བསྒྱུར་མཁན་མི་གསལ།

༼ཨ། ༽

ཡིན་ཚའེ་ཞའུ་ཤི་སོང་། ཁོ་མོ་མ་ཤི་གོང་སྨད་འཚོང་མ་ཞིག་ཡིན། ཡང་དག་པར་བཤད་ན། ཁོ་མོ་དགེ་རྒན་ཞིག་ཡིན། དེང་གི་ཀྲུང་གོའི་ངོ་གནོང་མི་དགོས་པའི་དགེ་རྒན་ཞིག་ཡིན། ཁོ་མོས་རང་གི་ལུས་པོ་མི་གཙང་བར་སྦགས་ཀྱང་། བྱིས་པ་ཚོའི་བླ་སྲོག་དྭངས་གཙང་དུ་བཀྲུས་ཟིན།


༼ཨི། ༽

སྨད་འཚོང་མ་ཞིག་ཤི་སོང་། བྱིས་པ་ཡོད་ཚད་ངུ་ཞོར་ཁོ་མོའི་མྱ་ངན་ཚོགས་འདུར་ཞུགས་ཤིང་། སློབ་གྲྭའི་རྒྱལ་དར་ཀྱང་ཁོ་མོའི་ཆེད་དུ་ཕྱེད་ཙམ་ཕབ་ཟིན། ད་སོ་མར་མོ་ལོ ༢༡ ལ་སོན་མ་ཐག་པའི་དགེ་རྒན་ཡག་མ་འདིའི་མྱ་ངན་ཚོགས་འདུའི་སྟེང་དུ།  སློབ་གཙོས་ཡིན་ཚའེ་ཞའུ་ཡི་ཉིན་ཐོའི་ཁ་ཕྱེས་ཤིང་། བྱིས་པ་མང་པོའི་མདུན་དུ་ངོ་གདོང་མཆི་མས་བརླན་ཞོར་ཀློག་འདོན་བྱས་བྱུང་། ཁོ་མོའི་ཉིན་ཐོ་རུ་འདི་ལྟར་འཁོད་འདུག་སྟེ།  སྨད་འཚོང་ཐེངས་གཅིག་བྱས་པས་སློབ་ཤོར་བྱིས་པ་གཅིག་ལ་རོགས་རམ་བྱེད་ཐུབ་ཅིང་། ཟུར་མོ་ལན་གཅིག་བྱས་པས་རེ་བའི་སློབ་གྲྭ་གཅིག་ཙམ་སྐྱོབ་ཐུབ………


༼ཨུ། ༽

ཡིན་ཚའེ་ཞའུ་ནི་ཀན་སུའུ་ཞིང་ཆེན་གྱི་རྫོང་ག་གེ་མོའི་ཞིང་སྡེ་ཞིག་ཏུ་སྐྱེས་ཤིང་། དབུལ་ཕོངས་ཀྱི་ས་ཆ་དེ་རུ་སྡེ་བའི་ནང་གི་བུ་མོ་ཡག་བཙོག་ཅི་རིགས་ཚང་མ་ལྷོ་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་དུ་ཞོར་ལས་སུ་སོང་ནས་སྒོར་མོ་བཙལ་བ་དང་། ལོ་སར་གྱི་སྐབས་སུ། ད་གཟོད་ཁྲ་ཁྲ་རིག་རིག་གི་གྱོན་གོས་དང་ཆེ་མ་ཆུང་གསུམ་གྱི་ཁུག་མ་དྲུད་ནས་ཕྱིར་ཡུལ་ལ་ཡོང་བར་བྱེད། ཡིན་ནའང་། ཡིན་ཚའེ་ཞའུ་མཐོ་འབྲིང་མཐར་ཕྱིན་རྗེས་ལམ་དེར་ཞུགས་མ་སོང་། ཁོ་མོ་ནི་སྡེ་བའི་ནང་གི་ཡག་མ་རྩེ་བུད་ཀྱི་གྲས་སུ་གཏོགས་པས། མི་ཚང་མས་ཁོ་མོའི་བྱ་བྱེད་དེ་ཧ་གོ་གི་མི་འདུག་པར་མ་ཟད། ཁོ་མོའི་ཨ་ཕས་ཀྱང་རང་གི་བུ་མོར་ནུས་པ་མི་འདུག་ཅེས་སྡིགས་དམོད་བྱེད་ཀྱིན་ཡོད། ཡུལ་དེའི་དམངས་སྒྲུབ་སློབ་ཆུང་ཞིག་ལ་དགེ་རྒན་མི་འདང་བས། ཁོ་མོས་རང་འགུལ་སྒོས་སློབ་གྲྭར་ཕོགས་མི་དགོས་པར་ཚབ་སྒྲུབ་དགེ་རྒན་བྱེད་ཆོག་པའི་རེ་བ་ཞུས། སློབ་འབྲིང་གི་སྐབས་སུ། ཁོ་མོའི་རྒྱུགས་འབྲས་ཧ་ཅང་ལེགས་རྐྱེན་སློབ་གྲྭའི་ཚད་འབྱེད་དཔྱད་བསྡུར་ཡོད་ཚད་ཀྱང་ཐོག་མེད་དུ་འགྲུབ་སྟེ། དམངས་སྒྲུབ་དགེ་རྒན་ངོ་མ་ཞིག་བྱེད་ཐུབ་སོང་། ཡིན་ཚའེ་ཞའུ་ཐོག་དང་པོར་སློབ་ཁང་དུ་འཛུལ་བའི་སྐད་ཅིག་མར།  བྱིས་པ་དག་འུར་ཆིལ་ལེར་གྱུར་སོང་། ཁོ་ཚོས་འདི་འདྲའི་དགེ་རྒན་ཡག་མ་ཞིག་གཏན་ནས་མཐོང་མ་མྱོང་། དེ་ནས་བཟུང་། སློབ་ཁང་དུ་བྱིས་པ་ཚོའི་དགའ་ཀྲོག་ཀྲོག་གི་དགོད་སྒྲས་ཁེངས་སོང་། མིང་གིས་སློབ་ཁང་དུ་འབོད་པ་མ་གཏོགས། དོན་དངོས་སུ།དེ་ནི་ཆར་གཞའ་རླུང་འགོག་གི་སྤྱིལ་བུ་ཞིག་ལས་མ་འདས་ཏེ། སྡོང་རྐང་གིས་གྲུབ་པའི་རྩིག་པ་དང་རྡོ་ལེབ་ཀྱིས་འཐུས་པའི་ཅོག་ཙེ་ལ་སོགས་ཆེས་ཞན་པའི་ཆ་རྐྱེན་གྱི་འོག་ནས། ཡིན་ཚའེ་ཞའུ་ཡིས་བྱིས་པ་ཚོར་རྒྱ་ཡིག་སྟོང་ཕྲག་འགའ་ཤེས་སུ་བཅུག་པ་རེད་ལ།  དེའི་ཞོར་དུ་ཁོ་ཚོར་གཤིས་བཟང་སྤྱོད་ཡག་གི་མི་ཞིག་བྱེད་པའི་གནས་ལུགས་ཀྱི་གོ་བརྡ་སྤྲད་པ་རེད།

  དགོང་མོ་ཞིག་ལ། རླུང་ཆེན་གྱིས་སྤྱིལ་བུས་གྲུབ་པའི་སློབ་ཁང་གི་ཁང་ཀླད་བཀོག་པ་དང་། སྒོ་སམ་ཡང་རླུང་གིས་ཁུར་སོང་། ཉིན་གཉིས་པར་བྱིས་པ་ཚོ་སློབ་གྲྭར་སླེབས་པ་ན། ཁོ་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་སོང་། སློབ་གཙོ་རྫོང་སློབ་གསོ་ཅུའུ་རུ་སྒོར་མོ་སློང་དུ་སོང་ཡང་འབྲས་མེད་ངང་ཕྱིར་སླེབས་བྱུང་། སློབ་གཙོ་ཕྱིར་ཡོང་ནས་ཡིན་ཚའེ་ཞའུ་ལ། སློབ་གསོ་ཅུའུ་ཀྲང་གིས་ཁྱོད་ཡོང་ན་ད་གཟོད་སྒོར་མོ་སྟེར་ཟེར་ཞེས་བཤད། སྒོ་ཕྱིར་བུད་དེ་ཐག་རིང་དུ་སོང་མ་མྱོང་ལ།  ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ཆ་རྒྱུས་དེ་འདྲ་མེད་པའི་ཡིན་ཚའེ་ཞའུ་ཡིས་དོན་དག་བརླག་འགྲོ་བར་དོགས་ནས། རྐང་ཐང་གིས་སྤྱི་ལེ ༡༠ ལྷག་ལ་སོང་མཐར་རྫོང་མཁར་དུ་སླེབས།  ཅུའུ་ཀྲང་གི་གཞུང་ལས་ཁང་ནི་རྒྱན་འཆོར་སྤུས་ལེགས་སུ་བྱས་ཡོད་པར་མ་ཟད།  གྱང་ངོས་སུ་གོས་དར་མང་པོ་བཀལ་ཡོད་ལ།  གཞུང་སྒྲུབ་ཅོག་ཙེ་ནི་ནག་ཤ་དམར་མདངས་རྒྱས་ཏེ་སྟེང་དུ་མིའི་ལྡོག་གཟུགས་ཀྱང་ཤར་འོང་། རྒྱབ་སྔས་རྐུབ་སྟེགས་ནི་ཀོ་བས་བཏུམ་ཡོད་པ་དང་།  ལྷམ་རྩི་བྱུགས་པ་ལྟར་འོད་འཕྲོ་བ་ནི་ཁོའི་ཀླད་པའི་སྤྱི་ཐེར་ལས་ཀྱང་གསལ། ཅིས་ཀྲང་གིས་ཡིན་ཚའེ་ཞའུ་མཐོང་མ་ཐག འབྲེལ་མེད་ཀྱི་ཁ་བརྡ་བྱས་ནས་ས་རུབ་ཏུ་བཅུག་ཅིང་། ས་རུབ་རྗེས། སྒོ་མོ་གཞན་ཞིག་བསྟན་ནས་ང་དང་མཉམ་དུ་སྒོར་མོ་ལེན་དུ་འགྲོ་ཟེར།

ཡིན་ཚའེ་ཞའུ་ཁང་བའི་ནང་དུ་སོང་བ་ན། ཁོ་མོས་མལ་ཁྲི་སྟོང་བ་ཞིག་ལས་ཅི་ཡང་མ་མཐོང་། མལ་ཁྲིའི་འདིའི་སྟེང་ནས་ཁོ་མོའི་ཐོག་དང་པོ་ཤོར་སོང་།  གསལ་བོར་བཤད་ན།  ཅུའུ་ཀྲང་གིས་ཁོ་མོའི་ཐོག་དང་པོ་འཕྲོག་སོང་བ་རེད།  ཉལ་གདན་སྟེང་གི་ཁྲག་ཐིགས་དེ་ནི་ཅུའུ་ཀྲང་གཞུང་ལས་ཁང་གི་གྱང་ངོས་སུ་བཀལ་བའི་རྒྱལ་དར་ལས་ཀྱང་དམར་བོ་འདུགཡིན་ནའང་། ཡིན་ཚའེ་ཞའུ་ངུས་མ་བྱུང་། རྒྱུ་མཚན་ནི་ཁོ་མོའི་མིག་ལམ་དུ་འཆར་བ་ནི་བྱིས་པ་ཚོའི་སློབ་ཁང་དུ་སློབ་ཁྲིད་ལ་ཞུགས་ཐབས་མེད་པའི་སྙིང་རྗེ་བའི་མིག་མདངས་དག་རེད། ཡིན་ཚའེ་ཞའུ་མཚན་བརྒྱབ་ནས་ཕྱིར་ཡུལ་ལ་ཡོང་བ་དང་། མི་སུར་ཡང་ཁོ་མོས་མྱང་བའི་བརྙས་བཅོས་ཀྱི་དོན་དག་དེ་གླེང་མ་བྱུང་། ཉིན་གཉིས་པར། སྡེ་མི་དག་རང་རྟོག་སྒོས་སློབ་གྲྭར་ཡོང་སྟེ། རྒྱུ་ཆ་འགའ་ཉོས་ནས་ཐབས་ཆག་གི་སློབ་ཁང་བསྐྱར་འཛུགས་བྱས་མོད། ཆར་བ་འབབ་པ་དང་རླུང་བུ་གཡུག་པའི་ཉིན་མོར་སྔར་བཞིན་སློབ་ཁྲིད་བྱེད་ཐབས་མེད་པ་རེད། ཡིན་ཚའེ་ཞའུ་ཡིས་བྱིས་པ་ཚོར་མི་འགྱངས་བར་རྫོང་ཐོག་ནས་མི་མངགས་ཏེ་ཁོ་ཚོར་སྲ་བརྟན་གྱི་སློབ་ཁང་ཞིག་འཛུགས་སྐྲུན་བྱེད་སྲིད་ཅེས་བཤད་པ་དང་། ལོ་ཕྱེད་རིང་སློབ་གཙོ་ཐེངས་བཅུ་ཁ་ཞིག་ལ་རྫོང་མཁར་དུ་རྒྱུག་མོད་སྒོར་མོ་སྐར་མ་གང་ཡང་ལག་ཏུ་མ་སོན། སློབ་གཙོ་གཅིག་པུས་ཅུའུ་ཀྲང་གིས་ཡིན་ཚའེ་ཞའུ་ལ་ཅི་ཞིག་བྱས་ཡོད་པ་ཤེས་ཡོད། འོན་ཀྱང་།  ཁོ་ལ་ཐབས་བཀོལ་ཅི་ཞིག་ཡོད་ཨང་། སློབ་སྐབས་གསར་བ་འགོ་བརྩམས་བྱུང་། བྱིས་པ་ཉུང་ངུ་ཞིག་གིས་མ་གཏོགས་སློབ་ཡོན་སྤྲོད་མ་ཐུབ་ལ།  རྒྱུན་ཆག་མེད་པར་སློབ་ཁྲིད་ལ་ཞུགས་པའི་བྱིས་པའང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། བྱིས་པ་ཚོ་རང་གི་ཕ་མར་འགྲོགས་ནས་ཕྱུགས་འཚོ་རུ་བུད་སོང་། སྐབས་འདིར། ཡིན་ཚའེ་ཞའུ་ཡི་སྙིང་ལ་ན་ཟུག་བཟོད་མེད་ཅིག་ལངས་ཤིང་། ན་ཟུག་དེ་ནི་སློབ་ཤོར་བྱིས་པ་འདི་དག་གི་ཆེད་དུ་ལངས་པ་རེད། བྱིས་པ་འདི་དག་གི་རེ་བ་ཆུ་རིས་སུ་འགྱུར་བཞིན་པའི་སྐབས་འདིར། ཡིན་ཚའེ་ཞའུ་ཡིས་རང་ཉིད་ཀྱི་གྱོན་གོས་བཤུས་ནས་གཅེར་བུར་མེ་ལོང་གི་མདུན་དུ་ལངས་ཤིང་།  སེམས་སུ་རང་ཉིད་ཀྱི་ལུས་པོ་ཡིས་བྱིས་པ་འདི་དག་གི་སློབ་གྲྭ་ཞུགས་པའི་རྨི་ལམ་ཡོངས་འགྲུབ་བྱེད་རྒྱུུ་ཐག་གིས་བཅད་པ་རེད།  ཁོ་མོས་ལྷོ་ཕྱོགས་གྲོང་ཁྱེར་ནས་རྒྱུ་ཐོག་ལ་བརྒྱབ་པའི་བུད་མེད་དག་གི་ཚོང་ལམ་ཤེས་ཡོད་ལ། དེ་ནི་སྒོར་མོ་འཚོལ་བའི་ཐབས་ལམ་ཉེ་ཤོས་དེ་ཡིན་པའང་ཤེས་ཡོད།  ཁོ་མོས་ལུས་པོར་འཁྲུས་ཤིག་བྱས་རྗེས། སློབ་གཙོར་གྱེས་ཕྱག་ཕུལ། ཨ་ཕར་གྱེས་ཕྱུག་ཕུལ། བུ་ག་བརྒྱ་དང་སྟོང་གིས་གྲུབ་པའི་སྤྱིལ་བུའི་སློབ་ཁང་ལ་གྱེས་ཕྱག་ཕུལ། ཁོ་མོས་མགོ་སྐྲ་ལན་བུ་གཉིས་སུ་སླེས་ནས་འདུ་འཛི་ཆེ་བའི་གྲོང་ཁྱེར་ཆེན་མོར་བུད་སོང་།  ཁ་གྱེས་ཁར་ཨ་ཕ་དགའ་བྱུང་མོད།  འོན་ཀྱང་སློབ་གཙོ་ངུས་བྱུང་།  འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཁྲ་ཆིལ་དགུ་ཆིལ་གྱིས་ཡིན་ཚའེ་ཞཱ་ལ་ཡིད་འགུག་གི་ནུས་པ་ཅི་ཡང་ཐོན་མ་བྱུང་སྟེ། ཁོ་མོའི་མིག་ལམ་དུ་འཆར་བ་ནི་ནམ་ཡང་ཉམ་ཐག་གིས་འགྱེལ་ལ་ཉེ་བའི་སྤྱིལ་བུའི་སློབ་ཁང་དེ་དང་བྱིས་པ་ཚོའི་རེ་སྒུག་གི་མིག་ཟུང་ཡིན་པས།  ཁོ་མོ་སྐྲ་བཞར་ཁང་ཞིག་དུ་གནས་བཅས་ཤིང་སྐྱུག་རྫོབ་ཀྱི་མལ་ཁྲི་ཞིག་ཏུ་མི་ཚེ་འདིའི་བརྙས་བཅོས་གཉིས་པ་མྱངས།ཉིན་དེར། ཁོ་མོས་ཉིན་ཐོ་འབྲི་དེབ་སྟེང་དུ་ཅུའུ་ཀྲང་ནི་འཆལ་བོ་ཞིག་ལའང་མི་དོ་ཞེས་བྲིས་ཡོད།  ཡིན་ཚའེ་ཞཱ་ནི་ལྕམ་སྲིང་གཞན་དག་དང་མི་འདྲ་བར་གྲོན་ཆུང་བསྲི་ཚགས་ཀྱི་བུ་མོ་ཞིག་ཡིན་པ་དང་། ཁོ་མོས་དུས་ནམ་ཡང་གདོང་ལ་སྐགས་ཚོས་མི་བྱུགས་ལ། ཆགས་ཉམས་དོད་པོའི་ལྭ་བའང་མི་གྱོན་པར་སྐྲ་ལོ་ལན་བུ་གཉིས་སུ་སླེས་པར་དགའ། ཡིན་ནའང་། དེ་ཙམ་གྱིས་ཁོ་མོའི་ཉོ་འཚོང་ལ་བར་ཆད་ཅི་ཡང་མ་ཐེབས་པར་མ་ཟད། ལྕམ་སྲིང་གཞན་དག་གི་དཀར་ཡོལ་ཀྱང་འཕྲོག་འགྲོ་བའི་སྐབས་འབྱུང་གིན་ཡོད། སྐབས་དེ་དག་ཏུ། ཁོ་མོས་ལྕམ་སྲིང་གཞན་གིས་གཅར་རྡུང་ཉོས་པའང་གྲངས་ལས་འདས། ཁ་རལ་སོ་ཆག་དང་མིག་སྔོན་གདོང་སྐྲང་གི་རྗེས་སུ། ཁོ་མོ་སྐྲ་གཞར་ཁང་གཞན་ཞིག་ཏུ་གནས་སྤོར་དགོས་ཤིང་། ནམ་ཀུན་གློག་འོད་གློ་དམར་དེའི་འོག་ཏུ་ཁོ་མོས་མ་འོངས་པའི་རེ་བ་མཐོང་སྲིད། ཡང་ན།  ཁོ་མོས་ནམ་ཀུན་འཆལ་བོ་དག་གི་མ་རུངས་པའི་ལོག་གཡེམ་གྱི་ངོ་གདོང་ལས་བྱིས་པ་དག་གི་དྭངས་གཙང་གི་འཛུམ་མདངས་མཐོང་ཡོང་།  ཡིན་ནའང་།  ཁོ་མོས་དེ་དག་གི་ཕྱིར་ཏུ་མིག་ཆུ་ལན་གཅིག་ཀྱང་བཏོན་མྱོང་མེད་དེ།  དེ་ནི་ཁོ་མོ་ནི་དགེ་རྒན་ཞིག་ཡིན་པས་སོ།།

   ཁོ་མོས་རང་གི་ཡོང་སྒོ་ལས་འཚོ་བའི་གྲོན་དངུལ་འཐེན་རྗེས་ཀྱི་ལྷག་མ་ཡོད་ཚད་སློབ་གཙོར་བསྐུར་ཞིང་། སློབ་གཙོས་ཡིན་ཚའེ་ཞཱ་ཡི་བསམ་དོན་ལྟར་ཁོ་མོས་བསྐུར་ཡོང་བའི་སྒོར་མོ་ཡོད་ཚད་ཀྱིས་སློབ་གསོ་སློབ་ཁྲིད་སྟེང་བཀོལ་བ་དང་། གཞན་གྱིས་སྒོར་མོའི་ཡོང་ཁུངས་རྩད་གཅོད་དུས་ཀྱང་དེ་ནི་སྤྱི་ཚོགས་ཞལ་འདེབས་ཁཡི་རོགས་དངུལ་རེད་ཅེས་བཤད།  ཡིན་ནའང་། འཇིག་རྟེན་དུ་རྟག་བརྟན་ཐེར་ཟུག་གི་གསང་བ་ཞིག་མེད་པས། ཉིན་ཞིག་ལ་སྦྲགས་ཁང་གིས་སྒོར་མོ་དེ་དག་ནི་དགེ་རྒན་ཡིན་ལགས་ཀྱིས་བསྐུར་ཡོང་བ་བསྒྲགས་པར་མ་ཟད།  ཡུལ་དེ་གའི་སྨྱན་བྱེད་ལས་ཁུངས་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོ་བཅར་འདྲི་བྱེད་བསམ་མོད།  ཁོ་མོས་རེ་རེ་བཞིན་དང་དུ་མ་བླངས།  དེ་ནི་ཁོ་མོ་སྨད་འཚོང་མ་ཞིག་ཡིན་པས་སོ།།  སྒོར་མོ་ཡོད་པ་དང་བསྟུན་ནས་སློབ་གྲྭར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སོང་།  ཟླ་དང་པོར་སྒོ་སམ་ཉོས་པ་དང་ཁང་ཀླད་ཞིག་གསོ་བྱས།  ཟླ་གཉིས་པར་ཤིང་གི་ཙོག་ཙེ་དང་རྐུབ་སྟེགས་ཉོས།  ཟླ་གསུམ་པར་བྱིས་པ་ཡོད་ཚད་ལ་སློབ་དེབ་རེགཟླ་བཞི་བར་བྱིས་པ་ཡོད་ཚད་ཀྱི་སྐེ་དཀྲིས་དམར་བོ་བཏགས།  ཟླ་ལྔ་བར་རྐང་རྗེན་དུ་སློབ་ཁྲིད་ལ་ཞུགས་པ་སློབ་མ་གཅིག་ཀྱང་མེད། ཟླ་དྲུག་པར་དགེ་རྒན་ཡིན་ལགས་ཕྱིར་སླེབས་བྱུང་།བྱིས་པ་དག་གིས་ཁོ་མོ་མཐོང་མ་ཐག  སྔ་གཞུག་རྩད་དེ་དགེ་རྒན་ཡིན་ལགས་ཕྱིར་ཕེབས་བྱུང་།  དགེ་རྒན་ཡིན་ལགས་ཅི་འདྲའི་མཛེས་པ་ལ་ཨང་ཞེས་བསྐོར་བྱུང་། བྱིས་པ་དག་གི་ལྷད་མེད་དྭངས་གཙང་གི་འཛུམ་མདངས་མཐོང་བ་ན།  ཡིན་ཚའེ་ཞའུ་ངུས་བྱུང་།  སྐབས་འདིར།  ལོ་ཕྱེད་རིང་གི་སྡུག་ཡུས་དང་མིག་ཆུ་ཡོད་ཚད་ནི་ཅི་འདྲའི་རིན་ཐང་ལྡན་པ་ཞིག་རེད་ཨང་། ཡུལ་དུ་ཉིན་འགར་བསྡད་རྗེས། དགེ་རྒན་ཡིན་ལགས་སླར་ཡང་ལམ་ལ་ཆས།  ཟླ་བདུན་པར་རྩལ་སྦྱོང་ར་བ་ཡོད་པར་གྱུར།  ཟླ་བརྒྱད་པར་གཟེབ་གྲུབ་ཡོད་པར་གྱུར། ཟླ་དགུ་བར་ཞ་སྨྱུག་གསར་བ་ཡོད་པར་གྱུར། ཟླ་བཅུ་བར་སློབ་གྲྭར་རང་ཉིད་ཀྱི་རྒྱལ་དར་ཡོད་པར་གྱུར།  ཉིན་རྒྱུན་གྱི་ཞོགས་པར་བྱིས་པ་ཚོ་རྩལ་སྦྱོར་ར་བ་ལས་རྒྱལ་དར་བསྒྲེངས་པའི་མཛད་སྒོར་ཞུགས་ཐུབ་པར་གྱུར།

    ཟླ་བཅུ་གཅིག་པར་ཁང་སའི་ཐོན་ལས་གཉེར་བའི་ཚོང་བདག་ཞིག་གིས་སྦྲུམ་འགོག་འགྱིག་ཤུབས་མ་གོན་པས། སྟབས་མ་ལེགས་པར་ཡིན་ཚའེ་ཞཱ་ལ་མངལ་སྦྲུམ་ཞིང་།བྱིས་པ་བླངས་རྗེས། དགེ་རྒན་ཡིན་ལགས་ཚོང་བ་དེའི་ཟུར་མོར་གྱུར་སོང་། ལོ་ཕྱེད་ཀྱི་རྗེས་སུ། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཁང་སའི་རིན་གོང་རྡིབ་པའི་རྐྱེན་གྱིས་ཡིན་ཚའེ་ཞའུ་འགན་གསོ་བྱས་པའི་ཚོང་བདག་དེའི་མ་རྩའང་རྡིབ་སོང་ལ། ཁོ་མོར་སྐར་མ་གང་གི་ཡོང་སྒོའང་མ་རེག  ཡིན་ཚའེ་ཞའུ་གཞི་ནས་ཐང་ཆད་ཅིང་ཕྱིར་ཕ་ཡུལ་ལ་ལོག་འདུན་སྐྱེས་བྱུང་། ཕྱིར་བྱིས་པ་ཚོའི་གམ་དུ་ལོག་འདུན་སྐྱེས་བྱུང་། འོན་ཀྱང་། ཁོ་མོའི་ཆེས་ཆེ་བའི་ཕུགས་འདུན་ནི་བྱིས་པ་ཚོར་སོ་ཕག་གི་སློབ་ཁང་ཞིག་ཕུབ་རྒྱུ་དང་། དེ་ནས་བྱིས་པ་ཚོར་གློག་ཀླད་གཉིས་ཉོ་རྒྱུ་དེ་ཡིན། ཕུགས་འདུན་འདི་ད་དུང་མངོན་འགྱུར་བྱུང་མེད་པའི་རྐྱེན་གྱིས། ཁོ་མོ་སོང་ནས་ཚོང་བདག་དེ་ལ་ཞུ་བ་མི་བྱེད་ཐབས་མེད་བྱུང་།  ཚོང་བདག་གིས་ང་ལ་སྒོར་མོ་སྐར་མ་གང་ཡང་སྟེར་རྒྱུ་མེད་མོད། ཁྱོད་ལ་ཚོང་ཆེན་པོ་ཞིག་ངོ་སྤྲོད་བྱས་ཆོག་སྟེ། ཕྱི་གླིང་བ་ཞིག་གིས་ཨ་སྒོར་སུམ་སྟོང་གིས་ཞག་མ་གཅིག་ཉོ་འདོད་འདུག་ཟེར།  ལོ་འགའི་སྔོན་གྱི་རླུང་ཆེན་དེ་དྲན་ཙམ་གྱིས་ཡིན་ཚའེ་ཞཱ་ཡིས་འདང་རྒྱག་སྤུ་ཙམ་ཡང་མེད་པར་ངལ་ཞིང་དུབ་པའི་ལུས་པོ་ཕྱི་གླིང་བ་དེའི་ཉལ་ཁྲིའི་སྟེང་བུད། ཁོ་མོས་དགོང་མོ་འདི་བསྐྱལ་རྗེས་ཅིས་ཀྱང་བྲལ་ཡུན་རིང་བའི་ཕ་ཡུལ་དུ་ལོག་རྒྱུ་སེམས་ཐག་བཅད།  བྲལ་ཡུན་རིང་བའི་སློབ་ཁྲིད་སྟེགས་བུར་འབུད་རྒྱུ་སེམས་ཐག་བཅད།  ཏག་ཏག  དགོང་མོ་དེར་ལུས་སྟོབས་དར་བའི་ཕྱི་གླིང་བ་གསུམ་གྱིས་ཁོ་མོར་རེས་མོས་སྒོས་བཙན་གཡེམ་གྱིས་བསད་སོང་།  ཡིན་ཚའེ་ཞཱ་འཆི་དུས་མོ་ལོ་ཉེར་གཅིག་གི་སྐྱེས་སྐར་བསྐྱལ་ཙམ་ཡིན། དགེ་རྒན་ཤི་སོང་།  ཁོ་མོའི་ཆེས་མཐའ་མཇུག་གི་རེ་བ་དོན་སྨིན་མ་སོང་།  དེ་ནི་བྱིས་པ་ཚོར་སོ་ཕག་གི་སློབ་ཁང་ཞིག་ཕུབ་རྒྱུ་དང་།  དེ་ནས་བྱིས་པ་ཚོར་གློག་ཀླད་གཉིས་ཉོ་རྒྱུ་དེ་ཡིན།  སྨད་འཚོང་མ་ཞིག་ཤི་སོང་།  གྲག་འགུག་ཅི་ཡང་མེད་པར་ཤི་སོང་།  ཧྲིན་ཀྲིན་གྱི་ནམ་མཁའ་སྔར་བཞིན་སྔོ་ལ།  དཔོན་རིགས་དག་གཟབ་རྒྱས་ཀྱི་གསོལ་ཚིགས་ཁྲོད་མདོ་མེད་ཀྱི་རྒྱས་སྤྲོས་ལ་རོལ་ཞིང་།  སྲང་ལམ་ན་བར་མེད་དུ་རྒྱུ་བའི་འཇེམ་འཁོར་གོང་ཆེན་དག་མིག་ལ་གཟན། ཡིད་སེམས་སྤྲོ་དགས་འཐོམ་པའི་མི་རྣམས་ཀྱིས་རྐང་འཛིན་དང་ཁང་རིན། རླངས་འཁོར། ད་དུང་གློག་བརྙན་དང་རོལ་མོ།  བརྩེ་དུང་དག་གླེང་ནས་ཁོམ་གྱི་མེད་ལ།  ལམ་འགྲམ་གྱི་དགའ་རོགས་སྒྲིག་པར་བྲེལ་བའི་གཞོན་ནུ་ཚོས་དོན་དག་ཆུང་ངུ་ཞིག་གི་ཕྱིར་དུའང་ཁྱོད་ཤི་ང་གསོན་ལ་བྲེལ་འདུག ཏག་ཏག  སྐབས་འདིར་མི་རྣམས་ཀྱིས་གཏིང་བརྗེད་དུ་གྱུར་བའི་ཀན་སུའུ་ཡི་ཞིང་གྲོང་ཆུང་ངུ་དེ་རུ།  སེམས་པ་སྐྱོ་སྡུག་གིས་ཁེངས་པའི་སློབ་མ་དང་དགེ་རྒན།  སྡེ་མི་བརྒྱ་ཕྲག་ཅིག་གིས་མྱ་ངན་ཚོགས་འདུ་ཞིག་བསྡུ་བཞིན་ཡོད།  མྱ་ངན་ཚོགས་འདུའི་སྟེང་དུ་སློབ་གཙོས་ཡིན་ཚའེ་ཞའུ་ཡི་ཉིན་ཐོའི་ཁ་ཕྱེས་ཤིང་། བྱིས་པ་མང་པོའི་མདུན་དུ་ངོ་གདོང་མཆི་མས་བརླན་ཞོར་ཀློག་འདོན་བྱས་བྱུང་།  ཁོ་མོའི་ཉིན་ཐོ་རུ་འདི་ལྟར་འཁོད་འདུག་སྟེ།  སྨད་འཚོང་ཐེངས་གཅིག་བྱས་པས་སློབ་ཤོར་བྱིས་པ་གཅིག་ལ་རོགས་རམ་བྱེད་ཐུབ་ཅིང་། ཟུར་མོ་ལན་གཅིག་བྱས་པས་རེ་བའི་སློབ་གྲྭ་གཅིག་ཙམ་སྐྱོབ་ཐུབ………རྒྱལ་དར་ཕྱེད་ཙམ་ཕབ་ཟིན། ཡང་ན། འདི་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཆེས་ཐོག་མར་སྨད་འཚོང་མ་ཞིག་གི་ཆེད་དུ་རྒྱལ་དར་ཕབ་ཐེངས་དེ་ཡིན་ངེས།


༼ཨེ། ༽

རྩོ་མ་ཡིག་འདི་འབྲི་བར་ང་རང་ཆུ་ཚོད་གཉིས་ལྷག་ལ་ངུས་པ་ཡིན། དེ་རིང་ནས་བཟུང་། ངས་སྨད་འཚོང་མ་ལ་དམའ་འབེབ་བྱེད་མི་སྲིད་དེ། ཁོ་མོ་ཚོའི་ཁྲོད་ན་ཡིན་ཚའེ་ཞྰ་ཞིག་ཡོད་པས་སོ།།  ངས་སེམས་བསམ་པའི་གཏིང་ནས་མི་ཚང་མས་རྩོམ་ཡིག་འདི་བརྒྱུད་འགོད་བྱེད་པའི་རེ་བ་བཏོན་པ་ཡིན་ཏེ། རྩོམ་ཡིག་འདི་དྲ་བའི་གླེང་སྟེགས་དང་བར་སྟོང་སོ་སོར་བརྒྱུད་འགོད་བྱས་ནས། ང་ཚོའི་ཕ་མ་ལྟ་བུའི་དཔོན་རིགས་དག་ལ་མཐོང་དུ་འཇུག་དགོས། ཁོ་ཚོ་སྟེགས་བུ་མཐོན་པོར་བུད་ནས་ཁ་སྟོང་ནང་གི་ཚིག་བཤད་དུས་སུ་དང་། ཁོ་ཚོས་ཆང་ཁ་བག་མེད་རྒྱས་སྤྲོས་ཀྱི་དུས་སུ། ཁོ་ཚོས་དབང་ཆ་སྒེར་གཅོད་ཀྱི་དུས་སུ། ཁོ་ཚོས་མཚོན་བྱེད་གསུམ་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་དུས་སུ། ངས་ནི་གུང་ཁྲན་ཏང་ཡོན་མ་ཡིན་པའི་ཡིན་ཚའེ་ཞའུ་དང་ས་མཐའ་ཡུལ་འཁོབ་ཏུ་དཀའ་སྡུག་ཁྲི་ཕྲག་མྱོང་གིན་པའི་མི་སེར་དག་དྲན་སྐུལ་བྱེད་འདོད། རྒྱུ་མཚན་ཡོད་དེ། ཡིན་ཚའེ་ཞའུ་ནི་སྨད་འཚོང་མ་ཞིག་ཡིན་ནའང་། ཁོ་མོ་ང་ཚོ་སུ་ལས་ཀྱང་ཁྱད་དུ་འཕགས་ཤིང་། ང་ཚོ་སུ་ལས་ཀྱང་རླབས་ཆེ་བ་མ་ཡིན་ནམ།


༼ཨོ། ༽

ད་ལྟ།  ཡིན་ཚའེ་ཞའུ་ཡི་མཛད་རྗེས་དྲ་ངོས་ཡོངས་སུ་ཁྱབ་འདུག་ལ། དོན་དངོས་ཀྱི་བདེན་རྫུན་ལ་སུའང་གསལ་ཆ་མེད་མོད། ངས་བསམ་ན། དེ་དག་གལ་ཆེ་བོ་མ་རེད། དེ་ནི་ང་ཚོས་བལྟས་མྱོང་བའི་ <<རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་>> དང་ <<ཆུ་ངོགས་གཏམ་རྒྱུད།>> ཡང་ན།  ཉེ་ལམ་བལྟ་བཞིན་པའི་ <<རལ་གྲི་ངར་མ་>> དང་<<ཐོལ་རྒོལ་དམག་དཔུང་>> དང་འདྲ་བར།  ང་ཚོའི་མི་རིགས་འདིར་མཁོ་བ་ནི་འདི་དང་འདི་ལྟ་བུའི་སྙིང་སྟོབས་ལས།  རྩོམ་རིག་བརྩམས་ཆོས་སམ་གློག་བརྙན་བརྩམས་ཆོས་གང་རུང་གི་བདེན་རྫུན་རྩོད་རྒྱུ་དེ་མ་རེད། མི་ལ་ལས་ང་ལ་འདི་ལྟར་དྲིས་མྱོང་སྟེ། དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་སྤེལ་པར་བརྟེན། ང་ཚོའི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་དང་ང་ཚོའི་སྤྱི་ཚོགས་སྟེང་གི་མུན་ནག་བསྒྱུར་ཐུབ་བམ།  དེ་ལ་ངས་མཐའ་གཅིག་ཏུ་བསྒྱུར་མི་ཐུབ་ཅེས་ལན་གདབ་ངེས།  རྩོམ་ཡིག་གིས་སྤྱི་ཚོགས་སྟེང་གི་མུན་ནག་གི་སྣང་ཚུལ་དེ་དག་རྩ་བ་ནས་འདོན་ཐུབ་པ་མ་རེད། ཡིན་ནའང་། རྩོམ་ཡིག་རེ་རེ་ནི་སྒྲོན་མེ་རེ་རེ་དང་འདྲ་བར་ང་ཚོའི་ཉེ་འགྲམ་གྱི་མུན་ནག་དག་ཇེ་གསལ་དུ་གཏོང་ཐུབ་པར་ང་རང་ཡིད་ཆེས་གཏན་པོ་ཡོད།  དེར་མ་ཟད། ངས་ནི་མི་རེ་རེའི་ནང་སེམས་ནི་སྒེའུ་ཁུང་རེ་རེ་སྟེ།  སྒེའུ་ཁུང་ཕྱེས་པ་ཙམ་གྱིས་འོད་སྣང་གིས་ནང་སེམས་ཁེངས་པར་ཡིད་ཆེས་གཏན་པོ་ཡོད།  ངས་ནི་དཔལ་ཡོན་ནི་ང་ཚོ་དང་ཁ་ཐག་ཧ་ཅང་ཉེ་སྟེ།  ལག་པ་བསྲིངས་ཙམ་ཀྱང་ཐོག་རེག་ནུས་པར་ཡིད་ཆེས་གཏན་པོ་ཡོད།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading