ཐེངས་ཤིག་ཨ་ཁུ་སྟོན་པ་ཞོགས་པ་སྔ་པོ་ནས་གཙང་པོའི་ཕ་རོལ་ཏུ་བསྐྱོད་དགོས་པར་བརྟེན། གཙང་པོའི་འགྲམ་དུ་བསྐྱོད་ནས་གྲུ་གཏོང་མཁན་ལ་གྲུ་དེ་གཏོང་རོགས་ལབ་པས། གྲུ་གཏོང་མཁན་དེས་ “ཁྱེད་རང་ལ་གྲུ་གླ་སྤྲོད་རྒྱུ་ཨེ་ཡོད།” ཅེས་དྲིས་པས་ཨ་ཁུ་སྟོན་པས། “ཡོས་ཡོད་” ཅེས་ལབ་པས་གྲུ་པ་དེས་ལམ་སེང་གྲུ་བཏང་བ་དང་། ཆུའི་ཕ་རོལ་ཏུ་སླེབས་ཁར་ཨ་ཁུ་སྟོན་པས་རང་ཉིད་ལ་ཡོད་པའི་ཡོས་དེ་ནས་གྲུ་གཏོང་མཁན་དེར་སྦར་མོ་འགའ་ཤས་སྤྲད། གྲུ་པ་དེས་ཀྱང་ཡོས་རྣམས་བཟས། དེ་ནས་ཨ་ཁུ་སྟོན་པ་གཙང་པོའི་ཕ་རོལ་དུ་སླེབས་ རྗེས་གྲུ་པ་དེས། “ད་གྲུ་གླ་ཁྱེར་ཤོག” ལབ་པས་ཨ་ཁུ་སྟོན་པས། “གྲུ་གླ་གང་འདྲ་ཞིག་ཕུལ་དགོས་རེད་དམ། ད་གིན་དངུལ་ཡོད་མེད་བཀའ་དྲི་གནང་བྱུང་བས་ངས་ཡོས་ཡོད་ཞུས་པ་ལས་དངུལ་ཡོད་ཞུས་མེད། འོན་ཀྱང་ཁྱེད་ཀྱིས་གྲུ་བཏང་བྱུང་བས་ངའི་སེམས་པར་གྲུ་གླ་ཡོས་སྤྲད་ན་འགྲིག་ གི་ཡོད་པ་འདྲ་བསམས་བྱུང་། ཡོས་ནི་ཕུལ་ཟིན་པ་ཡིན། ད་ང་ལ་གང་ཡང་ཕུལ་རྒྱུ་མེད་”ལབ་པར། གྲུ་གཏོང་མཁན་དེ་གང་ཡང་ལམ་རྒྱུ་མ་རག་པོར་ལུས་སོ།


ཕ་བོང་སྤོས་པ།

                  ཨ་ཁུ་སྟོན་པ་གྲུ་ཁ་དེ་ནས་ཐོན་པ་ནས་སང་ཉིན་ཞོགས་པ་བར་ལྟོ་ཆས་ཟ་རྒྱུ་མ་རག་པར་ལུས་ཏེ་གྲོད་པ་ལྟོགས་བསྡད་ཡོད་པའི་སྐབས་དེར། ཞིང་པ་ཞིག་ཉིན་དགུང་གི་ཁ་ལག་ཟ་བཞིན་ཡོད་པ་མཐོང་། ཁོང་ཚོའི་ཞིང་ཁའི་དཀྱིལ་དེར་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེར་ཨ་ཁུ་སྟོན་པས་ལྟ་ཙམ་བྱས་ནས། རང་ཉིད་ཤུགས་ཆེན་པོ་ཡོད་ཁུལ་གྱིས། “ཞིང་པ་ཚོ། ཁྱེད་ཚོས་ཕ་བོང་ཆེན་པོ་འདི་ཕྱིར་མ་བཏོན་པ་ཅི་ཡིན། གལ་ཏེ་ཕ་བོང་འདི་ཕྱི་རུ་བཏོན་པ་ཡིན་ན་ཞིང་ཁར་ལོ་ཏོག་སྐྱེ་ཚད་མང་དུ་འགྲོ་བཟོ་འདུག” ཅེས་ལབ་པས། ཞིང་པ་རྒན་པ་ཞིག་ཡར་ ལངས་ཏེ། “ཁོང་ང་ཚོས་ཕ་བོང་འདི་ཕྱི་ལ་སྤོ་དགོས་བསམས་རུང་རྩ་བ་ནས་སྤོ་ཐུབ་ཀྱི་མི་འདུག” ཟེར་བར། ཨ་ཁུ་སྟོན་པས་ཕ་བོང་དེར་ལྟ་ཙམ་ཞིག་བྱས་ནས། “འདི་སྤོ་རྒྱུ་ལས་སླ་པོ་རེད། ངས་ཁུར་ནས་སྤོས་ཆོག་ཀྱང་ད་ལྟ་ང་གྲོད་པ་སྟོང་པ་ཡིན་” ལབ་པར། ཞིང་པ་ཚོས་ “འོ་ན་སྔོན་ལ་ཞལ་ལག་མཆོད་ཟེར་ནས་ཨ་ཁུ་སྟོན་པར་ལྟོ་ཆས་རྒྱགས་ཚད་སྤྲད། དེ་རྗེས་ཨ་ཁུ་སྟོན་པས་ཐག་པ་རིང་པོ་ཞིག་ཁྱེར་ནས། ཡ་་་་ད་འདི་ངའི་སྒལ་པར་སྐུར་ཤོག” ལབ། འོན་ཀྱང་ཚང་མས་སྐུར་ཐུབ་རྒྱུ་ལྟ་ཞོག་འགུལ་ཙམ་ཡང་བྱེད་མ་ཐུབ་པར་ལུས་པས། ཨ་ཁུས་འུད་ཤོབ་དང་བཅས། “ཁྱེད་རང་ཚོ་མི་མང་པོ་འདི་ཙམ་གྱིས་སྐུར་མ་ཐུབ་ན་ང་ལ་ཐབས་ཤེས་མི་འདུག ཡང་མིན་ན་ཁྱོད་ཚོས་ཁུར་ཐུབ་པ་འདུག་གམ། ངས་བསྐུར་ཆོག” ཅེས་ལབ་པར་ཁོ་ཚོ་ཚང་མ་ཁ་ཁུ་སིམ་མེར་བསྡད། དེ་ནས་ཨ་ཁུས་ “ད་ནི་ཐབས་ཤེས་རྫོགས་སོང་། ངས་ད་གིན་ཁྱེད་ཚོར་སྤོས་ཆོག་ལབ་པ་ཡིན། འོན་ཀྱང་ཁྱོད་ཚོས་སྐུར་མ་ཐུབ་ན་ང་ལ་ཐབས་ཤེས་མེད” ཟེར་ནས་ལོག་ཕྱིན་པར། ཁོ་ཚོ་གང་ཡང་ལབ་རྒྱུ་མ་རག་པར་ལུས་སོ།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading