ཁེར་འགྲོ

           ཚོད་རྩིས་བྱས་པ་ལྟར་ན། གོ་ལ་འདིའི་ཐོག་ཉིན་མ་རེར་ཆ་སྙོམས་མི་གྲངས་ ༡༧༦༠༠༠ ཚེ་ལས་འདས་ཀྱི་ཡོད། ཡིན་ཀྱང་། མི་བུ་འགའ་རེའི་ཚེ་སྲོག་ཕྲ་མོའི་ཕྲེང་ཐག་ཆད་སྐབས་ཐ་ན་རང་གི་ཡུལ་མི་ཁྱིམ་མཚེས་ཀྱིས་ཀྱང་སྐྱོ་བའི་སྨྲེ་ངག་མི་འདོན་ལ། སྐྱེས་བུ་རེ་གཉིས་ཀྱི་སྐུ་ཚེའི་འདུ་བྱེད་རྫོགས་དུས་འཛམ་གླིང་མི་དམངས་ཀྱི་སྙིང་ཁ་ཟུག་གིས་གཙེས་ཀྱི་ཡོད། དེ་ཡང་སྤྱི་ལོ་  ༢༠༡༣ ལོའི་ཟླ་ ༡༢པའི་ཚེས་ ༦ ཉིན། གསར་འཕྲིན་ཞིག་གིས་ས་ཆེན་འདིའི་ཁོག་པ་གྲང་ཅང་ཅང་དུ་བཏང་སོང་ལ། འཛམ་གླིང་མི་དམངས་ཀྱི་ཡིད་སེམས་སྟོང་ལྷང་ལྷང་དུ་བཟོས་སོང་། གསར་འཕྲིན་དེ་ནི་སེམས་པ་དཀར་པོ་དུང་དུ་གྱུར་ཞིང་དུང་མདོག་དཀར་པོ་དབུ་ལ་སྨིན་པའི་དྲང་སྲོང་ཞིག་གཟིམས་ཁྲི་མཐའ་ཅན་དུ་གྱུར་བའི་གནས་ཚུལ་རེད། དྲང་སོང་དེ་ནི་ལྷོ་ཧྥེའི་①རྒྱལ་ཡབ་ཏུ་འབོད་པའི་ནེལ་སོན·མན་ཊེ་ལ་②ཡིན།

དེ་མ་ཉིད་དུ། ལྷོ་ཧྥེའི་སྲིད་འཛིན་ཛུ་མ་ཡིས། ཁོང་ད་ལྟ་གཟིམས་སོང་། ཞི་འཇམ་ངང་གཟིམས་སོང་། ང་ཚོའི་རྒྱལ་ཁབ་ཀྱི་རླབས་ཆེ་བའི་བུ་ཕྲུག་ཅིག་བོར་སོང་། ང་ཚོའི་མི་དམངས་ཀྱི་ཡབ་ཆེན་བོར་སོང་ཞེས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁི་མོན་གྱིས། མན་ཊེ་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་བཏང་ཡོད་ལ། ཁོང་ནི་བདེན་དོན་གྱི་དེད་དཔོན་ཞིག་རེད་ཟེར།

དབྱིན་ཇིའི་དབུ་བློན་ཁ་མེར་རོན་གྱིས། དཀར་གསལ་གྱི་སྒྲོན་མེ་ཞིག་གཟིམས་སོང་ཟེར།

ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཁོང་ནི་ད་ལྟ་ངེད་ཚོ་ལ་མི་དབང་བར། དུས་རབས་ཡོད་ཚད་ལ་དབང་སོང་ཟེར།

ཀྲུང་གོའི་གཙོ་འཛིན་ཞིས་ཅིང་ཕིན་གྱིས། ཀྲུང་གོའི་མི་དམངས་ཀྱིས་དུས་ནམ་ཡང་ཁོང་གིས་ཀྲུང་ལྷོ་འབྲེལ་བ་དང་མིའི་རིགས་ཡར་རྒྱས་འགྲོ་བའི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་བརྗེད་མི་སྲིད་ཟེར།

དེ་ལྟར་འཛམ་གླིང་གི་ས་ཕྱོགས་སོ་སོ་ནས་མྱ་ངན་གྱི་འོ་འདོད་དང་ཕངས་སེམས་ཀྱི་བརྔན་པ་གྲངས་མེད་འཐེན།

ཅི་ཁག་ཨང་། དངོས་ཡོད་ཀྱི་འཚོ་བ་ཇི་ལྟར་སྙིང་རྗེ་མེད་ཀྱང་ཕུགས་བསམ་མི་དོར་བའི། དུས་རབས་ཕྱེད་ཀ་འཐབ་རྩོད་ནང་སྐུ་ཚེགས་མྱང་ཡང་སྙིང་སྟོབས་མི་ཞུམ་པའི། གཞན་དོན་ཆེད་མི་ལོ་ ༢༧ ལ་མ་ཉེས་བཙོན་ལ་བཅུག་ཀྱང་འགྱོད་པ་མེད་པའི། རླབས་ཆེན་གྱི་སྐྱེས་ཆེན་ཞིག་ཉུང་དུ་ཕྱིན་པས། མི་བུ་བསམ་ཡོད་ཅན་ཚོ་ཁོང་འདར་མི་ཤོར་བ་ཅི་ལ་སྲིད་དམ།

ཁོང་གིས་སྐུ་ཚེ་གང་གི་རིང། རླབས་ཆེན་གྱི་ཕུགས་འདུན་ཞིག་མངོན་འགྱུར་གྱི་ཆེད་དུ། ཚེ་སྲོག་གི་ཤོག་ལྷེའི་ངོས་སུ་“མི་ཚེའི་རིན་ཐང་”ཞེས་པའི་ཐ་སྙད་འདི་ཇི་ ལྟར་བྲིས་ཚུལ་རེ་རེ་བཞིན་ཁྱེད་ཀྱི་མིག་མདུན་དུ་སྟོན་ན་འདི་ལྟར་སྟེ།

       ནེལ་སོན·མན་ཊེ་ལ་ནི་སྤྱི་ལོ་  ༡༩༡༨ ལོའི་ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཧྥེའི་ཁྲ་རན་སེ་ཁེ་③ས་ཆའི་ཚོ་དཔོན་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། མན་ཊེ་ལ་སྐུ་ན་ཕྲ་བའི་དུས་སུ། རྒན་རབས་ཀྱི་མདུན་ནས་ཕ་མེས་ཀྱི་གཏམ་རྒྱུད་མང་པོ་ཐོས་མྱོང་སྟེ། ཟླ་འོད་ལྷག་པར་གསལ་བའི་དགོང་མོ་ཞིག་ལ། དགོང་ཟས་བཟས་ཚར་བའི་བྱིས་པ་ཁྱུ་ཞིག་གྲོང་ཚོའི་ལྕང་སྡོང་འོག་ཏུ་འཛོམས་པ་དང་། ཁོ་ཚོས་ལྷབ་ལྷུབ་ཏུ་འབར་བའི་མེ་ཕུང་གི་མཐའ་རུ་བསྡད་ནས་སྤོ་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་ཉན་འགོ་ཚུགས།  ཨ་མྱེས་ཀྱིས་འདི་ལྟར་གསུངས་ཏེ།

མི་རིགས་དཀར་པོ་གནས་འདིར་མ་སླེབས་པའི་སྔ་རོལ་དུ། ང་ཚོའི་ཕ་ཡུལ་འདི་ནི་ལྷིང་འཇགས་དང་མཛེས་སྡུག་གི་རྣམ་པས་བརྒྱན་ཡོད་པ་དང་། ཡུལ་མི་ཚོ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད། དེ་དུས་ས་ཆ་འདིའི་སྟེང་དུ་དགེ་བཅུའི་གཡང་གིས་ཕྱུག་ཅིང་དགའ་བདེའི་དཔལ་གྱིས་བསྟིམས་ཡོད། འོན་ཀྱང་མི་རིགས་དཀར་པོས་མེ་མདའ་འཁྱེར་ནས་ང་ཚོ་དང་འཐབ་འཛིང་ཐེངས་གཅིག་བྱས་ཏེ་མ་ཧེ་ ༥༠༠༠ འཕྲོག་བཅོམ་བྱས་པ་རེད།
… …
བསམ་གཞིགས་ལ་དགའ་བའི་བུ་ཆུང་མན་ཊེ་ལའི་ཀླད་པའི་ཀློང་ན་འདྲི་རྟགས་སྣ་ཚོགས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་ལ། མངར་སྐྱུར་འདྲེས་མའི་ཕ་མེས་ཀྱི་གཏམ་རྒྱུད་དེ་དག་གིས་ཁོང་གི་ཡིད་ཀྱི་ཟབ་ས་རུ་རང་གི་ཕ་ས་ཕ་ཡུལ་ལ་དུང་བའི་ནས་ཆང་སྙལ་འགོ་བརྩམས།

དགུང་ལོ་ ༧ ལ་སོན་དུས། སློབ་གྲྭའི་རྒྱལ་སྒོ་ཐོག་མར་འཛུལ་འགོ་ཚུགས་པ་རེད་ལ། ཁོང་ནི་རང་གི་ཁྱིམ་རྒྱུད་ཀྱི་སློབ་གྲྭར་འགྲོ་མཁན་དང་པོར་གྱུར། མ་གཞི་དཔོན་རྒྱུད་ཀྱི་ཁྱིམ་ཚང་དུ་འཁྲུངས་ཀྱང་མན་ཊེ་ལའི་ཁྱིམ་མིའི་འཚོ་བ་ཤིན་ཏུ་དབུལ་ཞིང་ཕོངས་ཏེ། ཁོང་གིས་ང་རང་གི་དྲན་གསལ་དུ་སློབ་གྲྭར་འགྲོ་སྐབས་ཡབ་ཀྱིས་ཁོང་རང་གི་གོས་ཐུང་འབྲེག་ནས་ང་ལ་གཡོག་མྱོང་ཡོད་ཅེས་གསུངས། དགུང་ལོ་ ༩ ལ་སླེབས་དུས་ཡབ་ཚེ་ལས་འདས་པས་དྭངས་ཤིང་གཙང་བའི་བྱིས་པ་དེའི་སེམས་ལ་ན་ཟུག་ཆེན་པོ་བསླངས་འདུག ཡིན་ཀྱང་སྲིད་ཚབ་ཀྱིས་ཁོང་རང་གི་གཅེས་ཕྲུག་ངོ་མ་ལྟར་བྱམས་དང་བརྩེ་བའི་དྲིན་གྱིས་བསྐྱངས་ཤིང་མན་ཊེ་ལའི་སློབ་གསོར་དོ་སྣང་ཤུགས་ཆེན་གནང་གི་ཡོད།

སྔ་རྗེས་སུ་ལྷོ་ཧྥེ་སློབ་ཆེན་ནས་རྩོམ་རིག་གི་བསླབ་གནས་ཐོབ་ལ། དེ་རྗེས་དགོད་བྲོ་བའི་གནས་ཚུལ་ཞིག་གི་རྐྱེན་ལས་སྤྱི་ལོ་ ༡༩༤༣ ལོར་ཝེ་ཐེ་ཝ་ཁྲར་སེ་ཁྲན་ཊ་སློབ་ཆེན་④དུ་ཁྲིམས་ལུགས་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་བ་དང་། ཁོང་ནི་ཁྲིམས་ལུགས་སློབ་གླིང་གི་མི་རིགས་ནག་པོའི་སློབ་མ་གཅིག་པུ་དེ་རེད། ཁྲིམས་ལུགས་ཆེད་ལས་ལ་ཐོས་བསམ་རྒྱ་ཆེར་གནང་བ་དང་བསྡོངས་ནས་ཡིད་སྐྱོ་བའི་མི་རིགས་ནག་པོའི་ལས་དབང་དང་དྲང་སྙོམས་བྲལ་བའི་ལམ་ལུགས་དེ་དངོས་འབྲེལ་དྲང་འབྲེལ་མིག་སྔོན་མོའི་མཐོང་ལམ་དུ་གསལ་བས། མན་ཊེ་ལའི་སེམས་ཀྱི་མཐིལ་དུ་སྨག་ནག་པའི་འཇིག་རྟེན་འདི་ཕར་ལ་བསྐྲད་ནས་མི་རིགས་ནག་པོ་ཚོར་བདེན་པའི་སྐྱ་རེངས་ཤིག་བསུ་དགོས་སྙམ་པའི་ཕུགས་རེ་ཞིག་ག་ལེ་ག་ལེར་འཆར་བཞིན་ཡོད།

ཡིན་ཀྱང་། སྐབས་དེ་དུས་མི་རིགས་དཀར་པོས་དབང་སྒྱུར་བྱས་ནས་ལོ་མང་སོང་ཞིང་ཕྱི་ནས་ལྟས་ཚོད་ལ་སྲིད་དབང་སྲ་ཞིང་བརྟན་པར་ཚུགས་ལ། མི་རིགས་དཀར་པོའི་ལྟ་བར་རིགས་རྒྱུད་ཟུར་བཀར་ནི་ལུགས་མཐུན་གྱི་རིང་ལུགས་ཤིག་ཡིན་ཞིང་མི་རིགས་ནག་པོ་ཚོའི་སེམས་ནང་དེ་ནི་འགྱུར་བ་མེད་པའི་ལས་དབང་ཞིག་ཏུ་སྙམ་ཡོད། དེ་འདྲའི་གདུག་རྩུབ་ཀྱི་དབང་སྒྱུར་འོག་ནས་མི་རིགས་ནག་པོ་ཚོར་བཅིངས་གྲོལ་གཏོང་རྒྱུ་ནི་ཕོ་གསར་གྱི་ཁྱི་ངར་ཙམ་གྱིས་ཅི་ཡང་བསྒྲུབ་མི་ཐུབ་ལ། བུད་མེད་ཀྱི་ངུ་ལབ་ཁོ་ནས་གང་ཡང་མི་ཕན།

འདི་འདྲའི་དངོས་ཡོད་ཀྱི་སྤྱི་ཚོགས་མདུན་དུ། རྣོ་ལྕགས་ལས་དབལ་ངར་བའི་བློ་སྤོབས་དང་། ནམ་མཁའ་ལས་དཔངས་མཐོ་བའི་རྣམ་དཔྱོད་ཀྱི་གྲོགས་དན་དགོས་ལ། འདི་འདྲའི་རླབས་ཆེན་གྱི་ཕུགས་བསམ་ཞིག་མངོན་དུ་འགྱུར་དགོས་ན། ཟླ་བ་ནས་ཟླ་བ་སྤུངས་པའི་འབད་འཐབ་དགོས་ལ། ལོ་ངོ་ནས་ལོ་ངོ་བརྩེགས་པའི་སྡུག་རུས་ནི་ཅིས་ནས་ཀྱང་མཁོ།

སྐབས་དེ་དུས། ཁོང་ནི་ཚོ་དཔོན་གྱི་བུ་རྒན་ཤོས་ཡིན་པས། ཚོ་དཔོན་གྱི་རྒྱུན་འཛིན་མཁན་དུ་གཏན་འཁེལ་བྱས་ཀྱང་། གཤིས་ཀ་གྱོང་ལ་ཕུགས་བསམ་བརྟན་པའི་མན་ཊེ་ལ་ནི་གཉའ་གནོན་འོག་གི་ཚོ་པའི་འགོ་དཔོན་ཞིག་གཏན་ནས་བྱ་མི་འདོད་པར། འཐབ་འཛིང་པ་ཞིག་གི་མིང་ཐོག་ནས་མི་རིགས་བཅིངས་འགྲོལ་གྱི་འགྲོ་ལམ་ཐོག་བློ་ཐག་རྦདབཅད་ཀྱིས་སྐྱོད་ཀྱིན་འདུག གྲོགས་པོའི་ཤུགས་རྐྱེན་འོག ༡༩༤༤ ལོར་ཧྥེ་མིའི་རྒྱལ་འབངས་ལྷན་ཚོགས་⑤ནང་ཞུགས་པ་དང་། དུས་དེ་ནས་བཟུང་ཁོང་གི་ཆབ་སྲིད་ཀྱི་འཚོ་བ་དབུ་ཚུགས་པ་རེད། སྤྱི་ལོ་ ༡༩༥༢ ལོར་ཁོང་དང་གྲོགས་པོ་ཞིག་མཉམ་དུ་ལྷོ་ཧྥེའི་ཆེས་ཐོག་མའི་མི་རིགས་ནག་པོའི་ཁྲིམས་རྩོད་པའི་ལས་དོན་ཁང་ཞིག་གསར་དུ་བཙུགས་པ་དང་། དེ་དང་མཉམ་དུ་ཁོང་གི་གོ་གནས་ཀྱང་རིམ་བཞིན་ཡར་ལ་འཕགས། ལོ་དེའི་ལོ་མཇུག་ཏུ་ཁོང་གིས་ “དྲང་སྙོམས་བྲལ་བའི་བཀའ་ཁྲིམས་རྡོག་པས་རྫིས་” ཞེས་པའི་བྱ་འགུལ་ཞིག་སྒྲིག་འཛུགས་གནང་བ་དང་དབུ་ཁྲིད་ནས་ལེགས་གྲུབ་བྱུང་བས་མི་རིགས་ནག་པོས་བརྩི་བཀུར་ཆེན་པོ་ཐོབ་པ་རེད།

ཚོད་བགམ་དང་འགྲན་སློང་མང་པོའི་མདུན་དུ་བསམ་བློ་དྲུག་གསུམ་བཅོ་བརྒྱད་མི་གཏོང་རང་གཏོང་ཡིན་དུས། མཚོན་ཆ་ཁབ་ཙམ་ཡང་མེད་པའི་མི་དམངས་དང་གཏུམ་སྤྱོད་ཀྱི་དྲག་གནོན་བྱེད་པའི་སྲིད་གཞུང་གཉིས་བར་ལ་ཞི་བདེ་དང་འཚེ་བ་མེད་པའི་ཐབས་ལམ་ཁོ་ནས་གྲུབ་འབྲས་ཐོབ་ཨེ་ཡོང་ངམ་སྙམ་པའི་དོགས་འདྲི་གལ་པོ་ཆེ་དེས་ཁོང་གི་ཟས་ཀྱི་བཅུད་དང་ཉལ་བའི་གཉིད་ཀྱང་འཕྲོག་གིན་ཡོད། མཐར་ཁོང་གིས་ཧྥེ་མིའི་རྒྱལ་འབངས་ལྷན་ཚོགས་དམག་དོན་སྒྲིག་འཛུགས–མི་རིགས་ཀྱི་མདུང་མོ་ཆེ་ཞེས་པ་ཞིག་གསར་འཛུགས་གནང་ཞིང་ཁོང་རང་གིས་སྤྱི་ཁྱབ་དམག་སྤྱིའི་འགན་བཞེས།

 ༡༩༦༢ ལོའི་ནམ་མཁར་སྤྲིན་ནག་ལང་ལོང་དཀྲིགས་པའི་ཉིན་མོ་ཞིག་ལ། ལྷོ་ཧྥེའི་ཁྲིམས་ཁང་གིས་དགུང་གྲངས་ ༤༣ ལ་ཕེབས་པའི་མན་ཊེ་ལ་འཛིན་བཟུང་བྱས་ཤིང་སྲིད་གཞུང་མགོ་རྟིང་སློག་པའི་ལྐོག་ཇུས་བཤམས་པ་སོགས་ཀྱི་ཉེས་མིང་ཐོག་ནས་མི་ལོ་ ༢༧ བཙོན་འཇུག་བྱས་སོང་།

ཀློག་པ་པོ་ལགས། གལ་སྲིད་ཁྱེད་རང་བགྲང་བྱ་ ༢༧ བཙོན་དུ་བཅུག་ན། ཕལ་ཆེར་ཁྱེད་ཀྱི་ཕུགས་འདུན་གྱི་ས་བོན་ཡང་རུལ་མི་ཡོང་ངམ། ཁྱེད་ཀྱི་སྙིང་སྟོབས་ཀྱང་ཟད་མི་ཡོང་ངམ། ཡིན་ཀྱང་། མན་ཊེ་ལའི་དཔའ་སྙིང་ནི་རྣོ་ལྕགས་ཀྱི་དབལ་ལྟར་རྡར་བཞིན་རྡར་བཞིན་རྣོ་ནས་རྣོ་རུ་གྱུར་ལ། མན་ཊེ་ལའི་ཆོད་སེམས་ནི་ཁྲོ་ཆུའི་རྩིག་རྨང་བཞིན་གོ་ལ་འདི་ན་མི་འགྱུར་བརྟན་པོར་འགྲེང་འདུག ཁོང་གིས་རང་གི་གནས་བབ་དང་ལས་དབང་ནི་སྤྲིན་པ་ནག་པོས་བརྒྱབ་པའི་ལྷན་པ་མིན་པར་ཡིད་རྟོན་འཆའ་ཞིང་སྤྲོ་སྣང་གིས་དངོས་ཡོད་འཚོ་བར་ཁ་གཏོད་ཡོད་དེ། བཙོན་ཁང་ནང་དུ་ཡང་ཉིན་ལྟར་རང་གནས་གོམ་རྩེག་སྐར་ ༤༥ དང་། གན་ཉལ་སྟོད་ལངས།⑥ ཁ་སྦུབ་ཡར་བཀན་⑦སོགས་ཀྱི་ལུས་རྩལ་རྒྱུན་འཁྱོངས་གནང་ནས་སྐུ་གཟུགས་ལ་སྦྱོང་བརྡར་གནང་གིན་ཡོད། ཡུན་རིང་ལ་ཁེར་རྐྱང་གི་ལོ་ཟླའི་ནང་དུ། ཁོང་གིས་རང་གི་མི་དམངས་ལ་རང་དབང་ཐོབ་པའི་འདོད་འདུན་དེ་མི་རིགས་དཀར་པོ་དང་མི་རིགས་ནག་པོ་ཚུད་པའི་སྐྱེ་འགྲོ་ཀུན་ལ་རང་དབང་ཐོབ་ན་སྙམ་པའི་ཐུགས་བསྐྱེད་དུ་གྱུར། རེད་ཨང་། བདེ་ཐང་དང་། སྙིང་སྟོབས་ཞེས་པའི་ཐ་སྙད་གཉིས་ལ་གས་ཆག་མི་བྱུང་ན། སྐབས་ཤིག་རིང་གནས་བབ་ཅི་རུ་ལྷུང་རུང་ཡར་ལངས་བའི་དུས་ཤིག་ཏན་ཏན་ཤར་ཡོང་ངེས་རེད།

ཏག་ཏག་དགུང་ལོ་ ༢༧ རྗེས་ཀྱི་ཉིན་མོ་ཞིག རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ཀྱི་གནོན་ཤུགས་འོག ལྷོ་ཧྥེ་སྲིད་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མན་ཊེ་ལ་བཙོན་གྲོལ་གཏོང་དགོས་བྱུང་། བཙོན་ཁང་ནང་ནས་མན་ཊེ་ལ་ངར་ཤུགས་ཆེ་བའི་འཐབ་རྩོད་པ་ཞིག་ནས་དཀྱེལ་ཡངས་དང་། བཟོད་པ། རུང་བསྟུན་བཅས་ཀྱིས་བརྒྱན་པའི་དབུ་ཁྲིད་ཅིག་ཏུ་རིམ་བཞིན་འཕོ་འགྱུར་བྱུང་བ་མ་ཟད། རང་དབང་དང་འདྲ་མཉམ་བརྩོན་ལེན་བྱེད་པའི་བློ་སྤོབས་དེ་བས་ཇེ་བརྟན་དུ་སོང་འདུག་སྟེ། ཁོང་གིས་ “ངས་རང་གི་མི་ཚེ་ལྷོ་ཧྥེ་མི་དམངས་ཀྱི་འཐབ་རྩོད་ནང་བློས་བཏང་ཟིན། ངས་མི་རིགས་དཀར་པོའི་རིགས་རྒྱུད་ཀྱིས་དབང་བསྒྱུར་བྱེད་པར་འཐབ་རྩོད་བྱ་རྒྱུ་ཡིན་ལ། དེ་བས་མི་རིགས་ནག་པོས་སྒེར་གཅོད་བྱ་བར་འཐབ་རྩོད་བྱ་ངེས་ཡིན། ངས་དམངས་གཙོ་དང་རང་དབང་གི་སྤྱི་ཚོགས་ཤིག་འཛུགས་པའི་ཕུགས་འདུན་ཡིད་ལ་འཆང་ཡོད་དེ། སྤྱི་ཚོགས་དེའི་ནང་མི་རྣམས་འཆམ་མཐུན་མཉམ་གནས་ངང་འཚོ་ཞིང་གོ་སྐབས་ཚང་མ་འདྲ་མཉམ་ཡིན་དགོས། ཕྲན་རང་ཕུགས་འདུན་འདི་འདྲ་ཞིག་མངོན་དུ་འགྱུར་བའི་ཆེད་འཚོ་བཞིན་ཡོད། ཡིན་ཀྱང་གལ་སྲིད་དགོས་པ་བྱུང་ཚེ། ངས་རང་གི་ཚེ་སྲོག་རྟ་རྔ་ཙམ་དེ་འབུལ་རྒྱུའི་གྲ་སྒྲིག་བྱས་ཟིན་” ཞེས་གསུངས། བཙོན་གྲོལ་བྱུང་རྗེས་ཞེ་འཁོན་དང་ཁོང་ཁྲོ་ཡོད་ཚད་མཆིལ་མའི་ཐལ་བ་ལྟར་དོར་ནས། བྱམས་བརྩེ་དང་། ལྷག་བསམ། འཛུམ་དཀར་གྱིས་མུ་མཐུད་མཛད་འཕྲིན་གྱི་འཕྲོ་སྐྱོང་བའི་ལམ་དུ་བཞུགས་པ་རེད་ལ། ཁོང་གིས་མཁྱེན་ཡངས་ཀྱི་རྣམ་དཔྱོད་དང་སྙིང་བརྩེའི་ཐུགས་རྒྱུད་ནི་བསམ་གྱིས་མི་ཁྱབ་པའི་ཚན་སྡེབ་ཅིག་ཡིན་པར་ཡིད་ཆེས་སྔར་བས་ཇེ་ཟབ་ཏུ་ཕྱིན།

ཧང་སངས་དགོས་པའི་ཐུགས་སྟོབས་དང་། མི་ཕྱེད་པའི་ཆོད་སེམས་སོགས་ཀྱི་ཉེར་ལེན་ལས། ༡༩༩༡ ལོར། ལྷོ་ཧྥེ་མི་རིགས་དཀར་པོའི་སྲིད་གཞུང་གིས་རིགས་རྒྱུད་བཟུར་བཀར་ལམ་ལུགས་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས། མཇུག་ཏུ་མན་ཊེ་ལ་གཙོས་པའི་ལྷོ་ཧྥེའི་མི་རིགས་ནག་པོས་ཡུན་རིང་ཞུམ་པ་མེད་པའི་འཐབ་རྩོད་ལ་བསྟེན་ནས་རིགས་རྒྱུད་འདྲ་མཉམ་ཡིན་པའི་ལྷོ་ཧྥེའི་རྣམ་པ་གསར་པ་འཛམ་གླིང་མི་དམངས་ཀྱི་་མིག་གི་དགའ་སྟོན་དུ་བཤམས་པ་རེད་ལ། སྤྱི་ལོ་ ༡༩༩༤ ལོར་རྒྱལ་ཡོངས་ཀྱི་རིགས་རྒྱུད་མང་པོའི་འདེམས་བསྐོ་ཆེན་མོ་བརྒྱུད་ནས་ཁོང་རང་ཡང་དངོས་སུ་ལྷོ་ཧྥེའི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མར་གྱུར་འདུག

སྐྱེས་བུ་ཞིག་གི་བྱ་གཞག་ལེགས་གྲུབ་བྱུང་དུས། བསྟོད་བསྔགས་ཀྱི་མེ་ཏོག་བར་མེད་གཏོར་བ་ནི་མི་གཤིས་ཀྱི་ཁྱད་ཆོས་ཡིན་པས། མན་ཊེ་ལའི་ཕུགས་བསམ་མངོན་དུ་གྱུར་སྐབས། ཕྱོགས་སོ་སོ་ནས་ཡི་རངས་ཤིན་ཏུ་ཆེན་པོ་བྱེད་ལ་དེའི་ཁྲོད་སྔོན་ཆད་ཀྱི་ངོ་རྒོལ་པ་ཡང་ཡོད།

དེ་རྗེས་ཀྱི་མི་ལོ་ ༤༠ ཙམ་གྱི་རིང་ལ། ཁོང་ལ་གཟེངས་བསྟོད་བརྒྱ་ལྷག་ཐོབ་ཅིང་དེའི་ཁྲོད་ནས་སྙན་གྲགས་ཆེ་ཤོས་ནི་ ༡༩༩༣ ལོར་ཐོབ་པའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་དང་། སྤྱི་ལོ ༢༠༠༥ ལོར་རླབས་ཆེ་ཤོས་ཀྱི་ལྷོ་ཧྥེའི་མི་རུ་བདམས་པ་རེད།

དེ་ཚོ་ལས་ཀྱང་རིན་ཐང་ཆེ་ཞིང་རླབས་ཆེ་བ་ནི་ལྷོ་ཧྥེའི་མི་དམངས་ལ་རང་དབང་དང་་འདྲ་མཉམ་གྱི་ཕ་གཞིས་ཤིག་བསྐྲུན་པ་དེ་རེད་ལ། དེ་ནི་ཁོང་གི་ཚེ་སྲོག་གི་ཤོག་ལྷེའི་ངོས་སུ་འོད་མདངས་ཆེམ་ཆེམ་དུ་གསལ་བའི་ “མི་ཚེའི་རིན་ཐང་” ཞེས་པའི་ཐ་སྙད་དེ་འབྲི་བའི་གསེར་ཞུན་རེད་འདུག་ཨང་། དེ་ནི་ཕུགས་བསམ་གྲུབ་པའི་འགྲུལ་བཞུད་ཅིག་དང་། དེ་ནི་རིན་ཐང་ལྡན་པའི་འགྲུལ་ལམ་ཞིག་ཡིན།

①ལྷོ་ཧྥེ། 南非 South africa
②ནེལ་སོན·མན་ཊེ་ལ། 纳尔逊 曼德拉 Nelson Mandela
③ཁྲ་རན་སེ་ཁེ། 特兰斯凯 Transkei
④ཝེ་ཐེ་ཝ་ཁྲར་སེ་ཁྲན་ཊ་སློབ་ཆེན། 威特沃特斯兰德大学University of the Witwatersrand
⑤ཧྥེ་མིའི་རྒྱལ་འབངས་ལྷན་ཚོགས། 非国大 African national congess
⑥གན་ཉལ་སྟོད་ལངས། 仰卧起坐 Sit up
⑦ ཁ་སྦུབ་ཡར་བཀན། 俯卧撑 Push up

«ལེགས་གྲུབ་ཀྱི་ལམ་»ལས་བཏུས།

ཡོང་ཁུངས་བོད་ནང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading