༼འདས་པོ་ཁ་བ་སྙིང་ལྕགས་ལ་ཕུལ།༽        

སྨྱུག་མདའ། 

ཁ་བ་མཚོ་ལ་ནུབ་སོང་།།
མཚོ་མོ་འཁྱགས་པས་བསྡམས་སོང་།།
ང་ཡིས་སེམས་པ་འཁྲེངས་སོང་།།
སེམས་ཀྱིས་མིག་ཆུ་བཞུར་སོང་།།

རྣམ་ཤེས་རྩ་ཐིག་དཀར་པོ།།
བློ་བྱམས་དྲོད་ལ་སྦྱར་ཡོད།།
འོད་ཀྱི་གཤོག་པ་རེ་ཡང་།།
ཁྲི་ཤོར་རྒྱལ་མོས་འཕྲོག་སོང་།།

ཚིག་གི་རུ་མ་ཆགས་པའི།།
ཁ་བའི་བརྡ་རྟགས་རྒོད་པོ།།
ཉྭ་བ་ཕར་ཕར་བདས་ཀྱང་།།
ཚེ་ཡི་འཕྲོ་འདུ་བཅད་སོང་།།

ཉམ་ཆུང་ཉྭ་མོ་བསྐྱབ་ཆེད།།
སེམས་དཔའི་རྟུལ་ཞུགས་བླངས་པ།།
མི་མངོན་ནམ་མཁའི་དབྱིངས་སུ།།
མདང་ནུབ་འཇའ་བཞིན་ཡལ་སོང་།།

སྣོད་བཅུད་སྲུང་ཁྲིམས་བསྒྲགས་པའི།།
དཔོན་པོའི་གོ་སར་མེད་ཀྱང་།།
མཚོ་མོའི་སྐྱེ་ཁམས་སྲུང་ཆེད།།
ཁ་བ་མཚོ་ལ་འཛུལ་སོང་།།

རྐུབ་སྟེགས་མཐོ་པོའི་སྟེང་གི།
མིང་བྱང་རྫིག་པོ་ཅན་ཚོ།།
ཁོར་ཡུག་གནོད་ཚེ་ཕོག་དུས།།
མཐོང་རྒྱུ་ཡེ་ནས་མི་འདུག།

མུན་ནག་རུམ་ལ་བླུགས་པའི།།
དཔོན་པོ་བཙན་ཤེད་ཅན་པོས།།
ཚོང་བའི་ཧམ་ཤ་འཇུས་ཏེ།།
མཚོ་ངོགས་སྐམ་དུ་བཅུག་སོང་།།

ན་ནིང་རྙེད་པའི་ཁ་བ།།
ཡིག་ཆུང་ནང་གི་སྙིང་ལྕགས།།
བདག་གི་བྱ་ཁྱུའི་གཤོག་པ།།
མཚོ་མོའི་གཏིང་ལ་འཐིམ་སོང་།།

ད་ནི་གཡུ་ཡི་མེ་ལོང་།།
ཁྱེད་ཀྱི་རྗེས་དྲན་ཆགས་ཡོད།།
ཁྱེད་ཉིད་མཐའ་སྲུང་ཆགས་ཡོད།།
མཐའ་ཡི་རྡོ་རིང་ཆགས་ཡོད།།

༢༠༡༥ ༦ ༢༧  ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading