བན་ཤུལ་དཔལ་མཁར་རྒྱལ།
ཨེ་ཤར་དབུས་རྒྱུད་ཀྱི་ས་ཡི་དཀྱིལ་འཁོར་ལ།།
མངའ་བསྒྱུར་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།།
ཞི་དྲག་ཐབས་ཀྱིས་འདྲེན་པའི་ཞང་བློན་དཔུང་།།
བཀའ་རྟགས་ཕྱག་རྒྱའི་དབུས་ན་སོ་སྒྲ་འཆའ།།
དེ་ཡི་བྱུང་བ་མདའ་གཞུའི་ཁྲག་ཡིག་ཅན།།
སྙིང་གི་ཤེས་པ་འཕྱོ་བའི་ཟིལ་ཤུགས་འབུམ།།
ཤར་ཕྱོགས་མི་སྡེའི་སྤུ་ཡི་རྒྱལ་ཁམས་ཀྱི།།
གཞོན་རབས་སྡེ་ལ་ཅུང་ཟད་ངོམ་པར་རེ།།

      སྤུ་རྒྱལ་བཙན་པོ་ན་རིམ་གྱི་སྐུ་དུས་སུ་བོད་ལ་སྲིད་སྐྱོང་གི་ལམ་ལུགས་འགྲན་ཟླ་བྲལ་བ་རེ་ཡོད་པ་སྨྲོས་མེད་ལགས་ནའང་། ད་ལྟ་འཇིག་པའི་ཆོས་ཅན་དེ་དག་ལས་ང་ཚོའི་མིག་ལ་སྣང་ཆེ་ཤོས་དེ་ནི”ཞང་བློན”ནམ་བསྟན་པ་ཕྱི་དར་གྱི་ཆོས་འབྱུང་དག་ལས”ཞང་བློན་གདུག་པ་ཅན”ཞེས་འབྱུང་བའི་ཐ་སྙད་འདི་རེད།
   ཞང་བློན་ཞེས་པའི་ཐ་སྙད་འདི་ལ་ཡིག་རྙིང་མཁན་པོར་གྲགས་པ་རྣམས་ཀྱིས་མའི་རུས་རྒྱུད་ཀྱི་ཕྱོགས་སུ་གཏོགས་པའི་བློན་པོ་ཞེས་བག་ཚ་མེད་པར་འགྲེལ་ནའང་རྣམ་པར་འཁྱམ་པ་སྟེ། དོན་ལ་ཆབ་སྲིད་ཀྱི་བློན་པོ་ཞེས་པའི་གོ་དོན་དུ་འཇུག་ཅིང་དེ་ལ་ཡིག་རྙིང་རྣམས་སུ”ཞང་ལོན”ཞེས་ཀྱང་བྲིས་ཡོད། མངའ་རིས་ཀྱི་ཆབ་སྲིད་གང་ཡོད་ལག་མཐིལ་དུ་ལོན་པའི་དོན་དུ་གོ་བར་རིགས་ཏེ་དཔྱད་པར་འཚལ། གང་ལྟར་བློན་དང་ལོན་དང་བླངས་སོགས་ནི་ཐ་སྙད་ཀྱི་གཞི་རྩ་གཅིག་ནས་འཕོས་པའི་ཡན་ལག་གི་དོན་སྟོན་པ་འགའ་རེ་ཡིན་པས་དོན་ལ་འགལ་བ་ཆེར་མེད་དམ་སྙམ།
   འོ་ན་ཞང་བློན་ཞེས་པའི་དོན་ཅི་ཡིན་ནམ་ཞེ་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ལས”ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ”ཞེས་དང་། ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ལས”ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ”ཞེས་པའི་གོ་དོན་གྱི་འཇུག་ཡུལ་དེ་ཡིན། དེས་ན་ཞང་བློན་ནི་མངའ་རིས་གཅིག་གྱུར་ལ་བཀའི་གདུགས་དཀར་པོ་ཡུག་གཅིག་གིས་ཁྱབ་པའི་བཙན་པོའི་བཀའ་ལུང་སྤྱི་བོར་ལེན་ཞིང་། བཀའ་དེ་ལ་བརྟེན་ནས་མངའ་རིས་དང་མཐའ་བཞིའི་རྒྱལ་ཕྲན་སོགས་ཕྱིའི་དགྲ་བཏུལ་བ་དང་ནང་གི་ཚགས་སྙོམས་པ་ལ་དོན་བྱེད་པའི་རིགས་ཅན་ལ་བྱ་བ་ཡིན།
དེ་ལྟར་ཞང་བློན་ནི་ཆོས་སྲིད་གཉིས་ཀྱི་ཐབས་ལམ་གང་ལ་བརྟེན་ནས་བཙན་པོའི་མཛད་འཕྲིན་སྒྲུབ་མཁན་ཡིན་པར་འདོད་ན། ཆབ་སྲིད་གཙང་མ་ལ་བརྟེན་ནས་དོན་བྱེད་པ་ལས་ཆོས་ཀྱི་དོན་སྙིང་ཏིལ་འབྲུ་ཙམ་ཡང་ཁས་ལེན་མི་བྱེད་པའི་རིགས་ལ་གཏོགས་པ་སྟེ། དེའི་ཕྱིར་བསྟན་པ་ཕྱི་དར་གྱི་སེར་མོ་བའི་ཆོས་འབྱུང་ཁག་ནའང་ཞང་བློན་གདུག་པ་ཅན་ཞེས་པའི་ངན་པའི་ཚད་དུ་འདེད་པ་དེ་རེད། ཡིན་ནའང་འཛམ་གླིང་སྤྱི་བྱེའི་གནས་ཚུལ་གང་ལ་གཞིགས་ཀྱང་ཆབ་སྲིད་པ་ཡང་དག་པ་ནི་ཀུན་གྱི་སྣང་ངོར་དེ་དེ་བཞིན་དུ་འཆར་བཞིན་ཡོད་པས་དེ་ལ་ཡ་མཚར་རྒྱུ་གང་ཡང་མེད་པ་ཡིན།
   བོད་ཀྱི་ཞང་བློན་རྣམས་ཀྱིས་རྒྱ་གར་ནང་བའི་ལྟ་གྲུབ་དང་དམིགས་བསལ་སྐྱེ་བ་སྔ་ཕྱི་སོགས་གང་ཡང་ཁས་ལེན་མེད་ཅིང་གཙོ་བོ་འཇིག་རྟེན་འདིའི་དགྲ་འདུལ་གཉེན་སྐྱོང་གི་དོན་བྱ་དེ་གཙོ་བོར་འཛིན་བཞིན་ཡོད། བོད་ཀྱི་བཙན་པོས་ཀྱང་ཞང་བློན་རྣམས་ལ་ཆོས་སློབ་མི་དགོས་པའི་དམིགས་བསལ་གྱི་གོ་ཐོབ་སྤྲད་ཡོད་པ་ནི། དཀར་ཆུང་རྡོ་རིང་ལས། “བཙན་ཕོ་དབོན་སྲས་སྐུ་ཆུང་ངུར་བཞུགས་པ་མན་ཆད། ཆབ་སྲིད་ཀྱི་མངའ་བདག་མཛད་པ་ཡན་ཆད་ཀྱང་དགེ་སློང་ལས་དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་ཆུད་དུ་སླབ”ཞེས་པ་ལས་ཤེས་པར་འགྱུར་ལ། མཐའ་བཞིའི་རྒྱལ་ཕྲན་གྱི་འདུལ་བཅོམ་དང་མངའ་རིས་མཐའ་སྲུང་སོགས་ཕྱི་ནང་གི་ཆབ་སྲིད་གནས་ཚུལ་གང་ཡིན་རྣམས་བཙན་པོས་ཀྱང་ཞང་བློན་རྣམས་ལ་བློ་འདྲི་དགོས་སྟབས”མདུན་ན་འདོན”ཞེས་པའི་གོ་དོན་དེ་བྱུང་ཞིང་དེའི་དོན་དུ་རྒྱལ་བའི་མདུན་ན་ཆབ་སྲིད་ཀྱི་བློ་གྲོས་འདོན་མཁན་ལ་གོ་བར་རིགས་སོ།།
ཞང་བློན་རྣམས་ལའང་གསེར་དངུལ་གྱི་ཡི་གེ་སོགས་གོ་ཐོབ་རིམ་ཅན་དུ་ཡོད་པ་ཞིག་སྟེ། ཞང་བློན་ཆེན་པོ་རྣམས་ནི་བློན་ཀ་བའི་རིགས་སུ་གཏོགས་པ་སྟེ་ཡིག་རྣམས་སུ་”བློན་ཀ”ཞེས་ཀྱང་སྦྱོར་སྲོལ་ཡོད། དེ་རྣམས་ནི་བཙན་པོ་དང་ཐད་ཀར་ཐུག་འཕྲད་བྱས་ཆོག་ཅིང་མངའ་རིས་ཀྱི་དོན་བྱ་གང་ཡིན་ལ་བཀའ་ཕབ་ནས་ཕྱག་རྒྱ་བཀྱེ་བའི་དབང་ཆ་ཡོད་པ་ཡིན་ལ་གྲོངས་དུས་སུ་བང་སོ་བརྩིགས་པའི་གོ་ཐོབ་ཀྱང་ཡོད་པ་ཡིན། མདོར་ན་ཞང་བློན་ནི་བོད་ཀྱི་བཙན་པོའི་དུས་ཀྱི་ཆབ་སྲིད་པ་ངོ་མ་དེ་ཡིན་ཞེས་བཤད་འདོད་པ་མཐར་ཐུག་གི་དམིགས་བྱ་ཡིན།
   ཕྱི་ལོ༢༠༡༥/༧/༢༥/ལ་ཡུལ་དབུས་ལྷ་སར།   
ངེད་དྲ་ཚིགས། 

One thought on “བོད་ཀྱི་ཞང་བློན་ཆེན་པོ། (བོད)

  1. ཟླ་བ ཕྱི་ལོ། ༢༠༡༦ ཟླ། ༠༧ ཚེས། ༢༩ at ༤:༣༧ am

    ཞང་བློན་ཞེས་པ་ནི།་་་་དགལ་ལྡན་ཕོ་བྲང་སྐབས་སུ་ཡབ་གཞིས་བཅས་ཡོད་པ་ལྟར།་་་་བཙན་པོ་སྐབས་སུ་བཙུན་མོ་དང་མ་ཡུལ་གྱི་ཁྱིམ་རྒྱུད་ཡིན་པ་དག་ཞང་ཚང་ཡིན་ཞིང་།་་་ཞང་ཚང་གི་བློན་པོ་ཁག་གི་མིང་གོང་ལ་ཞང་བཅས་འབོད་བ་ནི་གནས་བབ་དམིགས་གསལ་ཡོད་པ་མཚོན་ཞིང་།་་་་་དེ་མིན་སྤྱི་བཏང་གི་བློན་པོའི་མིང་གོང་ལ་བློན་བཅས་དཔེ་ན་བློན་རྟོན་བཙན་ལྟ་བུ།་་་་་དེ་ཚོ་ཚང་མ་ལ་ཞང་བློན་བཅས་བྲིས་པ་ལས་ཆོས་ལ་ཁས་ལེན་མིན་མཚུངས་གྱི་མེད་དོ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading