱེད་རང་འོ་མ་དང་བྱེ་མ་ཀ་ར་དགོས་སམ།”ཞེས་སྐད་ཆ་འདྲི་རྒྱུ་རེད། སྤྱིར་བཏང་ American Coffee ཟེར་བ་དེ་ཚིག་ཇའི་བཟོ་སྟངས་ཀྱི་སྣ་ཀ་གཅིག་རེད་མ་གཏོགས་འོ་མ་ཡོད་མེད་འབྲེལ་བ་ཡོད་པ་མ་རེད།

ལྷ་སའི་ཇ་ཁང་དེའི་ཚིག་ཇ་ནི་སྒོར་མོ་༢༥ རེད། ཨ་རིར་ཚིག་ཇ་དང་འོ་མ། ཀ་ར་ཡོད་པ་དེ་ཨ་སྒོར་༡དང་ཕྱེད་ཀ་ (རྒྱ་མི་སྒོར་མོ་༡༠ཙམ་) རེད། ད་དུང་ཨ་རི་དང་ཉི་ཧོང་གི་ཇ་ཁང་དང་ཟ་ཁང་གི་ཞབས་ཞུ་བས་རྣམ་འགྱུར་དེ་འདྲ་ངན་པ་བསྟན་མ་མྱོང་།

སྤྱིར་བཏང་ལྷ་སའི་ཚོང་ནི་གཙོ་བོར་ཡུལ་སྐོར་རེད། ཡིན་ནའང་གོང་དུ་ཞུས་པ་ནང་བཞིན་ཞབས་ཞུ་དེ་ཚོ་དངོས་གནས་སྐྱོ་བོ་འདུག ད་དུང་ཉི་ཧོང་དང་ཕྱིའི་རྒྱལ་ཁབ་དང་བསྡུར་ནའང་ཅ་ལག་དང་ཟ་རིགས་དེ་ཚོ་གོང་མཐོ་པོ་རེད། མགྲོན་ཁང་དང་ཟ་ཁང་ཟེར་བ་དེ ཟ་མའི་རིམ་པ་གཅིག་པུ་མ་རེད། དེའི་ནང་དུ་ཁོར་ཡུག་དང་ཞབས་ཞུ་སོགས་མཉམ་དུ་ཡོད་པ་རེད། ལྷ་སར་གོང་ཚད་དང་ཞབས་ཞུའི་རིམ་པ་ཏག་ཏག་རེད་མི་འདུག

གོང་དུ་ངས་བྲིས་པ་དེར་བོད་པ་གྲོགས་པོ་ཚོ་དགོངས་ཚུལ་གང་ཡོད་དམ། ང་དོན་དག་ཆུང་ཆུང་ལ་ཁོང་ཁྲོ་ལངས་མཁན་འདྲ་པོ་ཡིན་ནམ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading