གཟུངས་ཕྱུག་སྐྱིད།

དྲོད་གྲང་སྙོམ་ཞིང་མཁའ་དབུགས་གཙང་བའི་དབྱར་གྱི་ཞོགས་པ་ཞིག་ལ་ང་དང་དགའ་ཉེ་གྲོགས་པོ་སྐོར་ཞིག་གཙང་ཆེན་གྱི་ཀླུང་དུ་ཆུ་རྩེད་ལ་རོལ་གྱིན་འདུག  ཧ་ཅང་སྤྲོ་སྐྱིད་དང་བྲེལ་ཟིང་གིས་ཆུ་རྩེད་ལ་རོལ་གྱིན་འདུག

གློ་བུར་དུ་སྙིང་ཉེ་བའི་བུ་ཆུང་ཀླུ་མོས་བཟུང་བའི་རྒྱུ་རྐྱེན་ལས་ང་རང་ཡང་ཇི་བྱུང་གང་བྱུང་མེད་པར་ཀླུ་མོ་ཡིན་པར་སྣང་བའི་བུད་མེད་ཆ་མེད་འགའི་ལག་ཏུ་ཚུད།

གྱོན་པ་ཡ་མ་བརླ་གྱོན་པའི་བུད་མེད་དེ་ཚོའི་ཤུབ་བུར་སྨྲ་བའི་ངག་སྒོ་ལས་ཁོ་མོ་ཚོ་མིའི་རིགས་ཀྱི་བུ་རྒྱུད་དང་འགྲོགས་ན་བྱམས་བརྩེ་རྙེད་ཐུབ་ཟེར་བའི་གསང་གཏམ་ཐོས་པས་ང་ལ་དངངས་འཚབ་དང་བློ་དོགས་གཅིག་གྱུར་སྐྱེས་ཀྱིན་འདུག

ཁོ་མོ་ཚོས་ང་དང་བུ་ཆུང་གི་དྲན་ཤེས་ལ་དབང་སྒྱུར་དང་ཚོད་འཛིན་བྱེད་སྲིད་དམ།
དེ་ལས་ཀྱང་མིའི་རིགས་ཀྱི་ཤ་ཁྲག་གི་སྐྱེས་ཁམས།
དེ་དག་དང་དངོས་ནས་མི་འདྲ་སྙམ།
ངས་ཡིད་ལ་དེ་ལྟར་དྲན་བཞིན་རང་ཉིད་དང་བུ་ཆུང་ལ་སེམས་ཁུར་བྱེད་ཀྱིན་འདུག

བར་སྐབས་དེར་བུད་མེད་ངོ་གདོང་དཀར་པོ་ཅན་ཞིག་བྲེལ་སྟོབས་ཀྱིས་ཚུར་ཡོང་ནས།
འཇམ་རྩུབ་གཉིས་ཀའི་སྒོ་ནས་ང་ལ་ཉེན་བརྡ་གཏོང་བཞིན་འདུག  ཁོ་མོས་ང་ལ་ཁྱེད་ཀྱིས་སུ་ཞིག་ལ་འཕྲིན་ཡིག་བསྐུར་སོང་ཟེར་ནས་འདྲི་གཅོད་བྱེད་ཀྱིན་འདུག  ངས་ལན་དུ་རང་ཉིད་ཀྱིས་གཞན་ལ་ཁ་པར་བཏང་བ་ལས་འཕྲིན་ཡིག་བསྐུར་མེད་ཚུལ་ནན་གྱིས་བརྗོད་ཀྱིན་འདུག  དོན་དངོས་དང་འབྲེལ་ནས་ནན་གྱིས་བརྗོད་ཀྱིན་འདུག

མཇུག་ཏུ་མོས་ཀྱང་ངའི་བདེན་ལུགས་ལ་དང་ལེན་བྱེད་ཀྱིན་འདུག་མོད།
ཡང་བསྐྱར་ཁྲོ་ཉམས་ཅན་གྱི་བུད་མེད་གཉིས་ང་ཡི་ཉེ་སར་བཅར་ནས་དྲི་བ་སུན་སྣང་ཅན་མང་པོ་འདྲི་འགོ་བརྩམ།  སྐབས་དེར་དུས་སྔོན་གྱི་བུད་མེད་ངོ་གདོང་དཀར་པོ་ཅན་དེ་དགོད་འཛུམ་གྱིས་ཁ་ཕྱིར་འཁོར་ཏེ།  ངས་གང་བཤད་པ་དེ་དག་བདེན་པ་ཡིན་ཚུལ་ཁོ་མོ་གཉིས་ལ་གསལ་བརྗོད་བྱས་སོང་།

བར་སྐབས་ཤིག་ནས་ཀླུ་མོར་ངེས་པའི་བུད་མེད་དེ་དག་གིས།ང་དང་བུ་ཆུང་གཉིས་ལྷན་དུ་མེ་འཁོར་ལྟ་བུའི་འགྲུལ་འཁོར་ཞིག་གི་ནང་ལ་བཞག་ནས་ས་ཚིགས་མང་པོ་ཞིག་ལ་ཡང་སྐོར་བསྐྱར་སྐོར་བྱེད་ཀྱིན་འདུག   བཙན་ཁྲིད་ལྟ་བུའི་འགྲུལ་བཞུད་དེ་ལས་ཕྱིར་འབུད་མ་ཐུབ་པའི་པས།  ང་རང་ཧ་ཅང་ཉོབ་སྣང་གིས་གཟིར་ནས་འདུག

དེ་ལས་ཀྱང་ངའི་བུ་ཕྲུག་གི་ཡོད་ཚོད་ལ་གཞན་གྱིས་ཚོད་འཛིན་བྱས་སོང་ན་ཇི་ལྟར་བྱ་སྙམ་པའི་བློ་དོགས་སྐྱེས་ཀྱང་ཀྱིན་འདུག  ཡིན་ནའང་ངའི་སྙིང་ཉེ་བའི་བུ་ཆུང་གིས་དྲན་ཤེས་གཞན་གྱིས་ཁྱེར་ཟིན་པ་ལྟར་ང་ལ་ཁ་ཡ་བྱེད་ཀྱིན་མི་འདུག
ངས་ནུས་ཤུགས་ཡོད་རྒུས་ཁོ་ལ་དྲན་གསོ་ཡང་བྱས་ཀྱང་ཁོ་ནི་འཇིམ་གཟུགས་ཇི་བཞིན་ཅི་ཞིག་ལ་ཧད་ནས་ལུས་འདུག

སྐབས་རེར་ང་རང་བུད་མེད་དེ་དག་གི་བྱ་སྤྱོད་ལ་ཅུང་ཚིག་པ་ཟ་བཞིན་འདུག་མོད་རང་ཉིད་འགྲུལ་འཁོར་དེ་ལས་ཕྱིར་མི་ཐར་བའི་གནས་སྟངས་ཀྱང་་གཞི་ནས་ཤེས་ཀྱིན་འདུག་པས་ཅུང་ཁོ་ཆད་པའི་ཚོར་བས་ཡོངས་སུ་མནོན་འདུག

དེ་ལྟར་ཛར་ཛོར་གྱི་མི་ཚོགས་དང་འུར་སྒྲ་སྣ་མང་ལས། ང་ལ་དམྱལ་ཁམས་ལྟ་བུའི་ས་གནས་མང་པོ་ཞིག་ངོ་འཕྲོད་པར་བྱས་པས་ད་གཟོད་ང་ནི་བུད་མེད་དེ་དག་གི་ཉེ་སར་དངོས་སུ་བཅར་ཐུབ་ཀྱིན་མི་འདུག

སྐངས་དེར་ངས་མགོ་བོ་དགྱེས་ནས་དྲང་ཐད་ཀྱི་སྒེའུ་ཁུང་ལ་བལྟ་སྐབས། ཕ་རོལ་གྱི་མཐོང་སྣང་ནི་རི་ངོས་ཤིག་རེད་ལ། དེ་རུ་ཧ་ཅང་མཛེས་པའི་གཡུ་མདོག་གི་རྩྭ་ཐང་ཞིག་མངོན་བྱུང་།ལྗང་ཐིང་ཐིང་གི་རྩྭ་ཐང་དེ་རུ་ལྷམ་མེར་བཞད་པའི་མེ་ཏོག་དང་རྟ་ནོར་ལུག་གསུམ་གྱི་ཚོགས་རིན་ཆེན་ཁྲ་རྒྱན་ལྟར་མཛེས་སྡུག་གིས་བཀྲམ་འདུག
སྐབས་ཙམ་ལ་བདག་ལ་ཡིད་སིམ་པའི་སྣང་བ་ཞིག་སྦྱིན་སོང་བ་མ་ཟད་ངའི་མིག་ཤེས་ཀྱི་ཁམས་ལ་ཡང་མཚར་སྡུག་གི་ལོངས་སྤྱོད་གཞན་ཞིག་སྤྲོས་སོང་།
དགའ་སྣང་དང་མཉམ་དུ་འཕྲལ་དུ་ཁ་པར་བླངས་ནས་མཛེས་ལྗོངས་དེ་པར་མིག་ཏུ་ལེན་པར་པར་རྩོམ་དུས། ཏག་ཏག་འགྲུལ་འཁོར་དེས་གཡོ་བསྐྱོམ་ཙམ་བྱས་པས་པར་ཏུ་བརྡབ་མ་ཐུབ་པའི་བློ་འགྱོད་དང་འཚུབ་ཆ་དུས་གཅིག་ལ་སྐྱེས་པར་བྱས། ངས་ཡང་བསྐྱར་གཟབ་ནན་གྱིས་པར་མིག་ལ་ལེན་པར་བྲེལ་གྱིན་འདུག

ཡིད་ཙམ་འགོར་རྗེས་སུ་ངོས་གཙང་ཞིང་ཁོད་ཡངས་བའི་ཡིད་འོང་གི་སྤང་ལྗོངས་དེ་རུ་དེང་རབས་བརྡ་འཕྲིན་གྱི་འཁོར་རྒྱུག་དང་ཡི་གེ་དག་ཤག་ཤག་ཏུ་འབབ་ཀྱིན་འདུག་ལ། ཧ་ཅང་རྒྱུས་མངའ་ཡོད་པའི་གྲོགས་པོ་ཞིག་གིས་རྩྭ་ཐང་དེའི་འཆང་ངོས་སུ་ཡི་གེ་་རེ་རེ་ཤར་ཤར་དུ་གཏགས་ཀྱིན་འདུག་ལ།
མིང་བརྡ་དང་ཚིག་འབྲུ་རེ་རེ་རྩྭ་ཐང་གི་འཆར་ངོས་དེ་རུ་ཧ་ཅང་གསལ་ཐིང་ཐིང་གིས་འབབ་ཀྱིན་འདུག ཚོར་སྣང་སྐྱིད་པོ་ཞིག་དང་མཉམ་དུ་ངས་ཡིག་འབྲུ་དེ་དག་རེ་རེ་བཞིན་ཀློག་པར་བརྩམས་མོད། བསམ་ཡིད་ལས་འདས་པ་ཞིག་ལ་གླུ་ཚིག་ལྟ་བུའི་ཡིག་འབྲུ་དེ་རེ་རེ་མ་གཞི་ནས་དབྱིན་ཡིག་ཁོ་ནས་འབབ་བཞིན་འདུག
བར་སྐབས་དེར་ངས་རྒྱང་དུ་བཞུད་པའི་བུ་ཕྲུག་གི་མིང་ནས་ཤུགས་ཀྱིས་བོས་བས་ད་གཟོད་གཉིད་ཀྱི་འཁོར་བ་ལས་སད་བྱུང་།སྒེའུ་ཁུང་ལས་བལྟ་དུས་ཞོགས་གཙང་གི་སྒེའུ་ཁུང་ཕྱི་རོལ་ན་སྐད་སྙན་ཀྱུ་རུ་རུ་སྒྲོག་གྱིན་པའི་བྱེའུ་ཚོགས་ཀྱི་སྙན་དབྱངས་ཀྱི་འགྱུར་ཁུག་ལས་དཔྱིད་ཀྱི་ནམ་ཟླ་ལ་འབོད་པ་གཏོང་བཞིན་འདུག
ང་རང་ཡང་བྲེལ་སྟོབས་ཀྱིས་ལངས་ཏེ་ཞོགས་ཟས་སྐོལ་བར་བྲེལ་གྱིན་མདང་ནུབ་ཀྱི་རྨི་ལམ་མཚར་པོ་དེ་ཡིད་ལ་ཡང་ཡང་འཁོར་བས།  ཉིན་གུང་སྐབས་བབ་ཀྱི་ཁྱིམ་ལས་ཙག་ཙིག་རྫོགས་པར་བྱས་རྗེས་སུ་རྨི་ལམ་དེའི་ཟུར་ངོས་རེ་རེ་འདི་ལྟར་ཡི་གེར་བཀོད།

3/9/16

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading