—— བྱ་མདོ་རིན་བཟང་།


ངས་རྒྱུན་དུ་གདུང་འབོད་དང་ངུ་སྐད་འདྲེས་པའི་ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་གང་མང་བྱས་པ་ཐམས་ཅད་ཆོད་སེམས་དང་དཔའ་སྤོབས་རེ་བསྐྱེད་ནས་ཕུལ་བ་ཡིན། རང་ཉིད་ཀྱི་སེམས་ཀྱི་ཟབ་ས་དང་སྙིང་གི་འཕར་རྩ་རུ་ཞུགས་པའི་དད་ཞེན་དང་གདུང་སེམས་མཉམ་བསྐྱེད་འདི་དག་གཟུར་ཏུ་མེད་པའི་འགན་འཁྲི་ལྕི་མོ་དེ་ཡིན།

སྤྱི་ཚོགས་ཀྱི་སྒྲིག་གཞི་ལེགས་པོའི་རྨང་གཞི་འདི་ཡང་རིག་གནས་དང་རིག་གནས་པའི་བློ་ཁོག་ཡངས་པོ་ཞིག་བསྐྱེད་ནས་གཞི་ཆགས་པ་རེད། ཁས་ལེན་དང་དམ་བཅའི་ཁག་ཐག་དམ་པོ་དེ་དག་ཡང་སྤྱི་དམངས་ཀྱི་བསམ་བློའི་ཐོན་ཁུངས་འཛོམས་པོ་རེ་དང་གླེང་བརྗོད་ཀྱི་ཁ་ཕྱོགས་དྲང་མོ་དག་བྱུང་སྐབས་བསྒྱུར་ཆོག་ཆོག་གི་ལམ་ཀ་དེ་འདེམས་ཆོག


མི་རིགས་ཀྱི་ངོ་བོ་གཏོར་བཅོམ་གཏོང་བྱེད་ཀྱི་རོགས་སྐྱོར་དང་སློབ་གཉེར་དེ་དག་ནི།  ཟླ་བ་གཅིག་གི་རྗེས་སུ་རང་ཉིད་འཆི་ངེས་པའི་ཉིན་གཅིག་གི་ཟས་མགྲོན་ལྟ་བུ་རེད།   ནོར་འཁྲུལ་བཟོས་པ་དེ་ནོར་འཁྲུལ་ཆེན་པོ་མིན་ལ། ནོར་འཁྲུལ་སྦ་གསང་བྱས་པ་དེ་ཚབ་ཆེན་པོའི་ནོར་འཁྲུལ་དེ་རེད།


སྲིད་གཞུང་ཞིག་ལ་ཕོག་ཐུག་གཏོང་ཐུབ་པའི་རྩོམ་ཡིག་དག་ནི་དུས་རབས་རེ་རེ་བརྒལ་དུས་བཀག་སྡོམ་བྱེད་མི་ཐུབ་པར་མ་ཟད།   བསམ་ཡུལ་ལས་འདས་པའི་རྒྱལ་ཁའང་ཐོབ་སྲིད།  མི་རང་ཉིད་ཀྱི་དྲང་བདེན་གྱི་སྐད་ཆ་ཁ་ནས་མ་ཐོན་གོང་ཁོག་ནས་བསད་ན་སྤྱི་ཚོགས་ཤིག་འཆི་ལམ་དུ་བཅུག་པ་དང་ཁྱད་མེད།  སྤྱིར་བཏང་གི་རྒྱུ་འབྲས་ཀྱི་ཚད་ཐིག་ལས་བརྒལ་མེད་པའི་སྐད་ཆ་དག་ཕུགས་འདུན་གྱི་མཐོ་ས་ནས་ལག་ལེན་གྱི་དམན་སར་ལྷུང་མི་སྲིད།


ཚིག་ལྷད་བཅུག་པའི་སྐད་ཆ་དག་གིས་མི་རིགས་དང་མི་རིགས་ཀྱི་སེམས་ཁམས་ཉམས་རྒུད་དུ་བཏང་ཡོང་བ་འདི་བཟོད་མི་ཐུབ་པའི་ན་ཟུག་ཞིག་ཡིན།   ད་དུང་སེམས་ལྷད་ཀྱི་དྲི་མ་དང་བྲལ་བའི་ཡང་དག་པའི་གོམས་གཤིས་འདི་དག་ཡང་སྲུང་དགོས།


ང་ཚོ་བོད་མི་ཞིག་ཡིན་པའི་བདེན་དཔང་འདི་བོད་སྐད་དང་གོམས་གཤིས་ལས་གཞན་པའི་འཇོག་ཨེ་ཐུབ། རྒྱུ་ནོར་དང་ཐོབ་གོ་སའི་དེ་བས་ཀྱང་འཇོག་མི་ཐུབ། འདི་ནི་མི་རེ་ཟུང་གི་གནད་དོན་མིན་པར་མི་རིགས་ཤིག་གི་དར་རྒུད་དང་འབྲེལ་བའི་གཡོལ་ཐབས་མེད་པའི་འགན་འཁྲི་དང་གནད་དོན་ཞིག་ཡིན།


ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་ལ་རང་ཚུགས་ཐུབ་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་དགོས།  དང་བ་འདྲེན་པའི་སྤྱོད་ལམ་ལ་ཕྱི་ཐག་རིང་བོའི་ངང་རྒྱུད་དང་གཤིས་ཀ་དགོས།གདམས་ངག་གླེང་མོའི་ཚུལ་དུ་བྱེད་བཞིན་པ་འདི་ཡང་ཡང་རྙེད་དཀའ་འོ། །


བླང་དོར་འབྱེད་བྱེད་ཀྱི་རིགས་པ་སྣ་རེ་གཞན་ལ་སློབ་སྟོན་གནང་ཐུབ་ཚེ་རང་ཉིད་ཤེས་ཡོན་པའི་གྲལ་དུ་ཚུད་པའི་ལག་རྗེས་བཞག་པ་རེད།


མི་ལ་ལྷན་སྐྱེས་སུ་ཡོད་པའི་བསམ་བློ་དེ་ལ་ཁ་བསྣོན་དང་གཞུང་ལུགས་ཀྱི་རྒྱབ་རྩ་དགོས་ལམ་ལོག་དང་སྒེར་སེམས་གཞན་གྱི་ལག་ཆར་འགྱུར་མི་རུང་བ་དེ་ཡང་ཧ་གོ་དགོས།

༡༠
ལོ་རྒྱུས་ཀྱི་བཟང་ཕྱོགས་ནས་དར་བ་དང་མི་གཤིས་ཡ་རབས་ཀྱིས་བསྐྲུན་པའི་ལུགས་སྲོལ་དེ་ཡང་མི་དང་མིའི་རིགས་ལ་འཚོ་གནས་དང་དར་རྒྱས་ཡང་དག་པ་ཞིག་གི་ཆེད་དུ་ཡིན། མཐའ་མཇུག་ཕན་ཐོག་མེད་ན་བློས་བཏང་ན་འགྲིག

༡༡
དུས་དང་བསྟུན་པའི་མི་ཚེ་བསྐྱལ་སྟངས་ཤེས་པ་ནི། འཕྲལ་སེལ་དང་འོས་འགན་གྱི་གནད་འགག་ཤེས་པ་དེ་རེད། ཚེ་སྲོག་དང་སྤྱི་ཚོགས་ནི་མིའི་རྩེད་ཆས་ལྟ་བུར་འཛིན་པ་ནི་འཇིགས་བསྐུལ་བའི་རང་གཤིས་རེད། འཇིག་རྟེན་ཨུ་ཚུགས་ཀྱི་གནས་དགོས་པ་འཚོ་དགོས་པ་ཡང་མིའི་རང་གཤིས་རེད། གང་ལྟར་དྲང་བདེན་ནི་བརྗེད་མི་རུང་བའི་སྙིང་ནོར་ཡིན།

༡༢
མི་རིགས་ཀྱི་སྡུག་བསྔལ་ལ་བརྗེད་རྒྱུ་དང་རྙིང་ནས་ཡལ་འགྲོ་རྒྱུའི་ལམ་ཀ་དེ་བདེན་པའི་རྒྱལ་ཁ་མ་ཐོབ་བར་ཏུ་མི་སྲིད་པ་ཞིག་ཡིན། ཆབ་སྲིད་ཀྱི་འཐབ་རྩོད་ནི་མི་རིགས་དེའི་ཉམས་རྒུད་མ་སངས་བར་དུ་བརྗེད་མི་སྲིད། འཐབ་རྩོད་འདི་ནི་ཚེ་སྲོག་གི་འཐབ་རྩོད་ཡང་རེད།

༡༣
ས་སྒང་འདིའི་འགྱུར་ལྡོག་ནི་དངོས་པོའི་ཆོས་ཉིད་ལྟ་བུ་རེད་ལ།མཚོན་ཆ་དང་གདུག་རྩུབ་ཀྱི་སྟོབས་ཤུགས་ནི་ཚད་གཞི་མེད་པའི་གནས་བབས་ལྟར་ཆགས་འགྲོ། ཧམ་སེམས་ཀྱིས་འཁྱུར་མིད་བཏང་ཟིན་པ་དག་ནི་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད། མི་རབས་ཤིག་གི་སེམས་ངོགས་ལས་ཡལ་མི་སྲིད།

༡༤
ཧ་ཅང་དཀའ་ངལ་དང་དཀའ་ལས་ཆེ་བའི་བསྒྲུབ་བྱ་དང་གནད་དོན་དག་འགྲུབ་མི་སྲིད་སྙམ་པའི་བསམ་བློ་འཆར་མི་རུང་། རྒྱུ་མཚན། ང་ཚོར་མི་སྲིད་པ་དག་སྲིད་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་དགོས། མི་འགྲུབ་པ་དག་སྒྲུབ་ཐུབ་པའི་སྙིང་རུས་གསོན་པོ་དགོས།

༡༥
ཚེ་སྲོག་གི་སྐད་ཆ་དང་ལས་དབང་གི་གོ་སྒྲིག་ལ་བརྒྱུད་རིམ་ལྡན་པའི་ལམ་སྣེ་ཡོད་མོད།  མི་འདོད་བཞིན་དུ་ལམ་ཀ་དེར་འགྲོ་དགོས་པའི་གནས་ཚུལ་གང་མང་ཞིག་བཙན་དབང་དང་རྒྱུ་རྐྱེན་ཚང་བའི་ལས་དབང་ཡིན་ལ། མདོར་ན་རང་ཉིད་ཡང་ཡིན།    ཁོར་ཡུག་ཞིག་གིས་ཚར་སྤྲད་པའི་གནོན་ཤུགས་དག་ནི་བཟོད་བསྒོམ་གྱིས་བཅིངས་པའི་ཐབས་ཇུས་ཤིག་གིས་བསྒྱུར་བཀོད་གཏོང་དགོས།

༡༦
བསམ་བློའི་འཆར་ཕྱོགས་དང་དེ་ལག་བསྟར་བྱེད་སྟངས་ལས་མི་དང་མིའི་རིན་ཐང་རྟོགས་ཐུབ།  རིན་ཐང་ཅན་གྱི་མི་རྒོད་པོ་རེ་རེ་མི་རིགས་དེའི་རྒྱལ་ཁབ་རེ་རེ་ཡིན།    བུ་རྒོད་དེ་དག་གི་མཐུན་སྒྲིལ་དང་ཆོད་སེམས་ནི་རྒྱལ་ཁབ་དེའི་སྟོབས་ཤུགས་ཡིན།

༼ ལོ་ངོ་ལྔ་བཅུའི་ཡར་སྔོན་སྟེ ༡༩༥༨ཟླ་༦ ཚེས་ ༨ ཉིན་ངའི་ཕ་མེས་ཡང་མེས་དག་གིས་བཅུད་པུར་རྫ་ལུང་༽

༡༧
འཛམ་གླིང་ལོ་རྒྱུས་སྟེང་གི་དྲང་བདེན་གྱི་རྡོ་རིང་བཞག་པའི་ཉིན་མོ་ནི།  ནག་ཉེས་ཅན་གྱི་ཚོགས་པ་ཞིག་ལ་གདོང་གཏུག་དང་འདྲ་མཉམ་མིན་པའི་གནས་སྟངས་ཤིག་ལ་ངོ་རྒོལ་སྐད་འབོད་ཀྱི་དུས་ཚིགས་ཤིག་ཡིན་པས་ང་ཚོ་ཕྱི་རབས་པ་དག་གིས་བརྗེད་ག་ལ་རུང་།

༡༨
དེང་རབས་གླེང་བརྗོད་དང་དེང་རབས་ཤེས་ཡོན་ཅན་གླེང་སྐབས། དོན་རྐྱེན་ཞིག་དང་གནས་སྟངས་ཤིག་ལ་གདོང་ཐུག་ནས་བཤད་དགོས་པ་རྒྱུན་ལྡན་རེད། དེའི་ཕྱིར་ཤེས་ཡོན་ཅན་གང་མང་ཞིག་རྒྱལ་ཁབ་ཞིག་གི་ཁེ་ཕན་གྱི་ཆེད་དུ་བཙོན་དུ་ལོ་ངོ་དུ་མར་འདུག་དགོས་བྱུང་བ་རེད།

༡༩
རྒྱུ་འབྲས་དཔང་པོར་བཞག་པའི་ན་ཟུག་འདི་ཡང་སྐྱུག་བྲོ་བའི་གདོང་འབག་བཤུས་པ་དང་ཡ་ང་བའི་བཙན་དབང་ཞིག་ལ་ཁ་རྡུང་བཏང་ནས་བྱུང་བ་ཡིན། རྒྱུ་འབྲས་མེད་པའི་ལས་ཀ་ནི་འཇིག་རུང་གི་གཡུལ་ས་ཞིག་རེད།

༢༠
ཚགས་ཤོག་དང་དུས་དེབ་མང་པོའི་སྟེང་གླེང་སློང་སྣ་ཚོགས་པས་གྲག་འགུལ་བཟོ་དུས། གསར་བརྗེ་དང་ལས་འགུལ་ཞིག་གི་སྔོན་འགྲོ་ཡིན། ཁྱད་གསོད་དང་གཏོར་བཅོམ་ཞིག་གི་འགོ་བརྩམས་པའང་རེད་། རྒྱུ་མཚན་ནི་མི་རིགས་ཤིག་དང་རིག་གཞུང་ཞིག་གིས་དམིགས་འབེན་དུ་བཟུང་བས་སོ།།

༢༡
ཚོགས་པ་ཞིག་གི་ཀུན་སྤྱོད་ཀྱི་གཟི་བརྗིད་དང་དྲང་བདེན་གྱི་སྙིང་སྟོབས་འདིས་རྒྱལ་ཁབ་ཞིག་གི་རྩ་ཁྲིམས་དང་འཛམ་གླིང་འདིར་བཟོ་བཅོས་རྒྱག་ཐུབ།  སྒེར་གཅོད་པའི་ལམ་ལུགས་ལ་གཡོ་ཁྲིམས་ཀྱི་ཇུས་འགོད་ཐེབས་ཚེ། མི་ཡུལ་འདི་གཤེད་མའི་འཇིག་རྟེན་ཞིག་དང་ཁྱད་པར་ཅི་ཡོད།

༢༢
རྒྱུན་དུ་བསྒྱུར་བཀོད་གཏོང་ཐུབ་མིན་གྱི་དཀའ་ཁག་ནི་འཆར་གཞི་ལྟར་གྱི་ཕྱི་ནང་གི་ཆ་རྐྱེན་མི་ཚང་བ་དེ་རེད།  ཕྱིའི་ཆ་རྐྱེན་ཁོར་ཡུག་དང་ནང་གི་ཆ་རྐྱེན་བསམ་བློའི་གོ་རྟོགས་སོ། །རིག་གནས་ཤིག་གི་རིན་ཐང་ལ་ལྷག་བསམ་གྱི་གཞི་རྩ་བརྟན་པོའི་རང་ཚུགས་འཛིན་དགོས་སོ། །

༢༣
དོན་དམ་གྱི་རྒྱལ་གཅེས་པ་དང་མི་རིགས་རང་ལུགས་པ་དེ་ནམ་ཡང་གཞན་གྱིས་དེང་ལེན་བྱེད་མི་ཐུབ་པ་དང་ཁས་ལེན་མི་སྲིད་པའི་རྣམ་པ་ལྟ་བུ་ཆགས་ཡོང་པ་ནི་ཆོས་ཉིད་ལྟ་བུ་རེད། སྐྱོན་མེད་སྙོན་འཛུགས་ཀྱི་ནག་ཉེས་པའི་ཆོ་ལོ་རྒྱུན་དུ་འབབས་སྲིད།   དེ་ལ་གདོང་ལེན་གྱི་གྲ་སྒྲིག་སྤུས་དག་པོ་གནང་དགོས་སོ། །

༢༤
སྒེར་གཅོད་ཆབ་སྲིད་པ་དང་སྒེར་གཅོད་སྲིད་གཞུང་གི་ཚགས་ཤོག་གང་མང་ཞིག་གིས་སྐྱོན་འཛུགས་བྱེད་བཞིན་པའི་མི་དེ་ལ་བསམ་བློ་དང་དོན་དངོས་གནས་ཚུལ་དྲང་བདེན་གྱིས་རྒྱུན་དུ་རྒྱབ་སྐྱོར་བྱེད་ངེས་ཡིན། མདོར་ན་ཡོད་ཚད་མི་དེའི་རྒྱབ་རྩ་ན་ཡོད་དོ། །

༢༥
རྒྱུན་དུ་བཙན་དབང་ལ་རྒོལ་པའི་དཔའ་སྤོབས་ལྡན་པའི་སྙིང་སྟོབས་ཀྱི་སྲོལ་རྒྱུན་དེ་ནི་འགྲོ་མིའི་ཐོབ་ཐང་གི་གསལ་བསྒྲགས་ལ་མིང་རྟགས་འགོད་མཁན་ཡིན་ལ།མི་དེའི་རིགས་ནི་རྒྱུན་དུ་ན་ཟུག་གིས་གཟིར་ནས་ཡོད།

༢༦
མི་སྒེར་གྱི་དྲང་བདེན་རེ་རེ་དང་ལེན་བྱས་པས། ད་གཟོད་རྒྱལ་ཁབ་དང་མི་རིགས་ཀྱི་དྲང་བདེན་དང་རྒྱབ་དཔུང་སྲ་མོ་ཆགས་ཐུབ།མདོར་ན་གོམས་པ་དམའ་སར་སྤོས།རེ་བ་མཐོ་སར་འཇོག་དགོས་པ་དེ་ལ་སློབ་དགོས།

༢༧
ནམ་ཞིག་སྲིད་གཞུང་ཞིག་གིས་མང་ཚོགས་ལ་མགོ་བོ་བསྒུར་བའི་དུས་སྐབས་བྱུང་ཚེ། གཞི་ནས་དྲང་བདེན་ལ་རྒྱལ་ཁ་ཐོབ་སོང་བ་རེད། དྲང་བདེན་དང་ཚེ་སྲོག་གི་བདེན་པ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་བླ་ན་མཐོ་བ་ཞིག་དགོས། མི་སྒེར་རིན་ཐང་ཅན་རེ་རེ་ནི་དབང་གྲགས་ཡོད་ཚད་ལས་ཚད་མཐོ་བའི་གནས་བབས་ཅན་ཞིག་ཡིན་པའི་དགོངས་པ་བཞེས་དགོས།

༢༨
མི་སྒེར་གྱི་ཐོབ་ཐང་དང་རྩིས་ཐང་ལ་རྡོག་བརྫིས་གཏོང་མཁན་དེ་ནི་དྲང་བདེན་ལ་དགའ་བསུ་མེད་པའི་མི་དག་དང་ཚོགས་པ་དག་ཡིན། སྐད་ཆའི་སྒྱུ་རྩལ་ནི་བསམ་བློའི་ཉུང་བཅུད་ཟུར་དུ་བྱུང་བ་ཡིན་པས། ཟུར་ཙམ་ཡང་རྩིས་ཐང་གི་གོ་སར་འཇོག་དགོས།

༢༩
དགོན་སྡེའི་བཤད་རྒྱུན་ཞིག་ལ། ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན།  ཡིན་ཡིན་མིན་མིན་མ་གསུང་རོགས། ཅི་མཛད་ལེགས་པར་མཐོང་དགོས་ན།  ཅི་ལས་འདི་ལས་མ་མཛད་རོགས།  འདི་དག་རྒྱུན་དུ་འཚོ་པའི་ཁྲོད་དུ་ཉམས་བཞེས་དང་བསམ་བློ་གཏོང་དགོས་པའི་སྡོམ་ཚིག་ཞིག་རེད།  ང་ལ་རྒྱུན་དུ་མཁོ་བ་ནི་བསམ་བློས་བཞེངས་བསྐྲུན་བྱས་པའི་ལེགས་བཤད་ཀྱི་ཐོན་རྫས་དེ་ཡིན།

༣༠
མི་སྒེར་བ་ཞིག་གིས་དབང་ཤེད་དང་དྲག་ཤུགས་ལ་ངོ་རྒོལ་བྱས་པའི་དཔའ་པོའི་དཔེ་མཚོན་དེ་ནི། རྒྱལ་ཁབ་དང་མི་རིགས་ཤིག་གི་དཔའ་བོའི་དཔེ་མཚོན་ཡིན་ལ། བདེན་པའི་རང་བཞིན་ལྡན་པའི་བསམ་བློའི་འགུལ་སྐྱོད་ཅིག་ཀྱང་ཡིན།

༣༡
ཕའི་རྐང་མི་བྲོ། མའི་ཚིལ་མི་བྲོ་བའི་མི་དག་ལ་གསང་ཚིག་མཆུ་སྒོར་མི་འདོན་པ་གལ་ཆེ།ས་དང་གནམ་ལས་མེད་ས་ཞིག་ནས་མི་རིགས་དང་རིག་གནས་ཞིག་གི་ལྟེ་བ་ཆགས་པ་འདི་ནི་རླབས་ཆེན་གྱི་སྐྱེས་ཆེན་ཞིག་གི་ལེགས་རྗེས་རེད།

༣༢
རྒྱུན་དུ་ནོར་འཁྲུལ་ལ་ཡོ་བསྲང་བྱེད་ཐུབ་པའི་སྙིང་སྟོབས་དང་། ངོ་ཚ་དང་ཁྲེལ་ཡོད་ཀྱི་སྤོབས་པ་ལྡན་དགོས། རིག་གནས་ཤིག་གི་ལམ་ལུགས་དང་རྣམ་དཔྱོད་ཀྱི་རྒྱབ་དཔུང་རྔམ་ཆེ་བ་ཞིག་ཀྱང་ལྡན་དགོས། འདི་དག་གིས་གནའ་རབས་ཀྱི་དཔའ་བོའི་སྙིང་སྟོབས་ཤིག་གི་ཤུགས་རྐྱེན་ཡང་འདྲེན་ཐུབ།

༣༣
མིའི་སེམས་ལ་ཟུག་ཡོད་པའི་རང་དབང་གི་སྲོལ་རྒྱུན་དེ་ལ། རིག་གཞུང་ཞིག་གི་ལམ་ལུགས་ཀྱི་སྲོག་རྩ་དང་རང་གཤིས་ལྡན་རྒྱུ་འདི་གལ་ཆེན་པོ་ཡིན། འདི་ནི་དད་འདུན་གྱི་ཐོན་ཁུངས་ལྟ་བུ་ཡིན་ལ། གཉའ་གནོན་ལ་ངོ་རྒོལ་བྱེད་རྒྱུའི་ལག་ཆ་གཙོ་བོའང་ཡིན།

༣༤
མི་དང་རང་བྱུང་ཁམས་སྐྱེས་ཐོབ་ཀྱི་ཐོབ་ཐང་བསྲུང་བརྩི་བྱེད་རྒྱུ་ནི་གཅེས་སུ་འོས་པའི་ཐོབ་ཐང་ཡིན། དབྱིན་ཇིའི་རྩ་ཁྲིམས་རིག་པ་སྨྲ་བ་ཏི་ཞོལ་ནས། རྩ་ཁྲིམས་ཀྱིས་མི་སྒེར་ལ་ཐོབ་ཐང་དང་རང་དབང་བརྩོལ་པ་མིན་པར་མི་སྒེར་གྱི་ཐོབ་ཐང་ལས་རྩ་ཁྲིམས་བྱུང་བ་རེད། ཅེས་དོན་སྙིང་ཅན་གྱི་སྐད་ཆ་བཤད་ཡོད །

༣༥
དོན་དངོས་སྤྱི་ཚོགས་ཀྱི་ཟ་ཟུར་དང་མི་རེ་རེའི་གཏམ་རྒྱུད་ཁྲོད་དོན་དམ་པའི་ཁྲིམས་ལུགས་བྱུང་བ་རེད། དེ་ནི་རྡོ་རིང་དང་ཡིག་ཚགས་སུ་གབ་ནས་བཞག་པའི་ཡིག་ཐུམ་ནང་དུ་མེད། བདེན་ལུགས་ཡོད་ཚད་མངོན་གྱུར་བྱུང་བ་ལ་རང་སྟེང་གི་རྐང་ཚུགས་པའི་ལམ་ལུགས་དང་། དོན་འཁྱོལ་བའི་ལག་ལེན་གྱི་གསལ་བསྒྲགས་དགོས།

༣༦
ཚབ་མཚོན་རང་བཞིན་ཅན་གྱི་ཆབ་སྲིད་ཀྱི་སྒྲིག་གཞི་ཆགས་རྒྱུ་དང་བཙན་དབང་འོག་འཆར་གཞི་ལྡན་པའི་ནུས་པ་འདོན་ཐུབ་པའི་བློ་སྤོབས་ལྡནཔའི་མི་སྣ་དག་ནི་སྤྱི་ཚོགས་དང་མི་རིགས་རང་ལུགས་པར་མེད་དུ་མི་རུང་བ་ཞིག་ཡིན། ཤེས་ཡོན་ཅན་གྱི་རང་དབང་གི་དཔུང་སྡེ་ནི་འཇིག་རྟེན་འདིའི་རྨང་གཞི་དང་སྲིད་པས་བསྡུས་པའི་གངས་རི་ལྟ་བུ་ཡིན།

༣༧
མི་སྒེར་དང་ཚོགས་པ་སོ་སོའི་འཚོ་བའི་སྤྱི་འདུས་ལྟ་བུ་ནི་རིག་གནས་ཡིན་ལ། དེ་ཡང་ཆབ་སྲིད་ཀྱི་མཚོན་རྟགས་ལྟ་བུ་བཟུང་ཆོག མིའི་རིགས་འདི་ཆབ་སྲིད་ཀྱི་བཅིངས་པའི་སྤྱི་ཚོགས་ཤིག་དང་ཆབ་སྲིད་ཀྱི་སྲོག་ཆགས་ཤིག་ཡིན་པར་ནུབ་གླིང་པས་གླེང་གི་འདུག

༣༨
གློ་བུར་དུ་བཞག་པའི་གྲོས་ཆོད་དང་འགྱུར་ལྡོག་དེ་ནི་དོན་ཆེན་བརླག་པའི་རྒྱུ་རྐྱེན་དང་གཞན་པའི་བསམ་བློ་འཇོམ་པར་ཡང་བྱེད་སྲིད་ལ། རྩོམ་རིག་དང་སྲིད་དོན་ལ་བརྡར་ཤ་མ་ཆོད་པའི་གོ་རྟོགས་སུའང་འགྱུར་སྲིད། བསྒྱུར་བཅོས་གློ་བུར་བ་དག་གིས་བོད་པའི་ཁོར་ཡུག་སེམས་ཁམས་དང་བཅས་པར་ཁྲག་དམར་བརྡོལ་བའི་རྨ་ཤུལ་བཟོས་ཡོད།

༣༩
ཚད་གཞི་ལོངས་པའི་རང་དབང་མིན་ཚེ་གནམ་འོག་གི་ནག་ཉེས་ཡོད་ཚད་རང་དབང་གི་མིང་ཐོག་ནས་མི་བཟོ་བའི་ངེས་པ་གཏན་ནས་མེད།བདེན་པ་ཐེད་ལ་གཡུག་པའི་བདེན་པའི་མིང་བཟུང་བ་ཡང་འདི་དང་འདྲ། རིག་གནས་པ་དང་ཆབ་སྲིད་པ་ལ་ལས་བདེན་པའི་མིང་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་ལ་ནག་ཉེས་དང་གནོད་འཚེའི་ཕྱོགས་སུ་གཏོགས་པར་གྱུར་ཡོད།

༤༠
འཇིག་རྟེན་འདིར་རྒྱུས་ལོན་བྱེད་རྒྱུ་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན།  དུས་རྒྱན་དུ་འགུལ་བསྐྱོད་བྱས་ཏེ་མི་སྣ་མང་ལ་ཁ་བརྡ་དང་། བརྟག་དཔྱད།  དབྱེ་ཞིབ།  རྒྱུས་ལོན་བྱེད་རྒྱུ་བཅས་ཡིན།

༤༡
མིའི་རིགས་ཀྱི་ནག་ཉེས་ཆེས་ཚབ་ཆེན་ནི་རང་རིགས་ལ་འཚེ་བ་དང་ཤ་ཞེན་མེད་པ་དེ་རེད། དེ་ནི་རང་ཉིད་མི་རིགས་གསོད་བྱེད་ཀྱི་གཤེད་མའི་རལ་གྲིར་འགྱུར་རྒྱུའི་བརྡ་རྟགས་རེད།

༤༢
གཞན་པའི་བསམ་བློ་བརྩི་བཀུར་བྱས་པ་དང་མཉམ་དུ།  རང་ཉིད་ཀྱི་བསམ་བློ་དང་རང་ཚུགས་ཀྱང་བརྟན་བརློང་ཡོང་བར་བྱེད་དགོས།  ཀུན་སྤྱོད་ནི་རིག་གནས་ཀྱི་གཞི་རྩ་དང་རྒྱན་ཆ་ལྟ་བུ་རེད།

༤༣
བླ་སྲོག་ལ་དད་གུས་བྱས་པའི་ལེགས་རྗེས་ལ་ཆོས་ལུགས་ཀྱི་འདུ་ཤེས་བླ་མེད་དེ་བྱུང་བ་རེད། རིག་གནས་དང་དད་གུས་ཀྱི་འདུ་ཤེས་འདི་དག་མིའི་རིགས་ཀྱི་ཁྲོད་ནས་བཙལ་ཏེ་རྙེད་པ་དེ་རེད།

༤༤
འཇིག་རྟེན་པའི་ལྟ་བའི་ཁྱད་ཆེས་གཙོ་བོ་ནི་འཚོ་བར་དགའ་ཞེན་དང་ཐབས་ལམ་སྤྱད་ནས་འཚོ་བར་ལོངས་སྤྱོད་རྒྱུ་ཏེ་རེད། དེ་མིན་འཇིག་རྟེན་འདི་ནི་འགལ་འཁྲུག་གིས་དཀྲིགས་ཡོད་པའི་ཁོར་ཡུག་ཞིག་ཡིན།

༤༥
རྒྱལ་ཁབ་མེད་པ་དང་བསམ་བློའི་ཚད་གཞི་མ་ལོངས་པའི་སྐབས་ཚོད་འཛིན་མེད་པའི་རང་དབང་གི་བྱ་སྤྱོད་དང་སྐད་ཆ་ནི་འཁྲུག་རྐྱེན་བཟོ་བསྐྱེལ་གྱི་ལག་ཆར་འགྱུར་སྲིད་པ་རེད། ཡོངས་ཁྱབ་རིན་ཐང་མི་ལྡན་པའི་རིག་གནས་ཁོར་ཡུག་བཟོ་བ་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན།

༤༦
ཚོགས་པ་ཞིག་གི་དམིགས་ཡུལ་གཙོ་བོ་ནི་འགལ་བ་དང་འཁྲུག་ལོང་འགོག་ཐབས་ལ་འབད་རྒྱུ་མ་ཡིན་པར། གཡོལ་ཐབས་མེད་པའི་འགལ་འཁྲུག་དེ་དག་འདུམ་འགྲིག་བྱ་རྒྱུ་དེ་རེད། སྤྱི་ཚོགས་ཀྱི་བསམ་ཚུལ་ཡོད་ཚད་གཅིག་གྱུར་ཡོངས་ཐབས་མེད་ལ། མང་མོས་མཐུན་ལམ་ཡོད་པའི་ལམ་ཀ་དེ་འདེམས་དགོས། ལམ་ཀ་དེ་ལས་བྱུང་བའི་ཕམ་ཁ་ནི་རང་ཉིད་ཀྱི་ཕམ་ཁ་མ་ཡིན་པར་མཉམ་མྱོང་ཡིན།

༤༧
ཚོགས་པ་ནི་མི་དང་སྒྲིག་སྲོལ་མཉམ་འདུས་ཀྱི་ཕུང་བོ་ཞིག་གོ་སྲིད་གཞུང་ཟེར་བའང་འདི་འདྲ་ཞིག་གོ།  ཚོགས་མིའི་སྒྲིག་འཛུགས་དང་དབང་ཆའི་སྒྲིག་འཛུགས་ཁ་ཁ་ཡིན།

༤༨
ཡུལ་དུས་དང་མཐུན་པའི་བློ་གཤོག་གི་རྩལ་དེ་ཤ་ཞེན་དང་འདྲེས་པའི་རང་རྐང་ཚུགས་པ་ཡོང་དགོས། འདི་ཡང་མི་རིགས་ལྟེ་བར་བཞག་པའི་སྒྲོམ་གཞི་ལྟ་བུ་ཆགས་དགོས་པ་དེ་རེད། བསམ་བློ་གཤིབ་བསྡུར།རིག་གཞུང་གཤིབ་བསྡུར། སྲིད་གཞུང་གཤིབ་བསྡུར་བཅས་ཀྱི་གཞུང་ལུགས་དག་ལ་དབྱེ་ཞིབ་བྱེད་དགོས་སོ། །

༤༩
རིག་གནས་ནི་འདུ་ཤེས་དང་ལག་ལེན་གྱི་ཐད་ནས་རིམ་གྱི་གསོག་པའི་འཚོ་བའི་ཟ་ཟུར་ལས་གྲུབ་པ་ཞིག་ཡིན། རིག་གནས་རིམ་གྱི་གསོག་པ་ལ་སློབ་གསོའི་ཆ་རྐྱེན་དང་ཁོར་ཡུག་གི་ཆ་རྐྱེན་སོགས་ཚད་གཞི་ངེས་ཅན་ཞིག་ཚང་དགོས། འདིས་ནི་དུས་རབས་སྔ་ཕྱིའི་བརྒྱུད་སྤྲོད་དང་མི་སྒེར་དང་ཚོགས་པའི་གཞི་རྐང་འཛིན་ཐུབ།

༥༠
ལོ་རྒྱུས་ཀྱི་དམིགས་ཡུལ་ལ་སྤྱི་ཚོགས་ཀྱི་དོན་དངོས་དང་ཤེས་རིག་ཡོངས་ཀྱི་འབྲེལ་བ་ཤེས་རྒྱུ་དེའོ། །ལོ་རྒྱུས་ཀྱི་ཞིབ་འཇུག་བྱེད་པའི་དཔྱད་གཞི་ལ། མིའི་རྩོལ་བའི་འབྲས་བུ་ཡིན་པ་ལས་མི་ཉིད་མིན་པར་ཤེས་དགོས་སོ། །ལོ་རྒྱུས་རིག་པ་བས་མིའི་སེམས་ཁམས་ཀྱི་གྲུབ་ཆ་ལ་སྤྱི་ཚོགས་སྣེ་མང་ཞིག་གྲུབ་པར་རྟོགས་དགོས།

༥༡
མིའི་ཆེད་དུ་བསྐྲུན་པའི་ཤེས་རིག་ལ་མི་དང་མཐུན་པའི་དགེ་མཚན་དང་དཔལ་ཡོན་ལྡན་ལ། ཁེར་ཚུགས་ཏུ་གྲུབ་པའི་ལྟ་གྲུབ་ལ་ཚེ་སྲོག་གི་རིན་ཐང་ཚད་གཞི་ལོངས་པ་ཡོད། མིའི་ལྷན་སྐྱེས་ཀྱི་ནུས་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡོད་ཚད་ཀྱི་གཏིང་རིམ་དང་དེའི་འབྱུང་ཁུངས་དང་འབྲེལ་ནས་ཡོད།

༥༢
ལྟ་ཚུལ་དང་བསམ་བློ་སྒེར་བ་དག་ནི་དཔེ་མཚོན་དང་དོན་དངོས་ར་སྤྲོད་བྱེད་ཀྱི་ལག་ཆ་ཙམ་ལས། བདེན་དོན་དང་རིན་ཐང་གི་དཔང་རྟགས་མིན། ཤེས་ཡོན་ཅན་ཡོད་ཚད་རིག་གཞུང་ལ་འགན་འཁུར་དང་རང་མི་རིགས་དག་ཤེས་རིག་གི་གྲུབ་ཆའི་གཙོ་བོ་ཞིག་ཡིན་པའི་ལྟ་ཚུལ་གཙོ་བོར་འཛིན་དགོས།

༥༣
སྔ་མ་རྒྱུད་འཛིན་དང་རང་ལྟ་གཙོ་བོར་འཛིན་པའི་སྒྲིག་གཞི་དག་ནི་དེང་རབས་ཀྱི་ཚད་ལྡན་རིག་གནས་རྣམ་པ་དང་གྲུབ་ཆ་མི་ལྡན་པར་འདོད། དེ་ལ་རིགས་རྒྱུད་སེམས་ཁམས་དང་ལྟ་གྲུབ་ཚང་ཡང་། མཐུན་སྤྱོར་ངང་འཕེལ་བའི་ཤེས་རིག་གི་ཤུགས་རྐྱེན་འཇོག་དཀའོ། །

༥༤
ལོ་རྒྱུས་དང་གནས་བབ་ངེས་ཅན་འོག་གི་གནད་དོན་དང་གནས་སྟངས་ལ་ཞིབ་དཔྱོད་བྱེད་པ་ལས་དེའི་རྒྱུ་རྐྱེན་དང་འབྱུང་ཁུངས་ལ་དབྱེ་ཞིབ་བྱེད་པ་འདི་གནད་འགག་ལ་ཐུག་ཡོད།  ལོ་རྒྱུས་འཕེལ་རིམ་ནི་སྟབས་བདེ་ནས་ཉོག་འཛིང་ཅན་གྱི་ཕྱོགས་སུ་འཕེལ་གྱི་ཡོད་ལ། སྣ་མང་ནང་རང་རྐང་ཅན་གྱི་གཞི་རྩའང་ཡོད།

                       མུ་འགོད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading