རོ་ཥ་ནཱ་ལ་ཕུལ་བ།

ལྡོང་སྲས་ཨ་བྷེ།  ལན་གྲུ།

རྣམ་ཤེས་ཆུ་འཛིན་བཞིན་དུ་ཡལ་སོང་ངམ།།
ལུས་སྲོག་དག་བྱེད་བཞིན་དུ་ཟགས་སོང་ངམ།།
འཁོར་བའི་དོན་ལ་རེ་བའི་འགྲོ་བ་སྟེ།།
ཐམ་ཤད་ཁོ་བོའི་དོན་དུ་གཏིམས་སོང་ངམ།།

མེ་ཡི་ནང་དུ་ཁྱེད་རང་བཞད་བྱུང་ངམ།།
ཆུ་ཡི་ནང་དུ་ཁྱེད་རང་བཤུམས་བྱུང་ངམ།།
ས་ཡི་ནང་དུ་ཁྱེད་རང་འཕགས་བྱུང་ངམ།།
རླུང་གི་ནང་དུ་ཁྱེད་རང་ཁྲོས་བྱུང་ངམ།།

ས་ཡི་རྡོ་བ་དག་ཀྱང་འགུལ་སོང་ངམ།།
གནམ་གྱི་དཀོན་མཆོག་དག་ཀྱང་སྡང་སོང་ངམ།།
བར་གྱི་འོད་སྣང་དག་ཀྱང་འཁྱག་སོང་ངམ།།
ས་ཡི་རྐང་གཉིས་དག་ཀྱང་རྩུབ་སོང་ངམ།།

ཆང་སའི་ལྕགས་སྒྲོག་སྤོབས་པས་གཏོར་སོང་ངམ།།
དགའ་སའི་དུང་བ་སྙིམ་པས་བཞེས་སོང་ངམ།།
རེ་བའི་མེ་ཏོག་སྤྲོ་བས་ཕུལ་སོང་ངམ།།
སྐྱོ་བའི་སྙིང་གཏམ་མྱུར་བས་ཤོད་སོང་།།

ཁྱེད་ཀྱི་འཁྱུན་བུ་ཁྱེད་ཀྱི་གུད་དུ་ཡོད།།
ང་ཡི་སྙིང་སྡུག་ང་ཡི་སེམས་སུ་ཡོད།།
མཐའ་དག་ཉམ་ཐག་སྲོག་གི་སྨོན་པ་སྟེ།།
ངས་ནི་སྐྱོ་བས་མཉན་ཞིང་རེ་བས་གཉོར།།

ད་ནི་ཁྱེད་ཀྱི་མིག་ཟུང་བཙུམས་པ་སྟེ།།
ད་དུང་ངས་ནི་མིག་ཟུང་ཕྱེས་པ་སྟེ།།
མིག་གཉིས་བར་ནས་འོད་ཀྱི་འཛུམ་མདངས་འཚོལ།།
རྣ་གཉིས་བར་ནས་སྲོག་གི་འཁུན་སྒྲར་ཉན།།

དོ་ཞགས་ང་ཡི་རྨི་ལམ་ནང་དུ་ཤོག།
ང་ཡི་རྨི་ལམ་ནང་དུ་དཀོན་མཆོག་མེད།།
དོ་ནུབ་ང་ཡི་སེམས་པའི་ཁུད་དུ་ཤོག།
ང་ཡི་སེམས་པའི་ཁུད་དུ་གཤེད་མ་མེད།།

མཐོན་པོའི་ནམ་མཁའ་འདི་དག་ཁྱེད་ཀྱི་འོ།།
དམའ་མོའི་ས་གཞི་འདི་དག་ཁྱེད་ཀྱི་འོ།།
དྲོན་མོའི་མེ་ཕུང་དག་ཀྱང་ཁྱེད་ཀྱི་འོ།།
བསིལ་མོའི་ཆུ་ཕྲན་དག་ཀྱང་ཁྱེད་ཀྱི་འོ།།

ཕྱི་ལོ༢༠༡༥ལོའི་ཟླ༡༡པའི་ཚེས༡༢ཉིན་གྱི་ས་སྲོས་སུ་གཡུ་གྲོང་ནས་སྦྱར་རོ།།

      * རོ་ཥ་ནཱ(rokhshana)  ནི་ཨ་ཧྤོ་ངྒ་ན་སི་ཐན་གྱི་ཐ་ལེ་བམ་གྲོང་ཚོ་ཟེར་བའི་ཡིན་ཞིང་། ད་ལོ་མོ་ལོ་བཅུ་དགུ་ལ་བུད་མ་ཐག་པའི་ན་ཆུང་ཞིག་སྟེ།  མོས་གཉེན་བཙན་སྒྲིག་གི་བཀའ་བཀོད་དང་བྱོལ་ཏེ་རང་མོས་སྒོས་རང་ཉིད་དགའ་སའི་མི་དང་མཉམ་དུ་བྲོས་བྱོལ་བྱས་པས།  ས་གནས་འགོ་བ་གཙོས་མི་ཚང་མས་ས་ཁུལ་རིག་གནས་སམ་ཆོས་ལུགས་གོམས་སྲོལ་དང་རྒྱབ་འགལ་བྱས་པའི་ཉེ་མིང་གིས་གསོན་པོར་དོང་ནང་དུ་བཅུགས་ཤིང་།  མཐར་རྡོ་བསྐོར་བྱས་ནས་དམར་གསོད་དུ་བཏང་ཟེར།

ངེད་དྲ་ཚིགས།

One thought on “སེམས་ཀྱི་དོ་ཧ། (བོད)

  1. གངས་རྡེའུ། ཕྱི་ལོ། ༢༠༡༥ ཟླ། ༡༡ ཚེས། ༢༣ at ༣:༠༣ am

    སྙན་ངག་འདི་སྣང་བ་བུད་སོང་།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading