གངས་ཅན་ལྗོངས་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་ཆེས་ཆེར་འབར་བའི་བོད་ཀྱི་རིག་མཛོད་ཆེན་པོ་སྡེ་དགེ་པར་ཁང་ནི་སྡེ་དགེའི་ས་སྐྱོང་རིམ་པར་བྱོན་པའི་ནང་ནས་ས་སྐྱོང་བསྟན་པ་ཚེ་རིང་གི་སྐུ་དུས་སུ་རྟེན་འབྲེལ་དུ་མའི་དབང་གིས་ཐོག་མར་པར་ཁང་ཞིག་བཞེངས་རྒྱུའི་དགོངས་པ་གཏད་པ་དང་སྦྲགས་གནས་དང་རྒྱུ་ཆ་སོགས་ཚེགས་མེད་དུ་སྒྲུབ་ཐུབ་པ་བྱུང་བས་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་ཕྱི་ལོ་ ༡༧༢༩ ལོའི་ཧོར་ཟླ་ ༢པའི་ཚེས་ ༢༨ཉིན་མཁས་བཙུན་ནམ་མཁའ་དཔལ་བཟང་སོགས་ཀྱིས་ས་འདུལ་དང་བཅས་པའི་རྟེན་འབྲེལ་སྔོན་དུ་འགྲོ་བ་བྱས་ཏེ་པར་ཁང་ཆོས་མཛོད་ཆེན་པོ་བཀྲ་ཤིས་སྒོ་མང་བཀའ་འགྱུར་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་པ་གསར་སྐྲུན་མཛད། ལྷག་དོན་དུ་གནས་དེའི་ས་སློག་སྐབས་གསེར་ལུག་གི་མགོ་ཙམ་ཞིག་ཐོན་པས་ཁོང་གིས་གསེར་དེ་པར་ཁང་བཞེངས་རྒྱུའི་མ་རྟེན་འགྲོ་སོང་བྱ་རྒྱུའི་ཐུགས་ཐག་བཅད།

     ས་སྐྱོང་བསྟན་པ་ཚེ་རིང་དགུང་གྲངས་ང་གཉིས་སུ་ཕེབས་སྐབས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྐུལ་མ་ནན་ཏན་གནང་བ་ལྟར་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་རྒྱལ་བའི་བཀའ་འགྱུར་དངོས་སུ་བཞེངས་རྒྱུའི་ཐུགས་ཐག་བཅད་ནས་ཟླ་བ་བདུན་ཙམ་རིང་གྲ་སྒྲིག་ལེགས་པར་བྱས་པ་བརྒྱུད་ཕྱི་ལོ་ ༡༧༢༩ལོའི་ཧོར་ཟླ་ ༧པའི་ཚེས་ ༦ཉིན་དངོས་སུ་ལས་འགོ་བཙུགས་པ་དང་ཞྭ་དམར་བ་སྐུ་ཕྲེང་དྲུག་པ་དང་མཁས་བཙུན་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་ཕྱིང་དབར་སྟག་རྩེའི་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་ཏེ་ཕྱིས་སུ་ལི་ཐང་དུ་བཞུགས་པ་དེའི་པར་མ་གཞིར་བྱས་པའི་ཐོག་ཨ་གཉན་པའི་ཐུགས་དམ་རྟེན་གྱི་བཀའ་འགྱུར་ཤིན་ཏུ་དག་པ་དང་། ཚལ་པར་བཀའ་འགྱུར། རྒྱལ་རྩེ་ཐེམ་སྤང་མ། སྣར་ཐང་བཀའ་འགྱུར། དེ་བཞིན་དཀར་ཆག་ཕང་ཐང་མ་དང་དཀར་ཆག་ལྡན་དཀར་མ་སོགས་དཔེ་རྒྱུན་རྙིང་པ་ཁུངས་བཙན་འགའ་ཞིག་གོ་བསྡུར་བྱས་ནས་རིག་པ་སྨྲ་བའི་བློ་གསལ་བ་དུ་མས་གསར་བཞེངས་ཀྱི་དབུ་བཙུགས་ཤིང་། ཐོག་མར་པར་གཞི་འབྲི་མཁན་མང་དུ་བསགས་ནས་ཁྱུང་པོ་གཡུ་ཁྲིའི་ཡིག་འབྲུའི་ཐིག་ཚད་དང་རོང་པོ་བས་ལྷན་ཐབས་མཛད་པ་ལྟར་ཡིག་འབྲུའི་ཁྱད་ཆོས་བཞི་བཅུའི་མཚན་ཉིད་ཚང་ངེས་སྦྱོང་དུ་བཅུག་པའི་ནང་ནས་ཤིན་ཏུ་མཁས་པའི་བྲིས་པ་མི་གྲངས་དྲུག་ཅུ་རེ་ལྔས་པར་གཞི་བྲིས་པ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དབུ་མཛད་པའི་ཞུ་དག་མཁན་པོ་རྣམས་ནས་ལན་བཞི་བཞིར་བསྡུར་ཏེ་ཡོངས་སུ་དག་པར་མཛད། པར་རྐོ་བ་ཆིག་སྟོང་ཙམ་གྱི་ནང་ནས་མཁས་ཤོས་བཞི་བརྒྱ་ལྷག་ཙམ་ལ་སླ་བཅོས་དང་མགྱོགས་ཐལ་དུ་མི་ཤོར་ཆེད་མི་རེས་བརྐོ་རྒྱུའི་པར་གྲངས་གཏན་འཁེལ་གྱི་བཀའ་ཁྲིམས་བསྡམས་ནས་གཟབ་པར་བརྐོས། པར་ཤིང་དང་སྣག་ཤོག་བཟོ་མཁན་དང་། ཡིག་མཁན་དང་ཞུ་དག་པ། གཡོག་མཁན་བཅས་མི་གྲངས་བརྒྱ་ལ་ཉེ་བས་ལོ་ལྔའི་ནང་བརྩོན་པ་ཧུར་བསྐྱེད་ཀྱིས་ལེགས་པར་བསྒྲུབས་པ་དང་རབ་གནས་ཀྱི་ཆོ་ག་ལན་གྲངས་དུ་མ་བྱས་ཏེ་བཞུགས་སུ་གསོལ། དེ་མིན་འཕགས་བོད་པཎ་གྲུབ་རྣམས་ཀྱིས་བརྩམས་ཤིང་སྒྱུར་བའི་བསྟན་བཅོས་སྒྱུར་རོ་ཅོག་མཚལ་པར་པོ་ཏི་ཉི་ཤུ་ཙམ་དང་དེ་མིན་རྣམ་ཐར་མང་པོའང་གསར་བཞེངས་མཛད། ཕྱིས་ས་སྐྱོང་ཉིད་དགོངས་པ་རྫོགས་རྗེས་རིགས་སྲས་བླ་ཆེན་ཀུན་དགའ་འཕྲིན་ལས་རྒྱ་མཚོས་ཡབ་རྗེའི་མཛད་པའི་འཕྲོ་མཐུད་ནས་བསྟན་འགྱུར་གྱི་མ་ཕྱི་སྔར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་ཕོ་བྲང་དུ་ཞ་ལུ་གསེར་ཁང་གི་བསྟན་འགྱུར་ལས་མཆེད་པའི་སེར་འབྲས་སོགས་སུ་ཞུགས་པའི་ཕྱི་མོ་རྣམས་གཅིག་ཏུ་བསྡུས་པ་དང་དེར་མ་ཞུགས་པའི་གསར་སྒྱུར་མདོ་སྔགས་རིག་གནས་དཔེ་རྙིང་ཁུངས་བཙུན་གྲངས་བདུན་བརྒྱ་བརྒྱད་ཅུ་ཙམ་བསྣན་པའི་ཆོས་ཀྱི་རྣམས་གྲངས་བཞི་སྟོང་ཉིས་བརྒྱ་དགུ་བཅུ་ཙམ་བསགས་པ་རྣམས་གངས་ལྗོངས་ཀྱི་མཁས་མཆོག་རྣམས་བསྡུས་ཏེ་ནན་ཞུས་བྱས་པ་དེ་དཔེ་བྱས་པའི་ཐོག་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་དཔེ་དང་སྒ་ཨ་གཉན་དམ་པའི་རིགས་དབོན་གྱིས་བཞེངས་པའི་དཔེ། ཀརྨ་པའི་ཐུགས་དམ་རྟེན་བསྟན་པ་ཚེ་རིང་ལ་གནང་བའི་དཔེ་དང་ས་སྐྱོང་རང་ཉིད་ཀྱིས་བཞེངས་པའི་དཔེ། དེ་བཞིན་བྱམས་ཆོས་སྡེ་ལྔ་སོགས་པར་མ་ཁུངས་དག་གང་སྦྱོར་རྣམས་བསྡུས་ནས་མ་དཔེ་བྱས་པ་དང་ཞུས་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་དག་དང་ཞིབ་བསྡུར་ལན་མང་བྱས་ཏེ་ཡིད་རྟོན་རུང་བའི་དཔེ་ལ་རང་ཡུལ་དང་ས་གནས་གཞན་གྱི་བྲིས་པ་མཁས་ཅན་བརྒྱད་ཅུས་དབྱར་ངོ་གསུམ་དང་ཡང་མི་གྲངས་ཉེར་ལྔས་དབྱར་ངོ་གཉིས་བཅས་ལོ་ལྔ་ཙམ་ནས་པར་གཞི་གྲུབ་རྗེས་པར་བརྐོ་ཤིན་ཏུ་མཁས་པའི་མི་ལྔ་བརྒྱས་ལོ་ངོ་དྲུག་གི་རིང་ལེགས་གྲུབ་བྱུང་བའི་ཐོག་ཞུ་དག་ལན་བཞི་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོ་སྟེ་ཕྱི་ལོ་ ༡༧༤༢ལོའི་གནམ་ལོ་གསར་དུ་ཚེས་པའི་སྐབས་སུ་བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་གྱི་ཤིང་པར་བརྐོས་ཟིན་ནས་འཛམ་གླིང་ཐོག་འགྲན་ཟླ་དང་བྲལ་བའི་སྡེ་དགེའི་བཀའ་བསྟན་རིན་པོ་ཆེའི་གསུང་པར་ཡིད་རྟོན་ཆོག་པ་དེ་ཉིད་གྲུབ་པ་མ་ཟད་མ་ནི་བཀའ་འབུམ་དང་། རྒྱལ་རབས་གསལ་བའི་མེ་ལོང་། པདྨ་བཀའ་ཐང་སོགས་གསུང་རབ་དང་། ལོ་རྒྱུས། སྨན་གཞུང་ལ་སོགས་པ་མང་དུ་བཞེངས་ཡོད་པ་རེད།

          ས་སྐྱོང་དེས་བཀའ་བསྟན་སོགས་གསུང་འབུམ་དེ་དག་ལེགས་པར་བཞེངས་གྲུབ་རྗེས་དེ་དག་བཞུགས་སའི་གཙུག་ལག་ཁང་གཞི་ཁྱོན་ངེས་ཅན་ཞིག་བཞེངས་པར་དགོངས་ནས་ཡབ་མེས་གོང་མས་བཞེངས་པའི་པར་ཁང་གི་འགྲམ་དུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༧༤༤ལོའི་ཟླ་བ་ ༢པའི་ཚེས་ ༢༧ཉིན་སྐར་འཛིན་མཛད་དེ་བསྟན་འགྱུར་གྱི་གཙུག་ལག་ཁང་བཞེངས་རྒྱུའི་དབུ་བཙུགས་པ་དང་ཨར་པོ་བ་དང་། རྡོ་ཤིང་ལག་ཤེས་པ། ཚོན་དང་ལྡེབས་རིས་འབྲི་མཁན་དང་སྐུ་བརྙན་བཞེངས་མཁན་སོགས་མི་གྲངས་མང་དུས་སྟོང་ཕྲག་དང་ཉུང་དུས་བདུན་བརྒྱ་བརྒྱད་བརྒྱས་མི་ལོ་གཉིས་ཀྱི་རིང་ཡོངས་སུ་བཞེངས་ཐུབ་པ་བྱུང་། གཞན་ཡང་ས་སྐྱོང་བསྟན་པ་ཚེ་རིང་གི་སྲས་དབོན་ཁྲི་ཆེན་བློ་གྲོས་རྒྱ་མཚོ་དང་། བདེ་དགའ་བཟང་པོ། ཚེ་དབང་རྡོ་རྗེ་རིག་འཛིན་སོགས་མི་མུས་བརྒྱུད་དང་བཅས་པས་ཡབ་མེས་གོང་མའི་རྒྱུན་འཛིན་གྱིས་གངས་ཅན་བོད་དུ་དར་སོ་ཅོག་པའི་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་དང་། གསུང་འབུམ། རྣམ་ཐར་དང་ལོ་རྒྱུས། སྨན་རྩིས་སོགས་ཀྱི་དཔེ་ཆ་མང་པོ་པར་སྐྲུན་ཞུས་ནས་འཛམ་གླིང་ལ་གྲགས་པའི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་དེ་དག་སྐྲུན་ཞིང་། སྔོན་ཆད་དེ་ག་ནས་དཔེ་ཆ་བླུ་ཡོན་ཞུ་མཁན་གངས་ལྗོངས་ཡུལ་གྲུ་ཀུན་ཙམ་མ་ཟད་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། དེ་བཞིན་འཇར་པན་སོགས་ཡོད་པ་རེད།

      རིག་གནས་གསར་རྗེའི་རྙིང་བཞི་གཏོར་བའི་ལས་འགུལ་ཆེན་པོའི་ནང་སྡེ་དགེ་པར་ཁང་ལའང་གཏོར་སྐྱོན་གཏོང་བའི་ཉེན་ཁ་ཆེན་པོ་འཕྲད་རུང་སྐབས་དེའི་སྡེ་དགེ་རྫོང་གི་ཧྲུའུ་ཅི་དང་པོ་ཡངས་གླིང་རྡོ་རྗེས་ཉེན་ཁར་མ་འཛེམས་པར་བཀག་འགོག་བྱས་པ་མ་ཟད་ཀྲུང་དབྱང་ལ་ཡི་གེ་ཡང་ཕུལ་བས་ཀྲོའུ་ཙུང་ལིས་འཕྲལ་མར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་པོ་ནི་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་གྱིས་སྲུང་སྐྱོབ་བྱ་རྒྱུའི་བཀའ་བཏང་གནང་བས་པར་ཁང་དེ་ཉིད་ཉམས་ཆག་གིས་མ་གོས་པར་གནས་ཐུབ་པ་བྱུང་། དེ་རྗེས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཆོས་དད་རང་མོས་ཀྱི་སྲིད་ཇུས་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་ཁྱབ་རྗེས་གཞུང་སྒེར་ནས་མ་དངུལ་ཕོན་ཆེན་བཏང་ནས་དཔེ་ཆ་གསར་པ་དུ་མ་རྒྱུན་མཐུད་དུ་བརྐོས་པ་དང་གཙུག་ལག་ཁང་ཉམས་གསོ་བྱས་པ་རེད། ལྷག་དོན་དུ་ཕྱི་ལོ ༡༩༨༠1ལོའི་ཟླ་ ༧པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྡེ་དགེ་པར་ཁང་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་བརྩིས་ནས་སྒོ་བྱང་བཀལ་བ་དང་དེ་རྗེས་སྲིད་གཞུང་ནས་པར་ཁང་སྒོ་ཀུན་ནས་ཞིག་གསོ་བྱ་རྒྱུའི་ཆོག་མཆན་ཐོབ་པ་ལྟར་ཕྱི་ལོ་ ༡༩༨༨ལོའི་ཟླ་ ༡༠ཚེས་ ༣ཉིན་ཞིག་གསོ་འགོ་ཁྲིད་ཚོགས་ཆུང་གིས་དངོས་སུ་ལས་འགོ་བཙུགས་ནས་སྔར་གྱི་གཙུག་ལག་ཁང་སོར་བཞག་ཐོག་གྱང་དང་། ཀ་གདུང་། ལྡེབས་རིས་སོགས་ལ་ཕྱོགས་ཡོངས་ནས་ཉམས་གསོ་བྱས་པ་མ་ཟད། སྔར་མེད་ཀྱི་ལྡེབས་རིས་གསར་པ་མང་པོ་བྲིས་པ་དང་། གཙུག་ལག་ཁང་གི་རྒྱལ་སྒོ་དཀྱིལ་དུ་སྤོས་ནས་སྟེང་གི་སྤེན་རྒྱན་མཐོ་རུ་བཏང་བ། ཡང་སྟེང་དུ་ཟངས་གསེར་ལས་གྲུབ་པའི་གསེར་ཏོག་དང་། ཆོས་འཁོར། གསེར་བྱ་རྒྱལ་མཚན་བཅས་གསར་དུ་བཞེངས་པ་དང་སྦྲགས་ཞལ་ཐང་དང་གསུང་རབ་གསར་པ་དུ་མ་བརྐོས་ཡོད་པ་རེད། ཞིག་གསོ་ཚོགས་ཆུང་གིས་ད་དུང་པར་ཁང་གི་ཕྱི་ནང་ཚང་མར་བཀོད་པ་གཙང་ཞིང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པ་བྱེད་ཆེད་ཡང་མ་དངུལ་སྒོར་ཁྲི་གསུམ་བརྒྱ་ལྷག་བཏང་ནས་ཨར་ཀ་བཅགས་པ་དང་། རྡོ་གཅལ་བཏིང་བ། པར་ཁང་གི་ཚོན་རྩི་ཉམས་པ་ཐམས་ཅད་ཉམས་གསོ་བཅས་བྱས་ནས་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཏུ་གྱུར་བ་བྱས་ཡོད། ད་དུང་པར་ཁང་གི་དཀར་ཆག་ཞིབ་རྒྱས་པོད་ཉི་ཤུ་ལོང་བ་དེ་ཉིད་གཞན་གྱི་དཔལ་འབྱོར་གྱི་རོགས་རམ་ལ་བརྟེན་ནས་པར་སྐྲུན་ཞུ་བཞིན་ཡོད་པ་དང་འཛམ་གླིང་གི་གནའ་ཤུལ་གྲགས་ཅན་དུ་ཚུད་རྒྱུའི་ལས་དོན་སྒྲུབ་བཞིན་པ་བཅས།

སྡེ་དགེ་པར་ཁང་ནི་འཛམ་བུ་གླིང་ལ་ངོམས་སུ་ཆོག་པའི་བོད་ཀྱི་རིག་པའི་གནས་ཡོངས་སུ་རྫོགས་པའི་བང་མཛོད་ཆེན་པོ་ཞིག་ཡིན་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་པ་ཞིག་དང་བོད་མི་རིཌ་ཀྱི་སྤོབས་པ་ཞིག་དེ་བས་ཡིན་སྟབས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་པར་ཁང་དེར་འཇིག་རྟེན་མིག་འབྱེད་གསུང་རབ་སྡེ། ལེགས་ཉེས་གསལ་བའི་མེ་ལོང་ཡིན། རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། སྐྱེ་རྒུར་ཕན་པའི་སྨན་གྱི་མཚོ། སྡེ་དགེ་པར་ཁང་ཆེན་པོ་ཞེས། ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས་ཅེས་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད་པ་རེད།

སྡེ་དགེ་པར་ཁང་གི་ཤོག་བུ་བཟོ་རྩལ།

སྡེ་དགེ་པར་ཁང་དུ་ཐོན་སྐྱེད་བྱས་པའི་ཐུན་མོང་མ་ཡིན་པའི་ཤོག་བུ་དེའི་རྒྱུ་ཆ་གཙོ་བོ་ནི། ས་གནས་དེ་གའི་མི་རྣམས་ཀྱིས་ཨ་ལྕག་རེ་ལྕག་ཞེས་འབོད་པའི་རྩི་ཤིང་གི་རྩ་བ་སྟེ་སྨན་ཡིག་ཏུ་རེ་ལྕག་པ་ཞེས་པ་དེའོ། ། དབྱར་ཁར། ཨ་ལྕག་རེ་ལྕག་གི་སྡོང་པོར་ཤིན་ཏུ་མཛེས་པའི་མེ་ཏོག་དཀར་པོ་ཞིག་བཞད་དེ། མུ་མཐའ་མེད་པའི་རྩྭ་ཐང་ལ་མཛེས་རྒྱན་སྤྲས་པ་རེད། སྟོན་ཁར་སླེབས་དུས། མི་རྣམས་ཀྱིས་དེའི་རྩ་བ་བརྐོས་ཏེ་གཙང་འཁྲུད་རྒྱག་པ་དང་ལག་པས་དབྲལ་ནས་སི་སི་བཟོ་བ། ཆུར་སྙོལ་བ། རྡོ་གཏུན་དུ་རྡུང་བ། མདོང་མོར་སྲུབ་སྟེ་འབྱར་བག་ཅན་གྱི་ཆུ་གཤེར་བཟོ་བ། དེ་ནས་ཆུར་སྦང་སྟེ་གད་སྙིགས་དོར་བ། བུལ་ཏོག་འདེབས་པ་བཅས་ཀྱི་རིམ་པ་བརྒྱུད་དེ་རྙོག་འཛིང་ཆེ་བའི་ཡུལ་ཐབས་བཟོ་རྩལ་ལས་བྱུང་བ་དེ་ནི། ཀྲུང་གོ་མི་རིགས་ཀྱི་ཤོག་བཟོ་ལག་རྩལ་གྱི་འགྱུར་རྡོ་གསོན་པོ་ཞིག་ལགས། བཟོ་ཚར་བའི་བཟོས་གྲུབ་ཤོག་བུར་ད་དུང་ནན་ཏན་གྱིས་གདམ་གསེས་བྱས་ཏེ། མཐུག་སྲབ་གྲ་མཉམ་དང་ཁུང་མེད་པ་རྣམས་མཛོད་དུ་བཅུག་སྟེ་བསྟན་བཅོས་པར་བྱེད་དུ་སྤྱོད་པ་རེད། ཨ་ལྕག་རེ་ལྕག་ལ་དུག་ཅུང་ཙམ་འདྲེས་པས། ཤོག་བུ་འདི་རིགས་འབུ་སྲིན་དང་བྱི་བས་མི་ཟ་བ་མ་ཟད། ཆུ་ཐིམ་པ་དང་མཉེན་ཞིང་སྲ་བའི་རང་བཞིན་གྱི་ཡོན་ཏན་ལྡན་པས། སྡེ་དགེ་པར་ཁང་ནང་པར་སྐྲུན་བྱས་པའི་བསྟན་བཅོས་རྣམས་དུས་ཡུན་ཇི་ཙམ་འདས་ཀྱང་གནོད་སྐྱོན་གཏན་ནས་ཡོང་བ་མ་རེད།

ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading