སེམས་སེམས་བྱུང་གི་རྒྱུ་བ་དང་འབྲེལ་བའི་མྱོང་ཚོར་སྒྱུ་མའི་ལབ་བརྡོལ།

ཁ་བ་ཅན།

གཙོ་སེམས།
ཅི་ཡང་འཆར་ལ་གང་ཡང་གསལ་ནུས་པའི།།
དྭངས་གསལ་སེམས་ཀྱི་ཤེལ་དཀར་མ་མ་ལས།།
འཇིག་རྟེན་ཟང་ཟིང་རྒོད་པའི་ཞབས་རྗེས་སུ།།
ཇི་བཞིན་འབྲང་བའི་སེམས་བྱུང་འདི་ལྟར་འཕྲོས།།

ཀུན་འགྲོ་ལྔ།
བདེ་སྡུག་འདྲ་མིན་མྱོང་བའི་བྱེད་པོ་ལ།།
ཡིན་མིན་སྤུ་རིས་འབྱེད་པའི་འདུ་ཤེས་འཁྲི།།
རྣམ་རིག་གཡོ་འགུལ་བྱེད་པའི་སེམས་པ་ཞིག།
ཚོར་བའི་རྟེན་དུ་བཞེངས་པའི་རེག་པར་འདྲིས།།
ལེགས་ཉེས་གང་ལའང་གཏོད་པའི་ཡིད་བྱེད་བཅས།།
ཀུན་འགྲོ་སྤུན་ལྔ་རིག་པའི་མ་མར་འཁྱུད།།

ཡུལ་ངེས་ལྔ།
གང་ལའང་དོན་གཉེར་བྱེད་པའི་འདུན་པ་རུ།།
རིག་པའི་གཏད་སོ་འཛིན་པའི་མོས་པ་མཛེས།།
བརྗེད་ངས་གཉེན་པོར་གྱུར་པའི་དྲན་པ་དང་།
རྩེ་གཅིག་དམིཊ་པར་གཞོལ་བའི་ཏིང་འཛིན་བཅས།
ལེགས་ཉེས་འབྱེད་པའི་ཤེས་རབ་ཟླ་རུ་བཞེངས།།

དགེ་བ་བཅུ་གཅིག
རྙོག་བྲལ་ཡི་རང་དགེ་བའི་དད་པ་ནི།།
རང་དང་གཞན་གྱི་ཁ་ན་མ་ཐོ་བར།།
འཛེམས་བྱེད་ངོ་ཚ་ཤེས་དང་ཁྲེལ་ཡོད་བཅས།།
དུག་གསུམ་དངོས་ཀྱི་གཉེན་པོ་བསྒོམ་ན་འདོད།།
ལེགས་པའི་བྱ་བར་སྤྲོ་བའི་བརྩོན་འགྲུས་དང་།།
གནས་ངན་ལེན་གྱི་རྒྱུན་གཅོད་ཤིན་སྦྱངས་སོགས།།
ཉོན་མོངས་གནས་ལས་སྲུང་བའི་བག་ཡོད་ལྷན།།
བྱིང་རྒོད་ཉམས་པར་བྱེད་པའི་བཏང་སྙོམས་ཤིག།
རྣམ་པར་མི་འཚེའི་སེམས་དང་འགྲོགས་ན་སྙམ།

རྩ་ཉོན་དྲུག

ཟག་བཅས་ཡུལ་ལ་སྲེད་པ་རྒྱུ་ཞིང་སྨྱོ།།
རང་རྒྱུད་བརླམས་ཤིང་གནོད་པའི་ཁོང་ཁྲོ་འཁྲུགས།།
ཁེངས་ཤིང་མཐོ་སེམས་ང་རྒྱལ་སྐྱེ་ཉེན་ཆེ།།
ལས་ཉོན་ཀུན་གྱི་རྟེན་གྱུར་མ་རིག་པ།།
ཕྱིན་ཅི་ལོག་པའི་ལྟ་ངན་མཐིལ་དུ་ཟུག།
ལས་འབྲས་སོགས་ལ་ཡིད་གཉིས་ཟ་བའི་བློ།།
ཐེ་ཚོམ་ཉོན་མོངས་ཅན་གྱི་སེམས་འདིར་སྐྲག།

ཉེ་ཉོན་ཉི་ཤུ།

གནོད་པའི་ཐབས་ལ་སྦྱོར་བའི་ཁྲོ་བ་དང་།།
ཁོང་ཁྲོ་འདྲེན་ཞིང་མི་བཟོད་འཁོན་འཛིན་སེམས།།
ཀུན་སློང་ངན་པས་ཁ་ན་མ་ཐོ་འཆབ།།
འཁོན་འཛིན་སྔོན་དུ་སོང་ཞིང་ཚིག་རྩུབ་སློང་།།
གཞན་གྱི་ཕུན་ཚོགས་གཞོམ་འདོད་ཕྲག་དོག་རྒོད།།
རྙེད་དང་བཀུར་སྟིར་ཞེན་པའི་སེར་སྣ་མང་།།
སུ་ཞིག་རྨོངས་དང་བསླུ་བར་བྱེད་འདོད་པའི།།
གཡོ་སྒྱུའི་སྤུན་ཟུང་གཞན་ལ་གཏོང་ཉེན་འདུག།
རྒྱགས་པའི་འདུ་ཤེས་སྤོབས་པའི་ཉོན་མོངས་དང་།།
གང་ལའང་ཐོ་འཚམས་འདོད་པའི་འཚེ་བ་སོགས།།
བདག་གཞན་སོ་སོའི་ཉེས་སྤྱོད་སྣ་ཚོགས་པར།།
མི་འཛེམས་བསམ་པའི་ངོ་ཚ་ཁྲེལ་མེད་མངོན།།
སེམས་མུན་བབས་པས་རྨུགས་པ་བློང་བློང་པོར།།
དམིགས་པ་གཅིག་ལས་གཡོ་བྱེད་རྒོད་པ་བྲལ།།
ཡིད་ཆེས་འགལ་ཟླར་གྱུར་པའི་མ་དད་པ།།
དགེ་བར་ཞུམ་པའི་ལས་ཅན་ལེ་ལོར་བསྙེས།།
ངན་པར་སེམས་མི་སྲུང་ཞིང་བག་མེད་སྤྱོད།།
ལེགས་ཚོཊ་ཤོར་ཞིང་གཡེང་བའི་བརྗེད་ངས་འཐིབ།།
གང་ལའང་དཔྱོད་མིན་གྱ་ཚོམ་འཇུག་བྱེད་ཅིང་།།
དམིགས་པར་མི་གཏོད་འཕྲོ་བའི་རྣམ་གཡེང་འདུར།།

གཞན་འགྱུར་བཞི།
དབང་ཤེས་ནང་དུ་སྡུད་བྱེད་རྨོངས་པའི་གྲོགས།།
བཟང་ངན་སོ་སོར་མི་དགའ་འགྱོད་པའི་སེམས།
ཡུལ་ལ་རྩིང་བར་འཇུག་པའི་རྟོག་པ་བཅས།།
ཕྲ་ཞིང་ཞིབ་པར་བརྟག་པའི་དཔྱོད་པ་རྣམས།།
དགེ་སྡིག་གར་འགྲོ་རང་གི་འདུན་པར་རག།

དེ་ལྟར་སེམས་དང་སེམས་བྱུང་སྣ་ཚོགས་ཤིག།
རང་སེམས་དྭངས་གསལ་ཤེལ་གྱི་མེ་ལོང་ལས།།
ཅི་ལྟར་འཕྲོས་པའི་མྱོང་ཚོར་ལབ་བརྡོལ་ཞིག།
འཕྲལ་དུ་སྨྱུག་རྩེར་དྲངས་ཏེ་ཤར་མར་བཀོད།།

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༧ རེས་གཟའ་ཉི་མའི་དགོང་མོར་ཁ་བ་ཅན་པས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading